༄༅།།བོད་སྨན་གྱི་ནུས་པ་ལ་ཅུང་ཟད་དཔྱད་པ།
2016年06月28日   来源:阿坝《藏学研究选编》   

སྐལ་ཁོ།
 
【ནང་དོན་གནད་བསྡུས】འདིར་བརྗོད་ཀྱི་ནང་དོན་གཙོ་བོ་ནི། བོད་ཀྱི་སྨན་རྫས་རིག་པའི་སྙིང་བོའི་བཅུད་ལྟ་བུ་སྟེ། སྨན་གྱི་ནུས་པ་ཞེས་པའི་དོན་གསལ་བཤད་བྱས་པ་ཞིག་ཡིན། སྨན་གྱི་ནུས་པ་ནི་འབྱུང་བ་ལ་བརྟེན་པ་དང་། འབྱུང་བ་དེ་དག་གི་བྱེད་ལས་ཀྱི་ཁྱད་པར་ལས་སྨན་གྱི་རོ་དང་ཡོན་ཏན་སོགས་ཀྱི་མཐུ་ནུས་ལ་འགྱུར་ལྡོག་ཆེན་པོ་བྱུང་གི་ཡོད་པ་དང་། དེ་དག་གིས་ནད་ཚ་གྲང་སོགས་འཇོམས་པའི་གཉེན་པོར་འགྲོ་ཚུལ་གྱི་གནས་ལུགས་གསལ་བོར་མཚོན་ཡོད།
【བརྡ་ཆད་གཙོ་བོ】འབྱུང་བ།  སྨན་གྱི་རོ།  ཞུ་རྗེས།  ཡོན་ཏན།  ནུས་པ།
 
སྨན་གྱི་ནུས་པ་ཞེས་པའི་ཐ་སྙད།
སྤྱིར་སྨན་ཞེས་པ་ནི་ནད་དང་ལུས་ཟུངས་གསོ་བའི་ནུས་པ་དང་ལྡན་པའི་རྫས་ཀྱི་སྤྱི་མིང་ལ་བྱ་ཡང་། དོན་གྱི་ཐོག་ནས་སྨན་ཞེས་པའི་སྒྲ་འདི་ལ་འཇུག་ཚུལ་མི་འདྲ་བ་བརྒྱད་ཡོད་ཅེས་བསྟན་པ་སྟེ། གསོ་བ་ཕན་པ་གནོད་སེལ་དང་། །སྦྱོར་བ་སྨན་དང་རྩི་དང་ནི། །ཞི་བར་བྱེད་དང་སྔགས་བྱས་ཏེ། །དེ་དག་སྨན་མིང་རྣམ་གྲངས་ཡིན། །ཞེས་པར་གཞིགས་ན། དོན་གཅིག་མིང་གི་རྣམ་གྲངས་སུ་གོ་སླ་ཞིང་། དེས་ན་སྨན་ཞེས་པ་འདི་འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཞིག་ཡིན་པ་ལས། ང་ཚོས་བེད་སྤྱོད་མ་བཏང་བའི་སྔ་རོལ་གྱི་སྨན་གྱི་ཐ་སྙད་སྦྱར་སའི་དངོས་རྫས་རང་ཉིད་དེ་ཕན་ཞིང་ནད་སེལ་བ་ཞིག་གང་ཡང་མིན་པས་སྨན་དངོས་མ་ཡིན་པ་རྟོགས་སླ། འོ་ན་ཁྱོད་ཀྱིས་སྨན་གྱི་ངོ་བོ་ལ་ཅི་འཇོག་ཅེས་དྲི་ན། རང་གི་དགེ་རྒན་བཀའ་དྲིན་ཅན་གང་དེས། རྫས་གང་ཞིག་ནད་སེལ་བའི་ནུས་པ་མཆོག་དང་ལྡན་པ་དེ་སྨན་གྱི་ངོ་བོར་འདོད། ཅེས་གསུངས། ཞེས་ལན་འདེབས་ངེས། དེས་ན་ཁྱོད་ཀྱི་དགེ་རྒན་གྱིས་འདོད་པའི་སྨན་གྱི་ངོ་བོ་རྫས་ཉིད་ལ་བཤད་པ་མ་ཡིན་ཏེ། རྫས་གང་ཡང་ལུས་ལ་བསྟེན་པའི་ཚེ་ནད་སེལ་བའི་ནུས་པ་མཆོག་དང་ལྡན་པ་ལ་དགོངས་པ་ཡིན་གྱི། ལུས་ལ་མ་བསྟེན་པས་ནད་སེལ་བའི་ནུས་པ་དེ་དག་འབྱུང་བའི་ལུང་མེད་པའོ༎ དེ་ལྟར་རྗེ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ཀྱང་། སྨན་ནི། རྫས་གང་ཞིག་ནད་སེལ་བའི་མཆོག་ཏུ་གྱུར་ཅིང་ཁོང་དུ་བཏང་བའི་ཚེ་སྲོག་ལ་ཕན་པ་དེ་ནི་སྨན་ཞེས་བྱའོ༎ ཞེས་གསུངས་པ་དང་དགོངས་པ་གཅིག་འདྲེས་སུ་གྱུར་པར་སྙམ།
དེ་ཡང་སྨན་ནི་ཕན་པའི་དོན་དུ་གསུངས་པ་ལ། བདག་གི་དགེ་རྒན་བཀའ་དྲིན་ཅན་གྱིས། སྨན་ནི་ཕན་པའི་དོན་ཏེ། ཁོང་དུ་བཏང་བས་ཟུག་རྔུ་ལ་ཕན་པར་བྱེད་པས་ན་སྨན་ཞེས་སོ༎ ཞེས་སྨན་གྱི་ངེས་ཚིག་ཏུ་གསུངས་ཤིང་། ཡང་སྐྱེམས་འགྲེལ་ལས། སྨན་ཞེས་ཕན་པའི་དོན་ཏེ། འབྲས་བུའི་མིང་རྒྱུ་ལ་བཏགས་པའོ༎ ཞེས་གསུངས་སོ༎ སྨན་གྱི་ནུས་པ་ལའང་དོན་གྱི་སྒོ་ནས་མཐུ་དང་། སྟོབས། རྩལ། ཤུགས། ཡོན་ཏན་སོགས་ལ་འཇུག་པ་ཡོད་དེ། དཔེར་ན། མིའི་མཐུ་སྟོབས་དང་རྩལ་ཤུགས་ལ་མིའི་ནུས་པ་ཞེས་པ་ལྟ་བུ་དང་། ཡང་ན་སྨན་གྱི་ནུས་པ། སེམས་ཀྱི་ནུས་པ། ངག་གི་ནུས་པ་ལྟ་བུ་ཡང་ཡོད། གཞན་ཡང་ཐུབ་པ་དང་ཕོད་པ་སོགས་ལའང་འཇུག་སྟེ། དཔེར་ན། བསམ་ནུས་པ། ཤོད་ནུས་པ། བྱེད་ནུས་པ་སོགས་ལྟ་བུ་ནི་སྤྱིར་བཏང་དང་། འདིར་སྨན་གྱི་ནུས་པ་དམིགས་ཀྱིས་བརྗོད་པ་ཡིན་ན། རང་གི་དགེ་རྒན་བཀའ་དྲིན་ཅན་གྱིས། རོ་དྲུག་ལ་ཡོད་པའི་ལྕི་སྣུམ་བསིལ་རྟུལ་སོགས་ཀྱིས་དོན་བྱེད་པ་དེ་ནི་སྨན་གྱི་ནུས་པའོ༎ ཞེས་གསུངས་པ་ལྟར་འབྱུང་བ་ལྔའི་སྟོབས་ལས་བྱུང་བའི་སྨན་ཐམས་ཅད་ཀྱི་ཁམས་ལ་ཡོད་པའི་ལྕི་སྣུམ་སོགས་ནུས་པའི་བྱེ་བྲག་བརྒྱད་དུ་གནས་པ་དེ་ལ་གོ་དགོས་ཤིང་། དེ་དག་ལས་ཀྱང་ནུས་པ་ལྕི་བ། སྣུམ་པ། བསིལ་བ། རྟུལ་བ་རྣམས་ནི་རྩ་བའི་ནུས་པ་བཞི་དང་། དེ་ལས་གོ་ལྡོག་པ་སྟེ་ནུས་པ་ཡང་བ་དང་། རྩུབ་པ། ཚ་བ། རྣོ་བ་རྣམས་ལ་ཡན་ལག་གི་ནུས་པ་བཞི་ཞེས་བསྟན་ཏེ། ནུས་པ་ལྕི་བ་དང་། སྣུམ་པ་གཉིས་ཀྱིས་རླུང་གི་ནད་སེལ་བ་དང་། ནུས་པ་བསིལ་བ་དང་། རྟུལ་བ་གཉིས་ཀྱིས་མཁྲིས་པའི་ནད་སེལ་བ་དང་། ཡན་ལག་གི་ནུས་པ་ཞེས་ཡང་བ་དང་། རྩུབ་པ། ཚ་བ། རྣོ་བ་བཞི་ཡིས་བད་ཀན་གྱི་ནད་སེལ་བར་བྱེད་ནུས་པས་ན་དེ་དག་གི་མིང་ལ་ཡང་ནུས་པ་ཞེས་བཏགས་པ་ནི་གདོན་མི་ཟའོ༎ དེ་ལྟ་བུའི་སྨན་གྱི་ནུས་པ་ལ་འབྱུང་བའི་ནུས་པ་དང་ངོ་བོའི་ནུས་པ་ཞེས་རྣམ་པ་གཉིས་ཀྱི་སྒོ་ནས་འཆད་པར་བྱའོ༎
དང་བོ།  འབྱུང་བའི་ནུས་པ།
འབྱུང་བའི་ནུས་པ་འཆད་སྐབས་སུའང་སྨན་གྱི་རོ་དང་། ཞུ་རྗེས། ཡོན་ཏན། ནུས་པ། སྨན་གྱི་སྟོབས་ཞེས་ནང་གསེས་ལྔའི་སྒོ་ནས་རིམ་པར་བཤད་པ་ལ།
གཅིག  སྨན་གྱི་རོ།
སྐབས་འདིར་གླེང་བའི་སྨན་གྱི་རོ་ཞེས་པ་ནི། གཙོ་བོ་འབྱུང་བ་ལྔ་ལ་བརྟེན་ནས་འབྱུང་དགོས་པ་ཞིག་ཡིན་པས། ཐོག་མར་དེའི་གནས་ཚུལ་ཤེས་པར་བྱ་དགོས་ཏེ། དཔེར་ན། ཆུ་འགོ་ནས་དྭངས་ན་ཆུ་རྔ་དྭངས། །ཆུ་འགོ་ནས་སྙོགས་ན་དྭངས་མེད་ཡིན། །ཞེས་པའི་དཔེ་ལྟར། ཐོག་མར་རོ་ནུས་དེ་དག་འབྱུང་བའི་ཁུངས་ལེགས་པར་ངེས་དགོས་ན། དང་བོ་སྲིད་པ་འཇིག་རྟེན་གྱི་ཁམས་ཞེས་པ་འདི་ལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཞེས་པ་གཉིས་སུ་ཕྱེ་བ་གང་ཡང་འབྱུང་བ་ཆེན་པོ་ལྔ་ལ་མ་བརྟེན་པའམ། དེ་དག་གིས་མ་བསྐྱེད་པ་གཅིག་ཀྱང་མེད་པ་མ་ཟད། ཡོད་ཚད་མཐའ་དག་ལ་འབྱུང་བ་ལྔ་གས་ཐུན་མོང་དུ་ཁ་ལོ་བསྒྱུར་ཞིང་། དེའི་རང་བཞིན་ཅན་དུ་གནས་པ་ཁོ་ནར་འདོད་དགོས་པ་ཡིན། ལྟ་བ་འདི་ནི། བོད་རང་གི་རིག་པའི་གཞུང་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཁོ་ན་ཡིན་པས་ན། འདིར་གསོ་བ་རིག་པའི་གཞུང་ལུགས་སུའང་གཅིག་མཐུན་དུ་གསུངས་པ་སྟེ། གང་གི་དོན་དུ་གསོ་བ་ལུས་དང་། གང་གསོ་བར་བྱ་བ་ནད་དང་། གང་གིས་གསོ་བར་བྱེད་པའི་གཉེན་པོའི་སྨན་ལ་སོགས་པ་མཐའ་དག་འབྱུང་བ་ལྔས་བསྐྱེད་ཅིང་། འབྱུང་བ་ལྔའི་རང་བཞིན་ཅན་དུ་གནས་པ་ནི་བསྙོན་དུ་མེད་ཅིང་དེ་དག་གི་གནས་ཚུལ་མཐའ་དག་ཐོག་མར་ཤེས་དགོས་པའོ༎ རྒྱུད་བཞིའི་ཡོངས་གཏད་ལས་ཀྱང་། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པའི་ཕྱིར་རོ༎
དེ་ཡང་སྐྱེ་དངོས་དང་། གཏེར་དངོས། སྲོག་ཆགས་ཀྱི་དངོས་པོའི་སྨན་གང་དང་གང་ཡིན་ནའང་འབྱུང་བ་ལྔ་མཉམ་དུ་ཚོགས་པ་ལས་གྲུབ་པ་འབའ་ཞིག་ཏུ་གནས་པ་དང་། འབྱུང་བ་ལྔ་བོ་དེ་ལས་སྣ་གཅིག་མ་ཚང་ནའང་རྫས་དེ་ཉིད་འགྲུབ་ཐབས་གཏན་ནས་མེད་ལ། བཤད་པ་སྐུའི་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཅེས་གསུངས་པ་ལས་ཤེས་པར་འགྱུར་རོ༎ འོན་ཀྱང་སྨན་རྫས་རེ་རེའི་ཆ་ལ་གནས་པའི་འབྱུང་བའི་འདུས་ཚད་དེ་མི་འདྲ་བ་མང་དུ་འདུག་པའི་རྒྱུ་མཚན་གྱིས། རྫས་དེ་དག་གི་དྲི་རོ་རང་བཞིན་ཁ་དོག་དབྱིབས་ལ་སོགས་པ་མི་འདྲ་བ་སྣ་ཚོགས་སུ་འབྱུང་གིན་ཡོད་པ་རེད། ཡང་དེ་ཉིད་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་སྐྱོད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ཞེས་བསྟན་པ་ལྟར། སྨན་རྣམས་ཀྱི་ས་བོན་དེར་ས་ཡིས་གཞི་རྟེན་བྱས་ལ་ཆུས་རླན་ཞིང་། མེ་ཡིས་དྲོད་སྐྱེད་ཅིང་རླུང་གིས་བསྐྱོད་ལ་གཡོ་བར་བྱས་ཏེ་ནམ་མཁས་ཆེར་འཕེལ་བའི་གོ་སྐབས་ཕྱེ་བ་བཅས་ནི་ཀུན་ལ་ཁྱབ་ཀྱང་། ས་བོན་ཉིད་ཀྱི་རང་བཞིན་(ས་བོན་གྱི་རང་ཆས་སུ་མཆིས་པའི་འབྱུང་བའི་ཆ་ཕྲ་མོ་ལ་གོ་དགོས་) གྱི་ཁྱད་པར་དང་། འབྱུང་བ་ཕན་ཚུན་ཤས་ཆེ་ཆུང་གི་དབང་གིས་རོ་གཅིག་ཁོ་ན་མ་ངེས་ཏེ། ཇི་ལྟར་ཞེ་ན། འབྱུང་བ་ས་དང་ཆུ་གཉིས་འདྲེན་སྟོབས་ཤས་ཆེ་བའི་སྨན་རྫས་མཐའ་དག་གི་རོ་མངར་བ་ཡིན་པ་དང་། དེ་བཞིན་མེ་ས་གཉིས་ཀྱི་རོ་སྐྱུར་བ་དང་། ཆུ་མེ་གཉིས་ལན་ཚྭ་བ་དང་། ཆུ་རླུང་གཉིས་ཁ་བ་དང་། མེ་རླུང་གཉིས་ཚ་བ་དང་། ས་རླུང་གཉིས་བསྐ་བ་སྟེ་རྩ་བའི་རོ་དྲུག་བྱུང་ཞིང་། འབྱུང་བ་གསུམ་འདྲེས་བཞི་འདྲེས་ཀྱི་དབང་གིས་རོ་ཡང་འདྲེས་མ་འབྱུང་བ་ཡིན་པར་རིག་པས་འགྲེས་པར་བྱའོ༎
སྤྱིར་རོ་ཞེས་པ་ནི། ལྕེ་ཤེས་ཀྱི་མྱོང་བྱ་ཞིག་སྟེ། གསོ་རིག་ཀུན་འདུས་ལས། ལྕེའི་དབང་ཤེས་དང་འཕྲད་པའི་ཚེ་དེའི་བྲོ་བ་གསལ་བར་འགྱུར་བས་ན་རོ་ཞེས་བྱ། ཞེས་དང་། ལྕེ་ཤེས་ཀྱི་མྱོང་བྱ་རོའི་མཚན་ཉིད་ཅེས་གསལ་བ་ལྟར་ཡིན། དེ་ཡང་མངར་བ་ནི་མྱང་ཚེ་ཁ་ལ་ཡུན་རིང་དུ་ཆགས་ཤིང་ཞིམ་པས་སླར་བསྟེན་འདོད་ཀྱི་སྲེད་པ་སྐྱེ་བ་དང་། སྐྱུར་བ་ནི་ཁར་ཟོས་ཚེ་སོ་རྩེད་ཅིང་བྱད་བཞིན་གཉེར་ལ་སྡུད་པ་དང་ཁ་ཆུ་འཛག་པ་འོང་། ལན་ཚྭའི་རོ་མྱང་ན་ལྕེ་ཅུང་ཟད་ཚ་ལ་མཆིལ་མ་འདུ་བར་བྱེད། ཁ་བས་ནི་ཁ་ནང་གི་དྲི་མ་མཐའ་དག་སྦྱོང་ཞིང་ཏིག་པས་ཡི་ག་ལྡོག་པར་བྱེད། ཚ་བའི་རོ་ཟོས་འཕྲལ་ཁ་ལྕེ་བསྲེག་ཅིང་མིག་ཆུ་སོགས་ཀྱང་འཛག་པར་འོང་། བསྐ་བའི་ཟས་ཟོས་པས་ལྕེ་རྐན་ལ་ཡུན་རིང་དུ་ཆགས་ཏེ་རྩུབ་སྙམ་བྱེད་པ་བཅས་ཡིན་ནོ༎ རོ་དྲུག་པོ་དེ་དག་ལ་ལུས་འཚོ་ཞིང་སྟོབས་སྐྱེད་པའི་ནུས་པ་དང་ལྡན་པ་ཡིན་ཏེ། དེའང་གོ་རིམ་ལྟར་འཚོ་བར་བྱེད་ཅིང་སྟོབས་ཆེ་བར་བཤད་པས་བསྐ་བ་ལས་ཚ་བ་འཚོ་བྱེད་ཀྱི་སྟོབས་ཆེ། ཚ་བ་ལས་ཀྱང་ཁ་བ་སྟོབས་ཆེ། ཁ་བ་ལས་ཀྱང་ལན་ཚྭ་སྟོབས་ཆེ། ལན་ཚྭ་ལས་ཀྱང་སྐྱུར་བ་སྟོབས་ཆེ། སྐྱུར་བ་ལས་ཀྱང་མངར་བ་སྟོབས་ཆེ་ཞེས་གོང་མའི་གོང་མ་སྟོབས་ཆེ་བ་ཡིན། རོ་ལ་ནད་སེལ་བའི་ནུས་པ་དང་ལྡན་པ་སྟེ། མངར་བ་དང་། སྐྱུར་བ། ལན་ཚྭ་བ། ཚ་བ་བཞིས་རླུང་འཇོམས་ཤིང་། ཁ་བ་དང་། མངར་བ། བསྐ་བ་གསུམ་གྱིས་མཁྲིས་པ་འཇོམས་ལ། ཚ་བ་དང་། སྐྱུར་བ། ལན་ཚྭ་གསུམ་གྱིས་བད་ཀན་གྱི་ནད་སེལ་བར་བྱེད་པ་ནི་སྤྱིར་བཏང་དང་། བྱེ་བྲག་རོ་སོ་སོའི་ནུས་པ་ནི།
༡.མངར་བས་ལུས་ཁམས་ལ་ལྷག་པར་དུ་འཕྲོད་ཅིང་ལུས་ཟུངས་དང་སྟོབས་སྐྱེད་པ་དང་། རྒས་པ་དང་། ཤ་སྐེམ་པོ། གྲེ་བ་འགགས་པ། གློ་རྡོལ་གྱི་ནད་བཅས་ལ་ཕན་ཞིང་། ལུས་བརྟས་པ་དང་རྨ་འབྱོར་ཞིང་མྱུར་དུ་འཚོ་བར་བྱེད། ལུས་ལ་བཀྲག་མདངས་ལྡན་ཞིང་དབང་བོ་ཀུན་གསལ་བར་བྱེད་པ། ཚེ་རིང་ཞིང་ཁམས་འཚོ་བར་བྱེད་པ་མ་ཟད། ད་དུང་དུག་ལས་གྱུར་པའི་ནད་དང་རླུང་དང་མཁྲིས་པའི་ནད་རིགས་ཀུན་སེལ་ནུས་པ་ཡིན། འོན་ཀྱང་མངར་བ་དེ་ཉིད་ཧ་ཅང་བསྟེན་དྲགས་ན་བད་ཀན་དང་ཚིལ་བུ་སྐྱེད་ཅིང་མེ་དྲོད་ཉམས་པ་དང་། གཅིན་ནད་དང་ལྦ་བ་རྨེན་བུ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ༎
༢.སྐྱུར་བ་ཡིས་ལུས་ལ་དྲོད་སྐྱེད་ཅིང་ཡི་ག་འབྱེད་པ་དང་། ཡིད་ཚིམ་ལ་ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང་། བད་ཀན་ལ་སོགས་པའི་སྙིགས་མ་རྣམས་གཅོད་ཅིང་ཟས་འཇུ་ལ་སྨིན་པར་བྱེད་པ། རླུང་འགགས་ནས་གྱེན་དུ་འཁྱིལ་བ་རྣམས་བདེ་བར་རྒྱུ་ལ། དེ་ཉིད་ཧ་ཅང་བསྟེན་དྲགས་ན་ཁྲག་མཁྲིས་སྐྱེད་ཅིང་ལུས་ངལ་བ་དང་། མགོ་ཡུ་འཁོར་ཞིང་མིག་རབ་རིབ་ཏུ་འགྱུར་བ་དང་། འོར་སྐྱ་རྦབ་མེ་དབལ་གཡན་པ་དང་། ཁྲག་མཁྲིས་ལས་གྱུར་པའི་འབྲུམ་ཐོར་འབྱུང་བ། གཞན་ཡང་སྐོམ་ནད་དང་རིམས་ནད་བཅས་ཀྱང་སྐྱེད་པར་བྱེད་དོ༎
༣.ལན་ཚྭ་བ་ཡིས་ལུས་སྲ་བར་གྱུར་ནས་བརྟན་པ་དང་། ཡན་ལག་རེངས་ཤིང་། བཤང་བ་དང་རླུང་འཁྱིལ་བ་གསོ་ཞིང་། རྩ་སྦུབས་འགགས་པ་རྣམས་ཕྱིར་འབྱིན་པ། ལན་ཚྭ་བསྲོས་པའི་དུགས་ཀྱིས་རྔུལ་འབྱིན་པ། མེ་དྲོད་སྐྱེད་ཅིང་ཡི་ག་འབྱེད་པ་དང་། དེ་ཡང་བསྟེན་དྲགས་ན་སྐྲ་དང་བ་སྤུ་བྱི་ཞིང་སྐྲ་དཀར་བོར་འགྱུར་ལ་གཉེར་མ་ཇེ་མང་དུ་འགྲོ་བ། ལུས་ཟུངས་ཀྱི་སྟོབས་འབྲི་བ་དང་། སྐོམ་དད་དང་། མཛེ་མེ་དབལ། ཁྲག་དང་མཁྲིས་པའི་ནད་ལ་སོགས་པ་སྐྱེད་པར་བྱེད་པའོ༎
༤.རོ་ཁ་བ་ཡིས་ཡི་ག་འཆུས་པ་དང་། སྲིན་གྱི་ནད་དང་སྐོམ་ནད། དུག་དང་མཛེ་ནད། དྲན་མེད་དུ་བརྒྱལ་བ། རིམས་ནད་སྐྱུག་ནད་མཁྲིས་ནད་རྣམས་འཇོམས་ཤིང་། ཧ་ཅང་འཚོ་ཆེས་པ་དང་། ཚིལ་ཞག་དང་རྐང་མར་འཕེལ་བ་གསོ་ཞིང་། བཤང་གཅི་རྣམས་སྐེམ་པ་དང་། ལུས་ཀྱི་ལས་དང་བྱ་བ་གང་ལའང་རྗེས་སུ་འཇུག་ནུས་པ། བློ་གྲོས་ཀྱི་རིག་པ་རྣོ་བར་བྱེད་པ། ནུ་མའི་ནད་དང་སྐད་འགགས་སོགས་ཀྱི་ནད་སེལ་བར་བྱེད་ཅིང་། དེ་ཉིད་བསྟེན་དྲགས་ན་ལུས་ཟུངས་ཟད་ཅིང་རླུང་དང་བད་ཀན་སོགས་སྐྱེད་པར་བྱེད་དོ༎
༥.རོ་ཚ་བ་ཡིས་མཛེ་ནད་དང་། ལྐོག་ནད་གག་པ་འོར་ནད་ལ་སོགས་སེལ་ཞིང་། ལྷན་སྐྱེས་དང་གློ་བུར་གྱི་རྨའི་རིགས་རྣམས་འཇིག་པར་བྱེད་ཅིང་། ཕོ་བའི་མེ་དྲོད་ལ་སོགས་པ་ལུས་ཀྱི་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བར་བྱེད་པ། དང་ག་འབྱེད་ཅིང་ཚིལ་དང་འདྲུལ་བག་སྟེ་རུལ་བའི་ཆ་རྣམས་སྐེམ་ལ། ཐུར་དུ་སྦྱོང་ཞིང་རྩ་སྦུབས་འབྱེད་པར་བྱེད་པ་ཡིན། དེ་ཡང་ཧ་ཅང་བསྟེན་དྲགས་ན་ཁུ་བ་དང་ལུས་ཀྱི་སྟོབས་ཟད་ནས་ལུས་འཁུམས་ཤིང་འདར་བ་དང་། དྲན་མེད་དུ་བརྒྱལ་ཞིང་སྐེད་པ་དང་རོ་རྒྱབ་ལ་སོགས་པ་ན་བར་བྱེད་པའོ༎
༦.རོ་བསྐ་བ་ཡིས་ཁྲག་མཁྲིས་དང་ཚིལ་བུ། ལུས་འདྲུལ་བག་ཅན་རྣམས་སྐེམ་པར་བྱེད་ཅིང་། རྨའི་རིགས་རྣམས་འཚོ་ཞིང་ལུས་བསིལ་བ། པགས་པའི་མདོག་དང་གཟི་མདངས་རྒྱས་ཤིང་དྭངས་པར་བྱེད་པ་ཡིན་ལ། དེ་ཉིད་ཧ་ཅང་བསྟེན་དྲགས་ན་ཕོ་བའི་ནང་སུལ་ལ་བེ་སྣབས་འཁྱིལ་བ་དང་། ལྟོ་བ་སྦོ་ལ་བཤང་བ་སྲི་བ་དང་སྙིང་གི་ནད་རྣམས་སྐྱེད་ཅིང་དྭངས་མ་ལ་སོགས་པ་སྐེམ་པ་དང་། བུ་གའི་ལམ་དང་རྩ་སྒོ་རྣམས་འགེག་པར་བྱེད་པ་ཡིན་ནོ༎
གཉིས།  ཞུ་རྗེས།
ཞུ་རྗེས་ཞེས་པ་ནི། ཟས་སྐོམ་སྨན་ལ་སོགས་པའི་རོ་གང་ཡང་ཕོ་བའི་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཕྱེ་བ་ལས་ཁྱད་པར་དུ་སྨིན་པའི་ཆ་དེ་ལ་གོ་དགོས་ཞེས་རང་གི་དགེ་རྒན་རིན་པོ་ཆེས་གསུངས། ཞུ་རྗེས་ལའང་གསུམ་སྟེ་གཡུ་ཐོག་དགོངས་རྒྱན་ལས། རོ་དྲུག་ཏུ་གཏོགས་པའི་རྫས་གང་ཁོང་དུ་བསྟེན་པ་རྣམས་ཕོ་བའི་མེ་དྲོད་ཀྱིས་མྱག་བཞུ་བྱས་ཚར་བའི་རྗེས་སུ་སྔར་གྱི་རོའི་ངོ་བོ་དེ་འགྱུར་བ་ལས་བྱུང་བའི་མངར་བ་དང་། སྐྱུར་བ། ཁ་བ་གསུམ་གྱི་མིང་སྟེ་ཞེས་བསྟན་པ་དང་། བཤད་པ་སྐུའི་རྒྱུད་ལས། ཞུ་རྗེས་ཕོ་བའི་མེ་དང་འཕྲད་པའི་ཚེ། །བད་མཁྲིས་རླུང་གིས་རིམ་པར་ཞུ་བ་ལས། །མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། །ཞེས་གསུངས་པ་ལྟར་རྩ་བའི་རོ་རྣམས་ལས་མངར་བ་དང་ལན་ཚྭ་བའི་ཞུ་རྗེས་མངར་བར་ཞུ་བ་དང་། སྐྱུར་བ་རོ་མཚུངས་ཞེས་ཞུ་རྗེས་ཀྱང་སྐྱུར་བ་དང་། ཁ་བ་ཚ་བ་བསྐ་བ་གསུམ་གྱི་ཞུ་རྗེས་ཁ་བ་ཡིན། སྤྱིར་ན་རོ་དྲུག་གིས་བསྡུས་པའི་ཟས་སྨན་གང་ཡང་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་ལ་བརྟེན་དགོས་པ་མ་ཟད། མེ་དྲོད་ཀྱི་ཡུལ་གསུམ་ཞེས་མ་ཞུ་བའི་གནས་དང་། ཞུ་བའི་གནས། ཞུ་རྗེས་ཀྱི་གནས་རྣམས་རིམ་པར་བརྒྱུད་དགོས་པ་ཡིན། འོན་ཀྱང་དེ་དག་གི་གནས་སྐབས་རྣམས་སུ་རོ་དང་ཞུ་རྗེས་ལ་འགྱུར་ལྡོག་ཅི་རིགས་ཤིག་འབྱུང་བ་ནི། གཙོ་བོ་བརྟེན་བྱའི་རོ་སོ་སོའི་རང་རྒྱུད་ལ་ཡོད་པའི་འབྱུང་བའི་རང་བཞིན་དང་། འཇུ་བྱེད་མེ་དྲོད་གསུམ་གྱི་རང་གཤིས་ཀྱི་མཚན་ཉིད་རྣམས་ཕན་ཚུན་འཕྲད་པ་ལ་བརྟེན་ནས་རོའི་ཞུ་རྗེས་གསུམ་གྱི་གནས་ཚུལ་བྱུང་བ་དང་། དེ་དག་ལས་ལ་ལས་ཕན་པ་དང་ལ་ལས་གནོད་པར་བྱེད་པ་སོགས་ཀྱི་འགྱུར་ལྡོག་འབྱུང་གི་ཡོད་པ་ཞིག་རེད། བད་ཀན་མྱག་བྱེད་ཀྱིས་མྱག་སྐབས་དང་། མཁྲིས་པ་འཇུ་བྱེད་ཀྱིས་བཞུ་སྐབས། རླུང་མེ་མཉམ་གྱིས་དྭངས་སྙིགས་འབྱེད་སྐབས་གང་ཡང་མེ་དྲོད་རྣམ་གསུམ་གྱིས་ཕན་ཚུན་རོགས་འདེགས་ཀྱི་ཚུལ་དུ་གསུམ་གའི་ལས་ངེས་པར་དུ་དགོས་པ་ཡིན། འོན་ཀྱང་གནས་སྐབས་ཀྱི་དབང་གིས་གཙོ་བོའི་ལས་དང་འཁོར་གྱི་ལས་ལྟ་བུའི་ཁྱད་པར་ཡོད་དེ། དཔེར་ན་དང་བོ་མ་ཞུ་བའི་གནས་སྐབས་སུ་མཚོན་ན། བད་ཀན་མྱག་བྱེད་ཀྱིས་ཟས་སོགས་མྱག་པའི་ནུས་ཤུགས་གཙོ་བོ་འདོན་སྤེལ་བྱེད་པ་དང་། དུས་མཚུངས་སུ་མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གཉིས་ཀྱིས་ཀྱང་རང་རང་གི་བྱེད་ལས་ཙམ་གྱིས་རོགས་འདེགས་ཀྱི་ཚུལ་དུ་མྱག་བྱེད་ཀྱི་ནུས་པར་ཤུགས་སྣོན་བྱས་ཏེ་མྱག་བྱེད་ཀྱི་རྒྱུན་ལྡན་ནུས་པ་སྲུང་འཛིན་བྱེད་པ་ཡིན། གཞན་ཞུ་བའི་གནས་སྐབས་དང་། ཞུ་རྗེས་ཀྱི་གནས་སྐབས་དག་ཀྱང་རིགས་འགྲེས་ཀྱིས་རྟོགས་པར་བྱའོ༎
དེ་ཡང་མངར་བ་དང་ལན་ཚྭ་བ་གཉིས་ཀྱི་རོ་མྱག་བྱེད་ཀྱི་ལས་དང་འཕྲད་ཚེ་རྟེན་བརྟེན་པ་གཉིས་ཀ་འབྱུང་བ་ས་ཆུའི་རང་བཞིན་དུ་ཤས་ཆེ་ཞིང་། ལན་ཚྭའི་མེ་དེའང་རང་རྒྱུད་ཀྱི་ཆུ་དང་རྟེན་མྱག་བྱེད་ཀྱི་ས་ཆུས་ཉམས་པས་ཞུ་རྗེས་མངར་བར་གྱུར། དེ་བཞིན་སྐྱུར་བའི་རོ་འཇུ་བྱེད་ཀྱི་མེ་དང་འཕྲད་པའི་ཚེ་མེའི་ཚ་བ་དང་། མྱག་བྱེད་ཀྱི་སའི་ལྷག་མ་བཅས་ཚོགས་པས་རྟེན་བརྟེན་པ་གཉིས་ཀ་མེ་ས་ནང་འཕྲད་དུ་ཤས་ཆེ་བས་ཞུ་རྗེས་ཀྱང་སྐྱུར་བར་གྱུར། མེས་པོའི་ཞལ་ལུང་ལས། མེའི་ནུས་པ་རྣམ་པར་ཚ་བ་དང་། གོང་གི་སའི་ལྷག་མའི་བྱེད་པ་ལ་བརྟེན་ནས་རོ་ཡང་སྐྱུར་བར་ཤས་ཆེ་བར་གྱུར་བས་ཞེས་གསུང་། རོ་ཁ་ཚ་བསྐ་གསུམ་གང་ཡང་མེ་མཉམ་རླུང་དང་འཕྲད་ཚེ་རྟེན་བརྟེན་པ་གཉིས་ཀ་འབྱུང་བ་རླུང་གི་རང་བཞིན་དུ་ཤས་ཆེ་བས་ཞུ་རྗེས་ཁ་བར་གྱུར་པའོ༎ དེ་ཡང་བརྟེན་པ་ཟས་སོགས་ཀྱི་རོ་ཁ་བ་ཆུ་རླུང་གིས་བསྐྱེད་པས་ཞུ་རྗེས་ཁ་བ་འབྱུང་བ་ཙམ་དུ་སྲིད་ཀྱང་། མེ་རླུང་གི་རོ་ཚ་བ་དང་ས་རླུང་གི་རོ་བསྐ་བ་གཉིས་མེ་མཉམ་རླུང་དང་འཕྲད་ཀྱང་ཞུ་རྗེས་ཁ་བ་འབྱུང་བའི་སྐབས་མེད་ལ། དེ་ནི་རྟེན་མེ་མཉམ་རླུང་གི་ཁམས་ལ་འབྱུང་བ་རླུང་གི་རང་བཞིན་རྩུབ་ཡང་གཡོ་སོགས་ཡོད་ཀྱང་ཆུའི་ཁམས་སླ་རྟུལ་ལྕི་བ་སོགས་མེད་པས་ཞུ་རྗེས་ཁ་བ་འབྱུང་བ་དཀའ་ལ། འདིའི་སྐབས་སུ་བཤད་པ་སྐུའི་རྒྱུད་ལས། ཁ་བར་འགྱུར་ཏེ་དེ་ཡིས་རླུང་བསྐྱེད་འགྱུར། ། ཞེས་གསུངས་པ་ནི་ཞུ་རྗེས་དེས་རླུང་གི་སྟོབས་བསྐྱེད་པ་ཞེས་འབྲས་བུ་ལ་དགོངས་ནས་ཞུ་རྗེས་ཁ་བར་བཞེད་པ་མ་གཏོགས། ཞུ་རྗེས་སྔ་མ་གཉིས་ཀ་ལྟར་རྒྱུའི་གཏན་ཚིགས་བཞིན་དུ་སྒྲུབ་ན་འདིར་ཞུ་རྗེས་ཚ་བར་འདོད་དགོས་པར་སྙམ། གང་ལགས་ཤེ་ན། ཟས་སོགས་ཀྱི་རོ་ཁ་ཚ་བསྐ་གསུམ་གང་ཡང་མེ་མཉམ་གྱི་རླུང་དང་གོང་གི་འཇུ་བྱེད་མེ་ཡི་ལྷག་མའི་ཚ་སྟོབས་དང་འཕྲད་པའི་ཚེ་རོ་ཁ་བའི་ཆུ་དང་བསྐ་བའི་ས་གཉིས་སྐམ་ལ་ཟད་པར་གྱུར་པས་རྟེན་མེ་མཉམ་གྱི་རླུང་དང་འཇུ་བྱེད་ལྷག་མའི་ཚ་སྟོབས་ཀྱིས་ཞུ་རྗེས་ཚ་བ་འབྱུང་བར་རིགས། འོན་ཀྱང་ཞུ་རྗེས་ཚ་བས་རླུང་བསྐྱེད་པར་མི་སྲིད་ལ། ཁ་བས་རླུང་བསྐྱེད་པར་འགྱུར་བས་ཡང་དག་པའི་སྒྲུབ་བྱེད་གསལ་བོ་ཞིག་བརྗོད་དཀའ་བར་འདུག མེས་པོའི་ཞལ་ལུང་ལས་ཀྱང་། བཤད་བྱ་འདི་ལ་དོགས་པ་ཡོད་ཚུལ་མང་དུ་གསུངས། གོང་ནས་བཤད་པ་ལྟར་ཞུ་རྗེས་ཁ་བ་ལྟར་དུ་འདོད་པ་ནི་འབྲས་བུ་ལ་དགོངས་པ་དང་། ཞུ་རྗེས་ཚ་བ་ལྟར་དུ་བཤད་པ་དེ་སྤྱི་ཁྱབ་རིག་པའི་དབང་དུ་ཡིན་པར་སྙམ། གང་ལྟར་ཡང་རྒྱུད་དང་གཞུང་འགྲེལ་སྔ་མ་ལྟར་གྱི་དབང་དུ་བྱས་ཏེ་འཆད་པ་ནི་རང་ལུགས་སུ་འདོད་པས། ཞུ་རྗེས་མངར་བའི་ནུས་སྟོབས་ཀྱིས་བད་ཀན་སྐྱེད་པར་བྱེད་པ་དང་། མཁྲིས་པ་དང་རླུང་སེལ་བར་བྱེད་པ་ཡིན། རྒྱུ་མཚན་ནི་ཞུ་རྗེས་མངར་བ་ས་ཆུའི་རང་བཞིན་གཙོ་ཆེ་བ་ཡིན་པས་སོ༎ དེ་བཞིན་དུ་ཞུ་རྗེས་སྐྱུར་བས་མཁྲིས་པ་སྐྱེད་པར་བྱེད་པ་དང་། བད་ཀན་དང་རླུང་སེལ་བར་བྱེད་པ་ཡིན། དེ་ཡང་ཞུ་རྗེས་མེ་ས་གཙོ་ཆེ་བས་སོ༎ ཐ་མར་ཞུ་རྗེས་ཁ་བའི་ནུས་སྟོབས་ཀྱིས་རླུང་སྐྱེད་པར་བྱེད་པ་དང་། བད་ཀན་དང་མཁྲིས་པ་སེལ་བར་བྱེད་པ་ཡིན། དེ་ལྟར་ཞུ་རྗེས་རེ་རེས་ཉེས་པ་གཉིས་རེ་སེལ་བ་དང་རེ་རེ་སྐྱེད་པར་བྱེད་པའི་མཐུ་ཅན་དུ་ངེས་པར་བྱའོ༎ བཤད་པ་སྐུའི་རྒྱུད་ལས་ཀྱང་། ཉེས་པ་གསུམ་པོ་གཉིས་གཉིས་རེ་རེས་སེལ། །ཞེས་གསུངས་པ་ལྟར་རོ༎
གསུམ།  ཡོན་ཏན།
སྤྱིར་ཡོན་ཏན་ཞེས་པ་ནི་ཁྱད་ཆོས་ཁྱད་པར་བ་ཞིག་ལ་ཟེར་ཡང་། སྐབས་འདིར་རྫས་རང་གི་མཐུན་ཕྱོགས་འཕེལ་བ་དང་ལོག་ཕྱོགས་འཇོམས་པར་བྱེད་པའི་ནུས་མཐུ་ཅན་ཞིག་ལ་འདོད་དེ། དེ་ཡང་འབྱུང་བ་ལྔས་བསྐྱེད་པའི་རྫས་སོ་སོའི་རང་བཞིན་ནམ། ཡང་ན། རོ་དྲུག་གི་ཁམས་ལ་ཡོད་པའི་འབྱུང་བའི་རང་བཞིན་ཞེས་འཇམ་པ་དང་། ལྕི་བ། དྲོ་བ། སྣུམ་པ། བརྟན་པ། གྲང་བ། རྟུལ་བ། བསིལ་བ། མཉེན་པ། སླ་བ། སྐམ་པ། སྐྱ་བ། ཚ་བ། ཡང་བ། རྣོ་བ། རྩུབ་པ། གཡོ་བ་བཅས་ཡོན་ཏན་བཅུ་བདུན་དུ་བརྗོད་ལ། དེ་དག་ཀྱང་འབྱུང་བ་ས་ཡིས་ནི་ལྕི་བ་དང་། བརྟན་པ། རྟུལ་བ། འཇམ་པ། སྣུམ་པ། སྐམ་པ་བཅས་སྨན་གྱི་ཡོན་ཏན་གྱི་ཆ་དྲུག་སྐྱེད་པ་དང་། དེ་བཞིན་དུ་འབྱུང་བ་ཆུ་ཡིས་སླ་བ་དང་། བསིལ་བ། ལྕི་བ། རྟུལ་བ། མཉེན་པ་སྟེ་དྲུག་དང་། འབྱུང་བ་མེ་ཡིས་ཚ་བ་དང་། རྣོ་བ། སྐམ་པ། རྩུབ་པ། ཡང་བ། སྣུམ་པ། གཡོ་བ། ཤུགས་བསྟན་དྲོ་བ་སྟེ་བརྒྱད་དང་། འབྱུང་བ་རླུང་གིས་ཡང་བ་དང་། གཡོ་བ། གྲང་བ། རྩུབ་པ། སྐྱ་བ། སྐམ་པ་སྟེ་དྲུག་དང་། ནམ་མཁའ་ནི་འབྱུང་བ་བཞིའི་རང་བཞིན་ཅན་གྱི་ཁམས་ལ་སྤྱིར་ཁྱབ་པ་ཡིན་པས་ན། སྨན་གྱི་ཡོན་ཏན་བཅུ་བདུན་ཡང་འབྱུང་བ་ལྔ་ལས་བསྐྱེད་པ་འབའ་ཞིག་ཏུ་གནས་པའོ༎
འདིར་ཡོན་ཏན་བཅུ་བདུན་གསུངས་པ་ནི། གཙོ་བོ་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་ཉི་ཤུའི་གཉེན་པོ་ལ་དགོངས་པ་ཡིན་ཏེ། འཇོམས་ཚུལ་ཡང་། སྨན་གྱི་ཡོན་ཏན་འཇམ་པས་མཚན་ཉིད་ཀྱི་ཟུར་རྩུབ་པ་འཇོམས་ནུས་པ་དང་། དེ་བཞིན་དུ་ཡོན་ཏན་ལྕི་བས་མཚན་ཉིད་ཡང་བ་འཇོམས་ནུས་པ་དང་། དྲོ་བས་གྲང་བ་འཇོམས་པ། སྣུམ་པས་ཕྲ་བ་འཇོམས་པ། བརྟན་པས་གཡོ་བ་འཇོམས་པ། གྲང་བས་སྣུམ་ལ་དྲོ་བ་འཇོམས་པ། རྟུལ་བས་རྣོ་བ་འཇོམས་པ། བསིལ་བས་ཚ་བ་འཇོམས་པ། མཉེན་པས་སྲ་བ་འཇོམས་པ། སླ་བས་དྲི་མནམ་པ་འཇོམས་པ། སྐམ་པས་འཁྲུ་གཤེར་གཉིས་ཀ་འཇོམས་པ། སྐྱ་བས་སྣུམ་པ་འཇོམས་པ། ཚ་བས་བསིལ་བ་འཇོམས་པ། ཡང་བས་ལྕི་བ་འཇོམས་པ། རྣོ་བས་རྟུལ་བ་འཇོམས་པ། རྩུབ་པས་འཇམ་འབྱར་གཉིས་ཀ་འཇོམས་པ། གཡོ་བས་བརྟན་པ་འཇོམས་པ་དང་བཅས་པ་ལས། བད་མཁྲིས་ཀྱི་མཚན་ཉིད་སྣུམ་པ་གཉིས་ལ་ཡོན་ཏན་སྐྱ་བ་གཅིག་གིས་འཇོམས། བད་ཀན་གྱི་འཇམ་འབྱར་གཉིས་ལ་ཡོན་ཏན་རྩུབ་པ་གཅིག་གིས་འཇོམས། རླུང་མཁྲིས་ཀྱི་ཡང་བ་གཉིས་ལ་གཉེན་པོ་ལྕི་བ་གཅིག་གིས་འཇོམས་པས་ན། ཡོན་ཏན་བཅུ་བདུན་ཞེས་རྒྱུད་དང་གཞུང་འགྲེལ་དུ་མའི་ཁྲོད་དུ་ལེགས་པར་བསྟན་ཅིང་དེ་དག་གིས་མི་འདང་བ་དང་། མང་དུ་དྲགས་པའི་སྐྱོན་གྱིས་མ་གོས་པར་གྲངས་བཅུ་བདུན་དུ་ངེས་པར་འགྲིག་པ་ཡིན། མདོར་ན་འབྱུང་བ་ས་ཡིས་སྐྱེད་པའི་སྨན་གྱི་ཡོན་ཏན་རྣམས་ཀྱིས་རླུང་ནད་སེལ་བར་ཤས་ཆེ་ཞིང་། བྱེད་ལས་ཀྱིས་ལུས་སྲ་ཞིང་མཁྲང་ལ་རྒྱས་པར་བྱེད་པ་དང་། དེ་བཞིན་འབྱུང་བ་ཆུ་ཡིས་སྐྱེད་པའི་སྨན་གྱི་ཡོན་ཏན་རྣམས་ཀྱིས་མཁྲིས་ནད་སེལ་བར་ཤས་ཆེ་ཞིང་། ལུས་རླན་ཞིང་འཇམ་པ་དང་གཅིག་ཏུ་བསྡུད་པར་བྱེད་པ་ཡིན། འབྱུང་བ་མེ་ཡི་ཡོན་ཏན་རྣམས་ཀྱིས་བད་ཀན་གྱི་ནད་སེལ་བར་ཤས་ཆེ་ཞིང་། ལུས་ལ་དྲོད་སྐྱེད་ཅིང་ཟུངས་སྨིན་ནས་རང་མདོག་གསལ་བར་བྱེད་པ་ཡིན། འབྱུང་བ་རླུང་གི་སྨན་གྱི་ཡོན་ཏན་རྣམས་ཀྱིས་བད་མཁྲིས་ཀྱི་ནད་སེལ་བར་ཤས་ཆེ་ཞིང་། ལུས་སྲ་ཞིང་འགུལ་སྐྱོད་བྱེད་པ་དང་དྭངས་མ་སོགས་ལུས་ལ་ཁྱབ་པའི་ལས་བྱེད་པ་བཅས་སོ༎
བཞི།  ནུས་པ།
འདིར་བཤད་བྱའི་སྨན་གྱི་ནུས་པ་ལ་སྐྱེད་བྱེད་འབྱུང་བའི་ཁྱད་པར་ལས་རིགས་མི་འདྲ་བ་བརྒྱད་མཆིས་པ་སྟེ། བཤད་པ་སྐུའི་རྒྱུད་ལས། ནུས་པ་ལྕི་སྣུམ་བསིལ་དང་རྟུལ་བ་དང་།  །ཡང་རྩུབ་ཚ་དང་རྣོ་བ་རྣམ་པ་བརྒྱད། །ཅེས་གསུངས་པ་ལྟར་དང་། དེ་དག་ནི་གོང་བཤད་སྨན་གྱི་ཡོན་ཏན་བཅུ་བདུན་གྱི་གཅེས་པའི་ཉིང་ཁུ་ལྟ་བུའི་ནུས་མཐུ་ཕུལ་ཏུ་ཕྱིན་པ་འབའ་ཞིག་ཏུ་གནས་པར་ངེས་ཏེ། ཡང་དེ་ཉིད་ལས། ཡོན་ཏན་མ་ལུས་སྙིང་བོར་གྱུར་པ་དང་། །ནུས་པའི་ཁྱད་པར་ལྡན་པས་མཐུ་ཞེས་བརྗོད། །ཅེས་གསུངས་པ་དང་། དེ་དག་ལས་ལྕི་སྣུམ་གཉིས་འབྱུང་བ་ས་ལས་སྐྱེད་པར་ཤས་ཆེ་བས་རླུང་གི་ནད་སེལ་ཞིང་། གནོད་བྱ་འབྱུང་བའི་གཞི་དང་རྟེན་བྱེད་པའི་ལས་གཙོ་ཆེ་བ་ཡིན། དེ་བཞིན་སྨན་གྱི་ནུས་པ་བསིལ་རྟུལ་གཉིས་འབྱུང་བ་ཆུ་ལས་སྐྱེད་པ་ཤས་ཆེ་བས་མཁྲིས་པའི་ནད་སེལ་བར་བྱེད་ཅིང་། ལུས་པོ་རླན་ཞིང་སྡུད་པར་བྱེད་པའི་ལས་གཙོ་ཆེ་བ་ཡིན། སྨན་གྱི་ནུས་པ་ཚ་རྣོ་གཉིས་འབྱུང་བ་མེ་ལས་སྐྱེད་པ་ཤས་ཆེ་བ་དང་། ཡང་རྩུབ་གཉིས་འབྱུང་བ་རླུང་གིས་སྐྱེད་པ་ཤས་ཆེ་བས་དེ་གཉིས་ཀྱིས་བད་ཀན་གྱི་ནད་སེལ་བར་བྱེད་ཅིང་མེ་ཡིས་གནོད་བྱ་སྨིན་པར་བྱེད་པ་དང་། རླུང་གིས་ལུས་ཀྱི་འགུལ་སྐྱོད་བྱེད་པའི་ལས་གཙོ་ཆེ་བའོ༎ འཇུ་མི་ཕམ་རིན་པོ་ཆེའི་ཞལ་ལས། ས་ཡིས་གཞི་རྟེན་ལྕི་དང་སྣུམ་པ་ཡིན། །ཆུ་ཡིས་རླན་སྡུད་བསིལ་ལ་རྟུལ་བ་འབྱུང་། །མེ་ཡིས་སྨིན་བྱེད་ཚ་དང་རྣོ་བ་དང་། །རླུང་གིས་སྐྱོད་བྱེད་ཡང་དང་རྩུབ་པ་འབྱུང་། ། ཞེས་གསུངས་པ་དང་། བཤད་པ་སྐུའི་རྒྱུད་ལས་ཀྱང་། དང་བོ་བཞི་བོས་རླུང་དང་མཁྲིས་པ་སེལ། །འོག་མ་བཞི་ཡིས་བད་ཀན་སེལ་བར་བྱེད། །ཅེས་གསུངས་པའི་ལུང་དང་བོས་འབྱུང་བ་སོ་སོའི་ལས་དང་དེ་དག་གི་ནུས་པ་རྣམས་བསྐྱེད་ཚུལ་བསྟན་པ་དང་། ལུང་གཉིས་པས་ནུས་པ་དེ་དག་གིས་ཉེས་པ་རྣམས་སེལ་བའི་ཚུལ་བསྟན་པའོ༎ སྤྱིར་ནུས་པ་སྟེ། དོན་བྱེད་ནུས་པ་ཞིག་ལ་བཤད་དེ། སྐབས་འདིར་ནི། རོ་དྲུག་གི་ཁམས་ལ་ཡོད་པའི་ལྕི་སྣུམ་བསིལ་རྟུལ་སོགས་ཀྱིས་དོན་བྱེད་པ་དེ་ལ་གོ་བར་བྱའོ༎
ལྔ།  སྨན་གྱི་སྟོབས།
སྨན་གྱི་སྟོབས་ཞེས་པ་ནི་སྟོབས་ཀྱི་ནུས་པ་ལ་བཤད་པ་ཡིན་ཏེ། བསིལ་སྨན་གྱི་རིགས་ངད་ཅན་གྲང་བ་ཆེ་སའི་ཡུལ་དུ་སྐྱེ་བ་དང་། དྲོད་སྨན་གྱི་རིགས་སྐམ་ས་ཚ་དྲོད་ཆེ་བའི་ཡུལ་དུ་སྐྱེ་བ་དང་། ནད་ཚ་གྲང་འཇོམས་པར་བྱེད་པའི་བསིལ་དྲོད་ཀྱི་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྨན་གྱི་ནུས་མཐུ་ཞིག་གི་མིང་སྟེ། བཤད་པ་སྐུའི་རྒྱུད་ལས། གངས་ཅན་འབིགས་བྱེད་ཟླ་ཉིའི་སྟོབས་ལྡན་པས། །བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱ། །དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ། །བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད། །ཅེས་གསུངས་པ་ལྟར། གངས་ཅན་ཞེས་རྫ་མཐོན་པོ་ཁ་བྱང་ལྟས་ཀྱི་སྲིབས་ཕྱོགས་མཐའ་དག་ལ་བཤད་ཅིང་། དེ་ན་བསིལ་བའི་ངད་དང་ལྡན་པས་སྐྱེས་པའི་སྨན་རྣམས་ཀྱང་ཟླ་བའི་སྟོབས་དང་ལྡན་པས་ཤིན་ཏུ་བསིལ་ལ། དེར་སྐྱེས་པའི་བསིལ་སྨན་རྣམས་ནི་སྐྱེ་སར་སྐྱེས་པ་ཡིན་པས་མཆོག་ཏུ་བཟང་ལ་བསིལ་བའི་སྟོབས་དང་ལྡན་པ་ཡིན། གལ་ཏེ་གནས་དེ་དག་ཏུ་དྲོད་སྨན་གྱི་རིགས་སྐྱེས་པ་རྣམས་ནི་སྐྱེ་གནས་ལོག་པས་ནུས་པ་དམན་སྟབས་བསྟེན་པར་མི་བྱ་ཞིང་། དེ་བཞིན་དུ་འབིགས་བྱེད་ཅེས་སྐམ་ས་ཚད་རོང་ལྟ་བུ་ཁ་ལྷོར་ལྟས་ཀྱི་ཉིན་གདགས་ཕྱོགས་མཐའ་དག་ལ་བཤད་ཅིང་། དེ་ན་ཚ་བའི་ངད་དང་ལྡན་པས་སྐྱེས་པའི་སྨན་རྣམས་ཀྱང་ཉི་མའི་སྟོབས་དང་ལྡན་པས་ཚ་སྟོབས་ཤིན་ཏུ་ཆེ་ལ། དེར་སྐྱེས་པའི་དྲོད་སྨན་རྣམས་ནི་སྐྱེ་སར་སྐྱེས་པ་ཡིན་པས་མཆོག་ཏུ་བཟང་ལ་ཚ་བའི་སྟོབས་དང་ལྡན་པ་ཡིན། གལ་ཏེ་ཡུལ་དེ་དག་ཏུ་བསིལ་སྨན་གྱི་རིགས་སྐྱེས་པ་རྣམས་ནི་སྐྱེ་གནས་གོ་ལོག་པས་ནུས་པ་དམན་རྐྱེན་བསྟེན་པར་མི་བྱའོ༎
དེས་ན་གངས་ཅན་ཞེས་བྱ་བ་སྲིབས་རི་དང་། འབིགས་བྱེད་ཅེས་བྱ་བ་གདགས་རི་སྟེ། སྔ་མ་ནི་ཟླ་བའི་སྟོབས་དང་ལྡན་པས་ཤིན་ཏུ་བསིལ་ལ། ཕྱི་མ་ནི་ཉི་མའི་སྟོབས་ཅན་དུ་གནས་པས་ཤིན་ཏུ་ཚ་བ་ཡིན། དེ་གཉིས་སུ་སྐྱེས་པའི་སྨན་རྣམས་ནི་ཚ་བསིལ་གྱི་སྟོབས་ཕུལ་དུ་བྱུང་བ་ཡིན་པས་ན་མིང་ཡང་དེ་ལྟར་གྲགས། དེ་ཡང་ཚ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་གྲང་བའི་ནད་སེལ་བ་དང་། བསིལ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་ཚ་བའི་ནད་སེལ་བར་བྱེད་པ་བསྟན་པའོ༎ དེ་ནི་ཡོན་ཏན་དང་ནུས་པ་མཐའ་དག་གི་སྙིང་བོ་སྟེ། ཞལ་ལུང་ལས། ནུས་པ་མ་ལུས་སྙིང་བོར་གྱུར་པ་དང་། །མཐུ་ཡི་ཁྱད་པར་ལྡན་པས་སྟོབས་ཞེས་བྱ། །ཞེས་རྒྱུད་ཀྱི་ནུས་པ་བསྟན་པའི་ཚིག་ལ་ཁ་བསྒྱུར་ཅུང་ཟད་མཛད་པའི་ཚུལ་གྱིས་གསལ་བར་བཀྲལ་བའོ༎
གཉིས་པ།  ངོ་བོའི་ནུས་པ།
ངོ་བོའི་ནུས་པ་ཞེས་པ་ནི། འབྱུང་བ་དང་རོ་སོགས་ལ་མ་ལྟོས་པར་རྫས་རང་ཉིད་ཀྱི་ཐུན་མོང་མིན་པའི་ནུས་པ་ལ་ཟེར་བ་ཡིན་ཏེ། དེ་ནི་རྫས་སོ་སོའི་རོ་འདྲ་ཡང་ཞུ་རྗེས་དང་ནུས་པ་མི་འདྲ་བ་དང་། ནུས་པ་འདྲ་ཡང་བྱེད་ལས་མི་འདྲ་བ་སྣ་ཚོགས་སུ་འབྱུང་བ་ནི་མངོན་ཤེས་དང་ཡེ་ཤེས་ཀྱི་སྤྱན་མངའ་བ་རེ་འགའ་ཙམ་མ་གཏོགས་མཁས་པ་ཕལ་བས་དཔྱོད་ཡུལ་དུ་དཀའ་བར་མངོན་ཏེ། དྲི་མེད་ཤེལ་འཕྲེང་གི་ལུང་ལ། བྱང་བ་རིག་ལྡན་ཆེན་པོས། དེས་ན་རོ་ལས་གོ་ལྡོག་པའི། །ནུས་པས་ལས་ནི་བྱེད་པ་དང་། །རོ་དང་མི་མཐུན་ཞུ་རྗེས་ལས། །བྱེད་པ་སོགས་ཀྱི་དངོས་སྟོབས་ནི། །མངོན་ཤེས་ལྡན་པས་བྱས་པ་ཡི། །གཞུང་ལས་གསལ་བར་མ་གཏོགས་པ། །རིག་པས་མི་ཆོད་མཁས་པས་གསུངས། །ཞེས་བསྟན་པ་ལྟར་རྫས་སོ་སོའི་ཐུན་མིན་ངོ་བོའི་ནུས་པ་བྱེ་བྲག་ཐ་དད་དུ་གནས་པ་དང་། དེའི་འཇུག་ལྡོག་གི་གནས་ལུགས་ཚུལ་བཞིན་དུ་བྱེ་བ་སོགས་རྟོགས་དཀའ་བའི་གནས་སུ་མཆིས། །དེས་ན་ནུས་པ་རྐྱང་བཤད་སོགས་ཀྱི་གཞུང་ལྟར་རྫས་རེ་རེའི་མིང་དང་ངོས་འཛིན། དེའི་ངོ་བོའི་ནུས་པ་སོགས་བཤད་པ་སྐབས་སུ་བབས་ཀྱང་། རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཞིང་རིག་པས་ཀྱང་ཆུན་པར་དཀའ་བས། འདིར་མཚན་གཞི་ཙམ་གསལ་འགྲེལ་གྱི་ཚུལ་དུ་བཀོད་པ་ལ་ནང་གསེས་ཀྱི་དབྱེ་བ་བརྒྱད་དེ། སྡོམས་ལས། སྟོབས་དང་རོ་དང་དྲི་ཡི་ནུས་པ་དང་། །གཉེན་པོ་རིགས་མཐུན་དབྱིབས་མཐུན་རྟེན་འབྲེལ་དང་།  །སྨོན་ལམ་ནུས་པ་དང་བཅས་བརྒྱད་དུ་དབྱེ། །ཞེས་པ་ལྟར།
༡.སྟོབས་ཀྱི་ནུས་པ། འབྱུང་བའི་ནུས་པ་འཆད་སྐབས་ཀྱི་ཡོན་ཏན་དང་ནུས་པ་རྣམས་ཀྱི་སྙིང་བོ་གཅིག་ཏུ་བསྡུས་པ་ལྟ་བུའི་ཚ་བསིལ་གྱི་སྟོབས་གཉིས་ཞེས་པ་དེ་ཉིད་ཡིན་པས། དེ་ལས་རྟོགས་པར་བྱ།
༢.རོ་དང་ཕྱོགས་མཐུན་གྱི་ནུས་པ། རྐྱང་སེལ་ལྟར་གསེར་དང་དངུལ་ལ་སོགས་པ་རྫས་དེ་ཉིད་ཀྱི་ངོ་བོའི་ནུས་པ་གཙོ་ཆེ་ཡང་རོའི་ནུས་པ་དང་ཕྱོགས་མཐུན་ཡིན་པའི་རིགས་རྣམས་སོ༎
༣.དྲིའི་ནུས་པ། ག་བུར་དང་། གུར་ཀུམ། གླ་རྩི་སོགས་དྲི་དང་ལྡན་ཚེ་སྨན་ནུས་ཇི་བཞིན་དུ་འབྱུང་ལ། དྲི་ཡལ་བས་རོ་སོགས་ལྡན་ཡང་ཕན་ནུས་མི་ཐོན་པའི་སྨན་རྫས་ཀྱི་རིགས་སོ༎
༤.གཉེན་པོའི་ནུས་པ། དུག་གི་གཉེན་པོ་རྨ་བྱ་ཡིན་པས། དེའི་ཤ་དང་མཁྲིས་པ་སྒྲོ་རྣམས་ཀྱིས་དུག་ནད་ལ་ཕན་པ་ལྟ་བུ་དང་། ཡང་ན། གླ་བ་སྦྲུལ་གྱི་གཉེན་པོ་ཡིན་པས་དེའི་རྩི་ཡིས་སྦྲུལ་གྱི་དུག་སེལ་བ་དང་། གཟིག་གི་རུས་པས་ཁྱིས་སོ་བཏབ་པའི་རྨ་ལ་ཕན་པ་ལྟ་བུའོ༎
༥.རིགས་མཐུན་གྱི་ནུས་པ། མིག་གི་ནད་ལ་སྦྲུལ་གྱི་མིག་ཕན་པ་དང་། ལྕེ་སྐྲངས་ཀྱི་ནད་ལ་སྤྱང་ཀིའི་ལྕེ་ཡིས་ཕན་པ། མཁྲིས་པའི་ནད་ལ་མཁྲིས་པ་སྣ་ཚོགས་ཀྱིས་ཕན་པ་ལྟ་བུའོ༎
༦.དབྱིབས་མཐུན་གྱི་ནུས་པ། སྙིང་དང་། མཚེར་བ། མཆིན་པ། མཁལ་མའི་ནད་བཅས་ལ་དེ་དག་རང་རང་གི་དབྱིབས་དང་མཚུངས་པའི་ཞོ་ཤ་བཞི་བོས་ཕན་པ་དང་། ཀླད་པའི་ནད་ལ་དེའི་དབྱིབས་དང་མཚུངས་པའི་རྡོ་ཀླད་ཀྱིས་ཕན་པ་ལྟ་བུ་ཡིན།
༧.རྟེན་འབྲེལ་གྱི་ནུས་པ། རྒྱུ་གཟེར་ནད་ཀྱིས་ཤི་བའི་ཐོད་རུས་ཀྱིས་རྒྱུ་གཟེར་ལ་ཕན་པ་དང་། སྐྱེས་པ་ལས་བྱུང་བའི་རྡེའུ་ཡིས་བུད་མེད་ཀྱི་རྡེའུའི་ནད་སེལ་བ་དང་། བུད་མེད་ལས་བྱུང་བའི་རྡེའུ་ཡིས་ཕོའི་རྡེའུ་ནད་སེལ་བ་ལྟ་བུ་ཡིན་ནོ༎
༨.སྨོན་ལམ་གྱི་ནུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུ་འབྲས་ནད་ཀྱི་སྡུག་བསྔལ་སེལ་བའི་ཕྱིར་དུ་སྨོན་ལམ་བཟང་བོས་རྗེས་བཏབ་པ་ལས་འཁྲུངས་པའི་དབང་བོ་རིལ་བུ་དང་། མེ་ཏོག་ལུག་མིག དབང་བོ་ལག་པ་སོགས་ལྟ་བུའོ༎ ད་ནི་འབྱུང་བའི་ནུས་པ་དང་། ངོ་བོའི་ནུས་པ་སོ་སོའི་གོ་དོན་དང་བཅས་པ་ཕྱོགས་ཙམ་མཚོན་པ་དེ་བཞིན་དུ་མཚམས་བྱས་ཏེ་རྫོགས་པར་བྱས་སོ༎ བོད་སྨན་གྱི་ནུས་པ་ལ་ཅུང་ཟད་དཔྱད་པ་ཞེས་པའི་ཆེད་རྩོམ་འདི་ལ་ལེགས་ཚོགས་ཀྱི་དགེ་བའི་ས་བོན་ཅུང་ཟད་མཆིས་སྲིད་ན། དེ་དག་མ་ལུས་པ་ཐམས་ཅད་གསོ་རིག་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོས་ཏེ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། ཞེས་སྨོན་པའོ༎
 
སྐལ་ཁོ། ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་དང་། བོད་སྨན་ཞིབ་འཇུག་སུའོ་ནས་ལས་དོན་སྒྲུབ་བཞིན་ཡོད།

相关热词搜索:

上一篇:༄༅།།བོན་གྱི་སྔ་རབས་གཏོ་གཞུང་དང་དེའི་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།
下一篇:༄༅།།《གླིང་སྒྲུང》དུ་བྱུང་བའི་རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་གྱི་ཁྱད་ཆོས་འགའ་གླེང་བ།

分享到: