༄༅།།《གླིང་སྒྲུང》དུ་བྱུང་བའི་རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་གྱི་ཁྱད་ཆོས་འགའ་གླེང་བ།
2016年06月28日   来源:阿坝《藏学研究选编》   

བཀྲ་ཤིས་ནོར་བུ།
【ནང་དོན་གནད་བསྡུས】བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་《གླིང་སྒྲུང》དུ་བཀོད་པ་ཅུང་མང་བའི་ཚིག་རྒྱན་ཁྱད་པར་ཅན་རྣམ་གྲངས་གསུམ་ངེས་ཀྱི་དཔེ་ཉམས་འདོན་སྟངས་ཀྱི་ཁྱད་ཆོས་དང་དཔེ་དོན་མཚོན་ཚུལ། རྗོད་པ་དེ་ལས་བྱུང་བའི་ཤིས་བརྗོད་དང་གཏམ་དཔེའི་ཁྱད་ཆོས། ཁ་དོག་གི་མཛེས་ཉམས་འདོན་ཚུལ་བཅས་ཀྱི་ཁྱད་ཆོས་འགའ་བརྗོད་པ་བརྒྱུད་བོད་རང་གི་དམངས་ཁྲོད་རྩོམ་རིག་གི་མཛེས་དཔྱོད་བསམ་བློ་དང་ཚིག་རྒྱན་འགོད་སྟངས་ཐད་ལ་ཐོག་མའི་དཔྱད་ཞིབ་ཙམ་བྱས་ཡོད།
【བརྡ་ཆད་གཙོ་བོ】གླིང་སྒྲུང་། རྣམ་གྲངས་གསུམ་ངེས། ཚིག་རྒྱན། མཛེས་དཔྱོད།
 
གླེང་གཞི།
དུས་རབས་བཅུ་གསུམ་པའི་ནང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྙན་གཞུང་《མེ་ལོང་མ》བོད་དུ་བསྒྱུར་ནས་བཟུང་། ཚིག་བཅད་ལྷུག་སྤེལ་གསུམ་དང་རྒྱན་སྒྲ་དོན་གབ་ཚིག་གསུམ་ཚང་བའི་རྩོམ་རིག་གི་གཞུང་ལུགས་ཤིག་བོད་ཡུལ་ནས་གསར་དུ་དར་ཞིང་འཕེལ་རྒྱས་བླ་ན་མེད་པ་ཞིག་བྱུང་ལ། སྙན་ངག་གི་བརྩམས་ཆོས་ཀྱང་བོད་རང་གི་ཡུལ་སྲོལ་གྱི་ཁྱད་ཆོས་ལྡན་པ་མང་བོ་བྱུང་བས་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་གཞལ་མཐའ་མེད་པ་ཞིག་བཞག འོན་ཀྱང་མི་མང་བོ་ཞིག་གི་བློ་ཡུལ་ན་སྙན་གཞུང་《མེ་ལོང་མ》ཡི་རིན་ཐང་ལས་བོད་རང་གི་གཤིན་ས་ནས་འཁྲུངས་པའི་རྩོམ་རིག་གི་རྣམ་པ་ཁྱད་པར་བ་《གླིང་གེ་སར་རྒྱལ་བོའི་སྒྲུང》ལ་དེ་ཙམ་མཉམ་འཇོག་བྱས་མེད་པ་འདྲ། 《གླིང་སྒྲུང》ནི་ངོ་མ་བོད་རང་གི་ཤ་ཁྲག་ལས་ཆད་པའི་རྩོམ་རིག་གི་རྣམ་པ་ཞིག་རེད་ལ། ནང་དོན་ཐད་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་འཇོག་ཅིང་། རྣམ་པའི་ཐད་འཛམ་གླིང་ན་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་དུ་བརྗོད། 《གླིང་སྒྲུང》ལ་ཞིབ་འཇུག་བྱེད་ཁོངས་ཆེས་ཆེ་ལ་ཞིབ་འཇུག་བྱེད་རིན་ཡང་གཞལ་ཐབས་མེད་པ་ཞིག་ཡོད། འདིར་ཁོ་བོས་གླེང་འདོད་པ་ནི་《གླིང་སྒྲུང》གི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཤིག་སྟེ་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་སྐོར་ཡིན། རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་དེ་ནི་སྟོད་རྒྱ་གར་སྨད་རྒྱ་ནག་གི་ཡུལ་གྲུ་གང་དུའང་དར་ཁྱབ་བྱུང་མེད་ལ་སྒང་པ་བོད་ཀྱི་ཞིང་ས་ནས་དར་ཁྱབ་ཤིན་ཏུ་ཆེ་ཞིང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པའི་རྩོམ་སྟངས་ཤིག་ཏུ་སྣང་། དེའི་ཁྱད་ཆོས་གཙོ་བོ་ནི་ཕྱིའི་ཡུལ་གྱི་གོམས་སྲོལ་ཤན་ཞུགས་ཉུང་ལ་རྗོད་པ་སྙན་ཞིང་གོ་བདེ་བ་བཅས་ཡིན། དེ་ཉིད་གསལ་བར་བྱེད་པའི་ཕྱིར་འདིར་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་ཀྱི་ཁྱད་ཆོས་འགའ་གླེང་བར་བྱའོ༎
 གཅིག རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་ལས་དཔེ་ཉམས་འདོན་སྟངས་ཀྱི་ཁྱད་ཆོས།
གཅིག 《མེ་ལོང་མ》རུ་དཔེ་རྒྱན་སོ་གཉིས་གཞུང་དངོས་བསྟན་དུ་ཡོད་ལ་མཚུངས་པ་གསལ་བྱེད་ཀྱི་སྒྲས་དཔེ་དོན་གཉིས་ཧ་ཅང་འཕྲོད་ལེགས་པའི་ངང་སྦྱོར་པས་བརྗོད་སྟངས་འདི་བོད་ཀྱི་རྩོམ་རིག་ཏུ་བཀོལ་བ་ཤིན་ཏུ་མང་། དམངས་ཁྲོད་རྩོམ་རིག་ཏུ་གྲགས་པའི་《གེ་སར་སྒྲུང》དུ་དཔེ་རྒྱན་གྱི་རྣམ་པའམ་བརྗོད་ཚུལ་དེ་ཡོད་དམ་ཞེ་ན། བོད་ལ་བརྗོད་ཚུལ་འདི་གནའ་ནས་ཡོད་དེ་རྣམ་གྲངས་གསུམ་ངེས་ཀྱི་རྣམ་པ་རུ་འདུས་པའི་དཔེ་དོན་དག་ནི་ཡོད་པའི་སྒྲུབ་བྱེད་དུ་འོས། 《མེ་ལོང་མ》ལས། “ཇི་ལྟ་ཅི་ཞིག་ལྟར་མཚུངས་པར། །གསལ་བར་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དེའི། །”ཞེས་རྩ་བར་བསྟན་པ་ལྟར། 《ཧོར་གླིང་གཡུལ་འགྱེད》(P356―P357)
ལས། “ཡང་གླིང་རུའི་ཁྲི་རྒོད་དཔུང་བ་འདི། །གཡས་ཤོག་དངུལ་འཕྲུ་གྲ་འགྲིགས་རེད། །དངུལ་བྱང་ཟླ་བ་ཚེས་ལ་དཔེ། །ཁྲབ་རྨོག་འཁོར་གསུམ་དཀར་ལ་བཤན། །དཀར་བོ་ལྷ་ནས་ཆས་པ་འདྲ། །གཡོན་ཤོག་གསེར་འཕྲུ་གྲ་འགྲིགས་རེད། །གསེར་བྱང་ཉི་འོད་ཤར་ལ་དཔེ། །ཁྲབ་རྨོག་འཁོར་གསུམ་གསེར་ལ་བཤན། །སེར་བོ་གཉན་ནས་ཆས་པ་འདྲ། །དཀྱིལ་ཤོག་དུང་འཕྲུ་གྲ་འགྲིགས་རེད། །དུང་བྱང་གངས་རི་སྤུངས་ལ་དཔེ། །ཁྲབ་རྨོག་འཁོར་གསུམ་དུང་ལ་བཤན། །དུང་སྐྱོང་ཀླུ་ནས་ཆས་པ་འདྲ། །”ལྟ་བུ། འདིའི་ནང་དཔེ་ཅན་གླིང་རུའི་ཁྲི་རྒོད་དཔུང་བ་དེ་གཡས་གཡོན་དཀྱིལ་བཅས་ཤོག་ཁག་གསུམ་དུ་གྲལ་བྱས་ནས་དཔུང་དུ་སྐྱོད་པ་ལ་རྩོམ་པ་པོས་ཤོག་གསུམ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་གཅིག་སྟེ་རྨོག་འཕྲུ་གསུམ་གྱི་ཁ་དོག་ལ་དམིགས་ནས་དཔེ་རིམ་དང་བོ་ལ་རྨོག་འཕྲུ་གསུམ་དེ་དངུལ་བྱང་ཟླ་བ་ཚེས་པ། གསེར་བྱང་ཉི་འོད་ཤར་བ་དང་དུང་བྱང་གངས་རི་སྤུངས་པ་བཅས་སུ་དཔེ་བྱས་དེ་ནས་དགའ་བའམ་སྤྲོ་བའི་ངང་དཔེ་དེ་གསུམ་གྱིས་དར་འཕྲུ་རང་རྒྱན་པ་ཙམ་མིན་པར་དཔེ་ཅན་ལུས་ཀྱི་ཁྲབ་རྨོག་འཁོར་གསུམ་ཡང་རྒྱན་པར་བྱས། དེ་དག་གི་རྣམ་པའམ་གཟུགས་བརྙན་ནི་གཡུལ་འགྱེད་ཀྱི་ཁོར་ཡུག་དང་བསྟུན་ནས་བརྗིད་ཅིང་རྔམ་པ་དཀར་བོ་ལྷ་ནས་ཆས་པ་འདྲ་བ། སེར་བོ་གཉན་ནས་ཆས་པ་འདྲ་བ། དུང་སྐྱོང་ཀླུ་ནས་ཆས་པ་འདྲ་བ་བཅས་སུ་དཔེ་རིམ་གསུམ་སྦྱར་བས་དཔེ་ཅན་ཧྲིལ་བོ་གསུམ་སྔར་བས་མཛེས་བརྗིད་ཀྱིས་ཕྱུག་ལ་བླ་ལྷག་གི་འོད་མདངས་ཤིག་ཀྱང་ལྡན་པར་བྱས། འདི་ནི་དེང་རབས་ཀྱི་མཛེས་དཔྱོད་བསམ་གཞིགས་དང་ཆེས་མཐུན་པར་འདྲ་སྟེ་གང་ཞིག་རྡོ་ཆག་བཙན་བསྒྲིགས་སྒོས་མཛེས་པའི་རྣམ་པ་ཞིག་ཏུ་བཅོས་བཟོ་བྱས་པ་མ་ཡིན་པར་མཛེས་པའི་ཆ་ཕྲ་མོ་ཙམ་དེ་རིམ་བཞིན་དུ་ངང་ངམ་ཤུགས་ཀྱིས་ཡིད་ཀྱི་སྤྲོ་པའི་འགྲོས་སུ་བཀུག་ནས་དེ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པ། འདོད་ཡོན་གྱིས་ཕྱུག་པའི་མཛེས་སྡུག་གི་ལོངས་སྤྱོད་ཞིག་གསར་རྙེད་བྱུང་ཡོད་པ་དེ་ལགས།
རྒྱ་གར་བའི་“མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །”དང་ཡང་ན་“ཁྱོད་ཀྱི་གདོང་ནི་པད་མ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །” “ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་དེ། །ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ། །”ལྟ་བུ་ཧ་ཅང་འགྱུར་བག་ལྡན་པའི་མཛེས་རིས་དག་དང་བསྡུར་ཚེ་ཁ་བ་རི་བོ་པའི། “སྐུ་སྟོད་སེང་གེ་འགྱིང་འདྲ། །སེང་གེས་གཡུ་རལ་ངོམ་འདྲ། །སྐུ་སྨད་གླང་ཆེན་འགྱིང་འདྲ། །གླང་ཆེན་དར་སྣས་བརྒྱན་འདྲ། །སྐེད་པ་རྡོ་རྗེ་བཤམས་འདྲ། །རྡོ་རྗེ་དར་གྱི་བཏུམས་འདྲ། །” 《ཧོར་གླིང་གཡུལ་འགྱེད》(P405)ལྟ་བུའི་དཔེ་འདིས་མི་རིགས་འདིའི་རང་གཤིས་གསལ་རྗེན་དུ་མཚོན་ཡོད་དེ་རྒྱ་ཆེ་ཞིང་གཏིང་ཟབ་པ་སྤོབས་ཉམས་དང་སྙིང་སྟོབས་ཀྱིས་ཕྱུག་པའི་བོད་མིའི་གཤིས་རྒྱུད་རྣལ་མ་དེ་ཡིན་པས་སོ༎ བོད་རང་ལ་གནའ་ནས་རང་ཡིད་ཀྱི་དགའ་སྤྲོའི་གཟུགས་བརྙན་དག་རྟོག་ཡུལ་ལས་བརྒལ་བའི་དཔེ་གཞི་ཁྱད་པར་ཅན་མང་བོ་རྒན་གཞོན་སུ་ཡིན་རུང་ངག་ནས་ཆུ་བོ་འབབ་འབབ་བཞིན་རྩོམ་པའི་སྒྱུ་རྩལ་གྱི་ཁྲག་དྲོད་ཞིག་སྙིང་དཀྱིལ་དུ་རྒྱས་ཡོད་ལ་གསར་གཏོད་དམ་མགྲིན་པ་གཟེངས་སུ་བསྟོད་ནས་དགའ་བའི་གླུ་དབྱངས་ལེན་པའི་སྤོབས་པ་ཞིག་ཀྱང་རང་བཞིན་དུ་གནས་ཡོད། དེ་བས་རྣམ་གྲངས་གསུམ་ངེས་ཀྱི་དཔེ་དཔེ་ཅན་《གེ་སར་སྒྲུང》དུ་མང་བོ་ཡོད་ལ་དམངས་ཁྲོད་ཀྱི་གླུ་གཞས་དང་ཆང་མཆོད་དག་ཏུའང་ཧ་ཅང་མང་། བརྗོད་ཚུལ་འདིས་《གླིང་སྒྲུང》གི་རྩོམ་རིག་གི་རོ་ཕུན་ཚོགས་སུ་བཏང་ཞིང་མཛེས་དཔྱོད་ཀྱི་འདུ་ཤེས་ཀྱང་ཚད་མཐོན་པོ་ཞིག་ལ་སླེབས་པར་བྱས་ཡོད།
གཉིས།  བོད་ཀྱི་ཚིག་རྒྱན་རིག་པའི་ནང་ཉམས་འགྱུར་འདོན་སྟངས་ཐད་ས་པཎ་གྱི་《མཁས་མཇུག》
ལས། “སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙེང་རྗེ་རྔམ་དང་ཞི་བ་དགུ། །འཆི་མེད་མཛོད་ལས་བརྒྱད་དུ་བསྡུས། །”ཞེས་གསུངས་པ་ལྟར་བརྒྱད་དམ་དགུ་ཙམ་དབྱེ་ཡོད་འདུག དེ་ཡང་ནང་སེམས་ཀྱི་འགྱུར་བ་དགའ་སྤྲོ་འཇིགས་སྡང་སོགས་ཕྱི་ལུས་ཀྱི་རྣམ་པའམ་བྱ་སྤྱོད་སྨྲ་བརྗོད་སོགས་ཀྱི་བྱེད་ལས་སྣ་ཚོགས་བཀོད་འབྲི་བྱེད་པ་དང་གཅིག ཕྱི་རོལ་གྱི་ཡུལ་ལྗོངས་དང་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ། རྒྱན་གོས་ཁང་བཟང་འདོད་ཡོན་ལྔའི་ལོངས་སྤྱོད་སོགས་མཛེས་སྡུག་གི་ཆ་བྱད་དག་དཔེ་དོན་འཕྲོད་སྦྱོར་སྒོས་སྙན་འཇེབས་ཡིད་དུ་འོང་བ་ཞིག་ཏུ་བཀོད་འབྲི་བྱེད་པ་དང་གཉིས་སུའང་དབྱེ་ཡོད་པ་དེའོ༎ 《གེ་སར་སྒྲུང》ནི་མི་སྣ་གཙོ་བོར་བརྗོད་ལ་དྲག་པོའི་གཡུལ་འགྱེད་ཀྱི་རྣམ་པ་གཙོ་བོར་མཚོན་པའི་ལོ་རྒྱུས་སྙན་ཚིག་རིང་མོ་ཞིག་ཡིན་ཕྱིར་རང་ཉིད་ཀྱི་སྒྱུ་རྩལ་གྱི་རྣམ་པའམ་དཔེ་དོན་ཕུན་སུམ་ཚོགས་པ་དེ་དག་ཚིག་གི་ཉམས་འགྱུར་ཐོག་ནས་དཔེ་དོན་གྱི་ཉམས་འགྱུར་དངོས་ཀློག་པ་པོའམ་ཉན་པ་པོའི་ཡིད་ཀྱི་ལོངས་སྤྱོད་ཀྱི་ཆ་ཤས་སུ་ཕུལ་ཐབས་ལ་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་སྤྱད་ནས་ཕྱི་ནང་གི་ཉམས་འགྱུར་གསོན་ཉམས་ལྡན་པ་ཞིག་མཚོན་ཡོད་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་འདི་ཉིད་ཕུན་ཚོགས་ཇེ་ལེགས་སུ་བཏང་ཡོད། དཔེར་ན་འབྲུག་མོའི་སྒེག་ཉམས་བཀོད་འབྲི་བྱས་པ་ལ་《ཧོར་གླིང་གཡུལ་འགྱེད》(སྟོད་P558)ལས། “ལུས་སྐྱེ་མཆེད་སྤ་དཀར་ལྡེམ་ལ་དཔེ། །ངག་སྙམ་མོ་ཁུ་བྱུག་གསུང་ལ་དཔེ། །ཡིད་དྭངས་པ་དངུལ་དཀར་མེ་ལོང་དཔེ། །”ལྟ་བུ། ཡང་དཔེར་ན་《མོན་གླིང་གཡུལ་འགྱེད》(P347)ལས་“གཡུ་རལ་བཅོ་བརྒྱད་མགོ་ལ་མཛེས། །གོས་རབ་བཅོ་བརྒྱད་ལུས་ལ་མཛེས། །རྒྱན་རབ་བཅོ་བརྒྱད་མགུལ་ན་བཀྲ། །ས་སྟེང་བུ་མོའི་ཕུད་ཅིག་ཡིན། །”ལྟ་བུ། ལུས་ངག་ཡིད་གསུམ་ནི་བོད་ཀྱི་བཟོ་རིག་པའི་གནད་གསུམ་མམ་མཛེས་དཔྱོད་ཀྱི་གཞི་འཛིན་ས་གསུམ་ཡིན་པས་གཟུགས་ཀྱི་སྙིང་བོར་གྱུར་བའི་དེ་གསུམ་ལས་ཕྱིའི་ལུས་ཀྱི་སྒེག་པའི་ཆ་ལུས་སྐྱེ་མཆེད་སྤ་དཀར་ལྡེམ་ལ་དཔེ་སྦྱར་བ་དང་ནང་སེམས་ཀྱི་འགྱུར་བའམ་མཛེས་སྡུག་གི་ཆ་དེ་ངག་ཡིད་གཉིས་ལས་སོ་སོ་ཁུ་བྱུག་དང་དངུལ་དཀར་གྱི་མེ་ལོང་ལ་དཔེ་སྦྱར་དེ་ཕྱིའི་གཟུགས་རྣམ་ཡིད་དུ་འོང་བ་ཞིག་ལ་བཀོད་ཡོད་པ་དེས་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་ཕྱི་ནང་གཉིས་ཀའི་ཆ་ནས་མཛེས་སྡུག་གི་དཔལ་རྫོགས་ཤིང་རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་དངོས་ཡིན་པ་དེ་སྒེག་ཉམས་ལྡན་པའི་སྒྱུ་རྩལ་གྱི་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་ཏུ་བཀོད་འབྲི་བྱས་ཡོད། དཔེར་བརྗོད་ཕྱི་མ་དེའི་ནང་གཙོ་བོ་མགོ་ལུས་མགུལ་གསུམ་གྱི་རྒྱན་གོས་ཀྱི་སྒེག་ཉམས་བརྗོད་པ་ལས་འབྲུག་མོ་དེ་ཉིད་ས་སྟེང་བུ་མོའི་ཕུད་ཅིག་ཡིན་པའི་སྣང་བརྙན་དེ་གོ་ཇེ་གསལ་དུ་བཏང་ལ་བོད་མི་ཕལ་བའི་མཛེས་དཔྱོད་ཀྱི་ཚད་དང་བསྟུན་ནས་སྣང་བརྙན་གསར་བ་ཞིག་མགོ་ལུས་མགུལ་བཅས་རྣམ་གྲངས་གསུམ་ངེས་ཀྱི་སྒོ་ནས་དཔེ་དོན་ལེགས་པར་སྦྱར་ཡོད།
དཔའ་བའི་ཉམས་དེའང་ནང་གི་དཔའ་བ་དང་ཕྱིའི་དཔའ་བ་སྟེ་ནང་གི་དཔའ་བ་ནི་དཔའ་ཞུམ་པ་མེད་པ་བློ་སྟོབས་ཀྱིས་ཕྱུག་པ་བརྟན་ཞིང་བརླང་བ་དགྲ་གྲོགས་ཚང་མས་གོང་དུ་བཀུར་དགོས་པ་ཞིག་ལ་བརྗོད། ཕྱིའི་དཔའ་བ་ནི་གཡུལ་འཇུག་གི་རྣམ་པ་དང་དྲག་པོའི་རྩལ་གྱིས་དགྲ་ནག་པོ་གཉའ་ནས་གནོན་པའི་ཉམས་འགྱུར་བརྗོད་པའི་དོན་དེ་ཉིད་དོ༎ གླིང་གི་དཔའ་བརྟུལ་སུམ་ཅུ་ནི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་ཡིན་བཞིན་ཕྱི་ནང་གང་ནས་ཀྱང་དཔའ་བའི་ཉམས་རེ་སོ་སོའི་གླུ་ངག་ནས་གྱེར་བ་ལྟར་ཏེ་རྣམ་གྲངས་གསུམ་ངེས་ཀྱི་སྒོ་ནས་བརྗོད་པའི་དཔེ་མཚོན་ཅན་ནི་དཔེར་ན་བློན་ཚ་ཞང་འདན་མ་སྤྱང་ཁྲའི་དཔའ་ཉམས་བརྗོད་པའི་སྐོར་ལ། 《ཧོར་གླིང་གཡུལ་འགྱེད》(སྟོད་P755)ལས། “ལྷ་མེད་ཀྱང་གེ་སར་ཆོས་བློན་ཡིན། །རྩལ་མེད་ཀྱང་རྒྱ་ཚའི་དཔུང་ཡ་ཡིན། །ཚོ་མེད་ཀྱང་ཚ་ཞང་མགོ་རྫི་ཡིན། །”ལྟ་བུ། འདི་ནས་འདན་མའི་སྤོབས་ཉམས་སམ་ནང་གི་དཔའ་བའི་ཉམས་ཏེ་རང་ཉིད་ནི་གེ་སར་གྱི་ཆོས་བློན་དང་རྒྱ་ཚའི་དཔུང་ཡ། ཚ་ཞང་གི་མགོ་རྫི་འཁྲུལ་མེད་ཡིན་ཚུལ་བསྟན་ལ་ཁོ་ཚ་ཞང་འདན་མ་སྤྱང་ཁྲ་མདའ་སྐྱིན་པོ་འཕེན་པའི་འདན་མ་ཡིན་པ་མ་ཟད་བློ་མྱུར་བ་ཁོག་ཡངས་པའི་ཆོས་བློན་ཞིག་དང་འབངས་མི་བྱམས་ཀྱིས་སྐྱོང་བའི་འགོ་དཔོན་ཞིག་ཀྱང་ཡིན་པའི་སྤོབས་ཉམས་དེ་མངོན་པར་མཚོན། ཡང་དཔེར་ན་《ཤན་འདན་སྟག་མོ་ཁ་སྤྲོད》(P22)ལས། “རྐང་མཐེབ་དྲུག་གིས་ཡོབ་ཐག་གཅོད་ཤོམ། །བརླ་ཤེད་ཆེན་གྱིས་གསེར་སྒ་གཅོད་ཤོམ། །ལུས་ཤ་རྒྱས་ཀྱིས་ཁྲབ་རྫོང་གཏོར་ཤོམ། །”ལྟ་བུ། འདི་ཉིད་ལས་འདན་མ་དེ་དྲག་པོའི་གཡུལ་དུ་ཆས་པའི་སྐབས་ཀྱི་དཔའ་བའི་ཉམས་འགྱུར་ཐད་ཀར་མཚོན་པ་ཡིན་ལ་བརྗོད་ཚུལ་ཐད་དཔེར་བརྗོད་སྔ་མ་བཞིན་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་བཀོལ་ཡོད། སྐབས་སུ་བབས་པའི་གླེང་བྱ་གཙོ་བོ་ནི་ཉམས་འགྱུར་གྱི་སྒྱུ་རྩལ་དེ་ཁོ་ན་མིན་པར་དེ་ཉིད་ཀྱི་འདུས་ཡུལ་ལམ་རྣམ་པ་སྟེ་རྣམ་གྲངས་གསུམ་ངེས་ཀྱི་བརྗོད་ཚུལ་དེ་ཡིན་ལ་འདི་ཉིད་ནི་སྔོན་ཆད་བོད་ཀྱི་རྩོམ་རིག་གི་གསོས་སུ་གྱུར་བའི་སྙིང་བཅུད་ཞིག་ཡིན་ཚུལ་བརྗོད་འདོད་པ་དེ་ལགས།
ཉམས་འགྱུར་ལ་ད་དུང་མི་སྡུག་པ་བཞད་གད་དྲག་ཤུལ་འཇིགས་རུང་སྙིང་རྗེ་རྨད་བྱུང་སོགས་མང་མོད་རེ་རེ་བཞིན་གསལ་བཤད་བྱེད་དགོས་དོན་མེད་དེ་གོང་བརྗོད་བཞིན་གཙོ་བོ་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་ལག་ཐབས་ཤིག་ཡིན་པ་བསྒྲུབ་པར་བྱ་བའི་ཕྱིར་ཡིན་པས་དཔེ་མཚོན་ཅན་གྱི་དཔེར་བརྗོད་རེ་དྲངས་ན་འདི་ལྟར་ཏེ།
༡.འཇིགས་རུང་གི་ཉམས་ལ་《ཧོར་སེར་འགྱོད་པའི་མིག་ཆུ》(P118-120)ལས། “གཡས་རྭ་བརྒྱད་གངས་རི་གནམ་ཟུག་འདྲ། །གཡོན་རྭ་བརྒྱད་གྲིབ་སོ་གུག་པ་འདྲ། །དབུས་ར་བར་དུག་རྭ་ཐོན་ཐོ་དེ། །བྱ་ཨ་ཐང་ཤི་བའི་རོ་དང་འདྲ། །” “ཀི་བཏབ་ན་འབྲོང་མོ་རྦབ་ལ་འཆི། །རྐན་བཏབ་ན་སེང་གེ་གངས་ནས་ཞུམ། །སྣ་བསྙེར་ན་དོམ་ནག་དབང་བོ་འཆོར། །”ལྟ་བུ།
༢.རྨད་བྱུང་གི་ཉམས་ལ་དཔེར་ན་《ཧོར་གླིང་གཡུལ་འགྱེད》(སྨད་P402)ལས། “ངའི་སྐུ་ལུས་མདའ་སྨྱུག་ལྡེམ་ཡག་འདིའི། །སྐུ་སྐེད་པའི་སྐེ་རགས་ཡན་ཆད་ལ། །ལྷ་སྒྲོལ་མ་ཉི་ཤུ་རྩ་གཅིག་བྱོན། །སྐུ་སྐད་པའི་སྐེ་རགས་མན་ཆད་ལ། །མ་འཛམ་གླིང་བསམ་བརྟན་བཅུ་གཉིས་བྱོན། །ང་སོང་ན་རྨ་བྱའི་འགྲོས་སྟངས་ཡིན། །ང་ལངས་ན་སྨྱུག་མ་ལྡེམ་འདྲ་ཡིན། །ང་བསྡད་ན་གུར་དཀར་ཕུབ་འདྲ་ཡིན། །ངའི་སྐུ་ལ་ཙན་དན་དྲི་བཟང་ཁྱབ། །ལུས་ལ་སྨན་སྤོས་དྲི་ཞིམ་འཐུལ། །ལུས་བདེ་འཇམ་དར་དཀར་བཤམས་འདྲ་རེད། །”ལྟ་བུ།
༣.ཞི་བའི་ཉམས་ལ་《རི་ནུབ》(P130)ལས། “གཡས་ན་གསེར་གྱི་འཁོར་ལོ་བསྣམས། །གཡོན་ལ་ཤེལ་དཀར་ཕྲེང་བ་འཛིན། །སྤྲིན་མེད་ཉི་མ་འཆར་འདྲའི་བུ། །”ལྟ་བུ།
༤.མི་སྡུག་པའི་ཉམས་ལ་《ཧོར་གླིང་གཡུལ་འགྱེད》ལས། “རྨོག་དཀར་མོ་འོག་ན་རྒྱ་ཙུག་ཙུག །ཁྲབ་འབུམ་མེ་ནང་དུ་གཟུགས་སྒུར་སྒུར། །རྟ་འདོ་བའི་སྟེང་ན་མགོ་བྲེལ་བྲེལ། །”ལྟ་བུ།
༥.སྙིང་རྗེའི་ཉམས་ལ་《ཧོར་གླིང་གཡུལ་འགྱེད》ལས། “མས་མ་སོས་བ་དྲུས་མཛོ་མོར་བསྣུན། །མཛོ་མོས་མ་སོས་རྒོད་མར་བསྣུན། །རྒོད་མས་མ་སོས་ཁྱི་མོར་བསྣུན། །”ལྟ་བུ།
༦.བཞད་གད་ཀྱི་ཉམས་ལ་དཔེར་ན《ཧོར་གླིང་གཡུལ་འགྱེད》ལས། “ལུག་ཐོང་བཞི་བཀྱིགས་པ་བྱས་འདྲ་གཅིག །ར་ཚེ་ཚེ་རྩིད་པ་འཐོག་འདྲ་གཉིས། །གཡག་རོག་པོ་སྐེ་ཁྲག་གཏར་འདྲ་གསུམ། །ཡོང་ངེས་པ་ཁྲོ་ཐུང་ཁྱོད་ལ་ཡོང་། །”ལྟ་བུ།
༧.དྲག་ཤུལ་གྱི་ཉམས་ལ་དཔེར་ན་《ཁྱུང་ཚ་སྤུན་ལྔ》ལས། “གདུག་རྩུབ་ནམ་མཁའི་སྤྲིན་ནག་འཚུབ་འཚུབ། །ལྐོག་གཏམ་སྔགས་པས་དྲག་སྔགས་འདོན་འདོན། །སྐོར་རྒྱུག་ར་རྒན་ཆར་བས་འདེད་འདེད། །ལྭ་འདབས་ཨ་མྱེས་དར་ནག་རྡེབ་རྡེབ། །ཞེས་སྡང་སྤྲུལ་ནག་ཐུར་དུ་བརྒྱུགས་འདྲ་ཞིག་བྱས།”ལྟ་བུའོ༎
རྩོམ་གྱི་ལུས་གང་ཡིན་རུང་བརྗོད་བྱར་བསྟུན་པའི་ཉམས་འགྱུར་ཁྱད་མཚར་བ་ཞིག་ཡོད་སྲིད་ལ་དེ་ནི་སྙིང་བོ་ལྟ་བུ་ཡིན། ཚིག་གི་ཉམས་འགྱུར་གྱིས་ཀློག་པ་བོའི་ནང་སེམས་ཀྱི་དགའ་སྡང་གང་རུང་ཚད་ངེས་ཅན་ཞིག་ཏུ་བསྒྱུར་ཐུབ་ལ། སྒྱུ་རྩལ་ལམ་ཕ་རོལ་བོ་ཀློག་པའི་གྲུབ་འབྲས་དེའང་སྐད་ཅིག་མའི་ཡིད་ཀྱི་འགྱུར་བའི་ནང་བློ་ཡུལ་ནས་གཏན་དུ་ཉར་བར་བྱེད་འགྲོ། ལུས་ངག་ཡིད་གསུམ་མམ་ཁྲབ་རྨོག་འཁོར་གསུམ་གང་རུང་ཞིག་གནད་དུ་བཟུང་ནས་བརྩམས་པའི་དོན་དེ་དཔེ་དང་བཅས་པ་ཉམས་འགྱུར་ཆེ་གེ་མོ་ལ་བསྟེན་ནས་བཀླག་བྱ་དང་ཀློག་པ་བོའི་བར་གྱི་བཀག་རྒྱ་གང་རུང་ཞིག་སེལ་བར་བྱས་ལ་ཀློག་པ་བོའི་ཡིད་ཀྱི་བདེ་བའི་ཆ་ཤས་ཤིག་ཏུ་གྱུར་བ་དེས་མཛེས་དཔྱོད་ཀྱི་ལས་འགུལ་དེ་ལེགས་འགྲུབ་བྱུང་བ་ཡིན། རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་དེས་འདི་དག་གི་འཕྲོད་སྦྱོར་སྟངས་བདེ་བོར་བཏང་ལ་མི་རབས་མང་བོར་བརྒྱུད་པའི་《གེ་སར་སྒྲུང》དེ་དུས་སྐབས་སོ་སོའི་བོད་ཀྱི་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཉན་འདོད་པའི་གྱེར་འཆད་སྒྱུ་རྩལ་རྣལ་མ་ཞིག་ཏུ་ཆགས་པར་བྱས།
དུས་རབས་བཅུ་གསུམ་པའི་སྐབས་《མེ་ལོང་མ》ཕྱི་ནས་ནང་དུ་དར་བ་དང་དུས་རབས་ཉི་ཤུ་པའི་ནང་བརྩམས་སྒྲུང་རང་མོས་སྙན་ངག་སོགས་གསར་དུ་དར་པའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་འཕེལ་རིམ་ནང་《གླིང་སྒྲུང》ལ་བཅད་ལྷུག་སྤེལ་མའི་རྣམ་པའམ་ཧ་ཅང་རིང་བ་ལོ་རྒྱུས་ཀྱི་དྲི་ངད་ལྡིང་བ་བཅས་ཀྱི་ཁྱད་ཆོས་གཞིར་བྱས་ནས་བོད་ཀྱི་རྩོམ་རིག་གི་མ་ལག་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ཉིད་ལས་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་རིག་གནས་ཀྱི་རྣམ་པ་མི་གཤིས་ཀྱི་རང་བཞིན་སོགས་མངོན་པར་མཚོན་པའི་ལག་ཐབས་སམ་སྙིང་བོ་ལྟ་བུ་ནི་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་འདི་རེད་དེ་མིའམ་ཡུལ་ལྗོངས་ཀྱི་རྣམ་པ་བརྗོད་པ་ནས་བཟུང་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་དེ་རིམ་བཞིན་བོད་ཀྱི་《གླིང་སྒྲུང》རྩོམ་པ་བོ་དང་ཉན་པ་བོ་དག་གི་ཡིད་ཀྱི་ཆ་ཤས་སམ་མཛེས་དཔྱོད་ཀྱི་འདུ་ཤེས་ཤིག་ཏུ་གྱུར་ཡོད། རྩོམ་གྱི་རྣམ་པ་གང་ཡིན་རུང་མིའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སྐོར་ལྷུག་པར་བརྗོད་རྒྱུ་ནི་ལས་སླ་བོ་ཞིག་མིན་ལ་རང་མི་རིགས་ཀྱི་སེམས་ཁམས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཉམས་འགྱུར་གང་རུང་ཞིག་གསོན་ཉམས་ལྡན་པའི་ངང་བརྗོད་རྒྱུ་ནི་དེ་བས་ཀྱང་དཀའ། འོན་ཀྱང་མི་རིགས་རང་གི་རིག་གནས་སམ་སེམས་གཤིས་ཀྱི་ཁྱད་ཆོས་དང་འགལ་ཟླ་ཆེར་མ་གྱུར་ཚེ་སྲོལ་རྒྱུན་གཞིར་བྱས་པའི་ཐོག་རྩོམ་ཐབས་གསར་བ་མང་བོ་རྙེད་ཡོང་སྲིད་ལ་ནང་ཁུལ་གྱི་འགྱུར་བ་དག་ཀྱང་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པ་ཞིག་སྙན་འཇེབས་ཀྱི་ཚིག་ཏུ་སྦྱོར་ཐུབ་སྲིད་སྙམ། དེ་བས་ཉམས་འགྱུར་བརྗོད་སྟངས་ཐད་《གླིང་སྒྲུང》དུ་འདི་ཉིད་སྣང་མེད་དུ་མ་བྱས་པར་གོམ་གང་མདུན་སྤོས་སྒོས་འཐུས་ཚང་དུ་བཏང་ཡོད་ལ་སྒྱུ་རྩལ་གྱི་ཁྱད་ནུས་ཕུན་སུམ་ཚོགས་དེའང་དངོས་ཤུགས་གང་རུང་སྒོས་《གླིང་སྒྲུང》གི་མགོ་ནས་མཇུག་བར་གང་སར་བཀྲམ་ཡོད། མི་རིགས་ཀྱི་རྩོམ་རིག་དེ་དུས་རབས་ཀྱི་འཕར་འགྲོས་དང་བསྟུན་ཐུབ་པའི་མི་རིགས་ཀྱི་རྩོམ་རིག་རྣལ་མ་ཞིག་ཏུ་གྱུར་དགོས་ཚེ་རྒྱ་ཆེའི་རྩོམ་པ་བོ་དག་གིས་སྔོན་བྱུང་མཁས་དབང་དག་གི་ཕྱག་སོར་ནས་འབུས་པའི་རྩོམ་རྩལ་གྱི་གྲུབ་འབྲས་དག་ལ་སློབ་ཞིབ་བྱེད་དགོས་པ་མ་ཟད་གཙོ་གནད་དམ་དེ་འགྲུབ་པའི་མྱུར་ལམ་ཞིག་ཡོད་སྲིད་ན་དེ་ནི་རང་གི་ཕ་སྐད་བརྗེད་ངེས་ཀྱི་རླུང་དུ་མི་སྐུར་བ་དང་དེང་དུས་རང་རེའི་རྩོམ་གཞུང་དུ་དོ་སྣང་ཆེར་མི་བྱེད་པའི་རང་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ནས་ཀྱང་སྙིང་བཅུད་གསར་འདོན་མཁས་དགོས་པ་དེ་ཡིན་འདུག
གསུམ། 《མེ་ལོང་མ》ལས། “སེམས་ལྡན་དག་གམ་ཅིག་ཤོག་ཀྱི། །རྣམ་པ་གཞན་དུ་གནས་པའི་ཚུལ། །གང་དུ་རྣམ་གཞན་རབ་རྟོགས་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར། །”ཞེས་གསུངས་པ་ལྟར། སྙན་ངག་མཁན་གྱིས་བརྗོད་བྱའི་དོན་དེ་འཇིག་རྟེན་གྱི་ལྟར་སྣང་ལས་བརྒལ་བའི་ཚད་ཞིག་ལ་རབ་ཏུ་བཏགས་པར་བྱེད་འགྲོ་བ་དེས་རབ་རྟོག་གི་རྒྱན་ཞེས་ལོགས་སུ་བཀར་ནས་དཔེ་དང་བཅས་པ་སྦྱར་ཡོད། “མཁས་པས་བཤད་ན་ཅི་ཡང་བདེན། །སྙན་ངག་མཁན་གྱིས་ཅི་ཡང་བརྒྱན། །”ཞེས་པའི་དཔེ་བཞིན་རབ་རྟོག་རྒྱན་ནམ་རབ་བཏགས་ཀྱི་དཔེ་ལ་ཚང་མ་དགའ་ཞིང་འཇུག་པར་བྱེད། བོད་རང་ལ་འདིའི་ཕྱོགས་ནས་དམངས་ཁྲོད་རྩོམ་རིག་ཏུ་དར་ཡོད་དམ་ཞེ་ན། དར་ཡོད་ཅེས་བརྗོད་ཆོག་སྟེ་ང་ཚོས་《གླིང་སྒྲུང》ལ་བལྟས་ཚེ་དེ་མུར་བོད་ཀྱི་སྒྱུ་རྩལ་པ་དག་གིས་ཀྱང་སྔ་མོ་ནས་ལག་ཐབས་འདི་སྤྱད་ཡོད་པ་ཤེས་འགྲོ། མ་ཟད་རང་ཉིད་ལ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ལྡན་ཡོད་དེ། རྣམ་པ་ནི་བཤད་མ་དགོས་པར་རྣམ་གྲངས་གསུམ་ངེས་སུ་འདུ་བ་ཆེས་མང་། དཔའ་བརྟུལ་ཆེ་གེ་མོ་ངོ་སྤྲོད་བྱེད་དུས་སམ་ཁོ་རང་གིས་ཆེར་བསྟོད་སྒོས་རང་གི་དཔའ་ཉམས་སམ་ལུས་ཀྱི་འཁོར་གསུམ་སོགས་བརྗོད་དུས་《མེ་ལོང་མ》ནང་གི་རབ་རྟོག་གི་རྒྱན་དང་ཧ་ཅང་མཚུངས་པའི་བརྗོད་ཚུལ་ཞིག་བཀོལ་ཡོད། དཔེར་ན་དཔའ་བརྟུལ་ཉ་ཚ་ཨ་བརྟན་གྱི་ཆེར་བསྟོད་ལ་《གླང་རུ》ལས། “རི་རབ་བྱང་མའི་ཁང་ཁྱིམ་ནས། །ཁྱུང་སྒོ་ངའི་ནང་ནས་གཤོག་དྲུག་རྒྱས། །རྒྱ་ནག་ཤིང་གི་ར་བ་ནས། །སྟག་མ་ཡི་ཁོག་ནས་འཛུམ་དྲུག་རྒྱས། །སྨར་ཁམས་གླིང་གི་གཅེས་ཕྲུག་ལ། །ཆུང་ཨ་མའི་ཕང་ནས་རྩལ་དྲུག་རྒྱས། །”ལྟ་བུ། ཡང་དཔེར་ན་འབྲུ་དགའ་སྡེ་ཆོས་སྐྱོང་བེར་ནག་བརྗོད་སྐབས་《ཧོར་གླིང་གཡུལ་འགྱེད》ལས། “ཤེད་ཆེན་རི་བོ་དཔུང་བས་འཕེན། །ཐབས་མཁས་རླུང་ནག་སྤར་གྱིས་འཛིན། །ས་རྨུ་ཐག་ཞགས་པའི་བདག་པོ་ཡིན། །སྟེང་མ་ལྷ་དང་བཀའ་གྲོས་བྱེད། །འོག་མ་ཀླུ་ཡིས་ནོར་བུ་འབུལ། །བར་མ་གཉན་གྱིས་འཕྲིན་ལས་སྒྲུབ། །ངས་མཛུབ་མོའི་རྩེ་ནས་ཐོག་དམར་ཁྲིད། །རལ་བ་གསིག་ན་སེར་བ་འབེབས། །རྐང་བ་བརྡབ་ན་རྒྱ་མཚོ་འཕྱུར། །”ལྟ་བུ། དཔེར་བརྗོད་འདི་གཉིས་ཀྱི་བརྗོད་བྱ་ནི་དཔའ་བརྟུལ་གཉིས་ཀྱི་དཔའ་སྙིང་སྟོབས་སམ་ལུས་ཀྱི་དྲག་རྩལ་གང་འདྲ་ཞིག་ཡིན་མིན་སྐོར་རེད་ལ། རྗོད་བྱེད་ཀྱི་ཚིག་སྦྱོར་ནི་གཞན་དག་ལྟར་དཔེ་དཔེ་ཅན་གཉིས་སྦྱར་བ་ཙམ་མིན་པར་རྣམ་གྲངས་གསུམ་ངེས་ཀྱི་རྣམ་པ་སྤྱད་ནས་དཔའ་བརྟུལ་ཉ་ཚ་ཨ་བརྟན་ཆུང་ཨ་མའི་པང་ནས་རྩལ་དྲུག་རྒྱས་པ་དེ་ཁྱུང་སྒོ་ང་ནས་གཤོག་རྩལ་རྒྱས་པ་དང་སྟག་ཕྲུག་མ་ཁོག་ནས་འཛུམ་དྲུག་རྒྱས་པའི་དཔེ་གཉིས་དོན་གཅིག་ལ་སྦྱར་ཏེ་རྣམ་གྲངས་གསུམ་ངེས་སྒོས་རབ་རྟོག་གི་ཚུལ་དུ་སྦྱར་ཡོད། ཆོས་སྐྱོང་བེར་ནག་དེ་ལྷ་ཀླུ་གཉན་གསུམ་གྲོགས་སུ་འགུག་ཐུབ་པ་ཤེད་ཆེན་རི་བོ་དཔུང་བས་འཕེན་པ། ཐབས་མཁས་རླུང་ནག་སྦར་གྱིས་འཛིན་པའི་དཔའ་བརྟུལ་རྔམ་བརྗིད་ཅན་ཞིག་ཡིན་པ་ཆེར་བསྟོད་བྱས་ཡོད་ལ་དཔེར་བརྗོད་གཉིས་ཀ་རྣམ་གྲངས་གསུམ་ངེས་ཅན་ཡིན་ཞིང་བརྗོད་ཚུལ་ཁྱད་པར་བ་འདིས་སྒྱུ་རྩལ་གྱི་མཛེས་ཉམས་དེ་རིགས་གཟུགས་སྒྲ་དྲི་རོ་དང་ལྡན་པ་ཞིག་མིག་ལམ་ནས་མངོན་སུམ་དུ་བསྐྱལ་ཡོང་བ་འདྲ་བའི་སྣང་བ་ཞིག་ཀྱང་བཟོ་ཐུབ་ཡོད།
མཚོན་ཆ་དང་སྲོག་ཆགས་སོགས་ཀྱི་ཆེ་བའམ་ཁྱད་པར་བརྗོད་པའི་ཆ་ལ་གེ་སར་གྱི་འུར་ཁྲ་ཐུང་མ་བཀོད་འབྲི་བྱས་པ་《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》ལས། “འུར་མཐིལ་ཟླ་བ་གསུམ་ལ་སླས། །དགྲ་ལྷ་མཆེད་དགུའི་བཞུགས་གནས་ཡིན། །དཔའ་ལུང་ཉི་མ་གསུམ་ལ་བཀུག །འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན། །”ལྟ་བུ། འུར་ཁྲ་ཐུང་མ་དེ་ཕར་བལྟས་ན་འུར་རྡོ་ཕལ་བ་ཞིག་ཡིན་པ་འདྲ་མོད་དེ་ནི་གླིང་རྗེ་གེ་སར་གྱི་འུར་རྡོ་ཡིན་པས་གཅིག་ནས་དགྲ་ལྷ་འཁོར་ཡོད་སྲིད་ལ་གཉིས་ནས་བྱིན་རླབས་ཀྱིས་ཕྱུག་པ་ཞིག་ཀྱང་ཡིན་ངེས་པས་འུར་ཁྲ་དེ་རང་བཞིན་གྱི་འུར་ཁྲ་ཞིག་མིན་ཚུལ་ཆ་ཚང་བོ་ཞིག་སྟོན་དགོས་ཚེ་ལས་སླ་མོ་ཞིག་མིན་སྙམ། འདིར་རྩོམ་པ་པོས་འུར་གྱི་ཆ་ཤས་རྣམ་གསུམ་འུར་མཐིལ་དཔའ་ལུང་ཚར་ལྕེ་བཅས་སོ་སོར་ཕྱེ་ནས་རྣམ་གྲངས་གསུམ་ངེས་ཀྱི་ཚིག་སྦྱོར་ཞིག་ཏུ་བཀོད་ལ་དེ་ནས་འུར་མཐིལ་དང་འ་ལུང་ཚར་ལྕེ་གསུམ་བཟོ་བའི་ཉིན་གྲངས་རྒྱུན་ལྡན་གྱི་ཚད་ལས་བརྒལ་བར་བྱས་ལ་དེ་ཙམ་གྱིས་མ་བཞག་པར་རབ་རྟོག་སྒོས་དགྲ་ལྷ་མཆེད་དགུའི་བཞུགས་གནས་ཡིན་པ་དང་། འགྲོ་དྲུག་དད་པའི་ཨ་ལོང་ཡིན་པ། འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན་པ་བཅས་ལས་ཀྱི་སྒོ་ནས་དེ་གསུམ་གྱི་རྣམ་པའམ་དོན་སྙིང་སྔར་བས་ཕུན་སུམ་ཚོགས་པར་བྱས་ཡོད། ཡང་དཔེར་ན་འབྲོང་གཡག་བརྗོད་པའི་སྐོར་ལ་《སྟག་གླིང་གཡུལ་འགྱེད》(P119)ལས། “འབྲོང་གཡག་ནག་པོ་འཇིགས་སུ་རུང་བ། ལྕགས་ཀྱི་ར་ཐུར་འདོམ་ལྔ་རེ་ཡོད་པ། རྭ་གཉིས་ཀྱི་རྩེ་མོ་ནས་མེ་ལྕེ་མཆེད་པ། ཁ་གདངས་ཤིང་ལྕེ་གློག་ལྟར་བསྐྱོད་ནས་སོ་སྒྲ་ལྡིར་ཞིང་ངར་སྒྲ་འབྲུག་སྟོང་གྲགས་པ་ཙམ་གྱིས་ས་གཞི་ཤིག་ཤིག་ཡོམ་ཡོམ་དུ་འདར་བ། ལུས་བོངས་ཆེ་ཡང་མི་ཆེ་རི་བོ་ཙམ། ཆུང་མི་ཆུང་རི་བོ་ཙམ་ཞིག་ཏུ་སྤྲུལ་ནས་གླིང་སྒར་གཡོག་ཐུབ་པ་འདྲ་ཞིག་བྱས་ནས་ཡོད།”ལྟ་བུ། འབྲོང་གཡག་གི་རྫིག་ཉམས་དེ་འཇིག་རྟེན་པའི་དྲན་སྣང་ལས་འདས་པ་ཐ་ན་དམག་སྒར་ཆེན་པོ་ཞིག་ཀྱང་གཡོག་ཐུབ་པ་འདྲ་བའི་གཟུགས་བརྙན་དེ་ཆེར་བསྟོད་དམ་རབ་རྟོག་གི་སྒོ་ནས་སྒྱུ་རྩལ་གྱི་སྣང་བརྙན་གསར་བ་ཞིག་ཏུ་བཀོད་འབྲི་བྱས་ཡོད། འདིའི་ནང་རྣམ་གྲངས་གསུམ་ངེས་སུ་ཟིན་ཡོད་མེད་དངོས་སུ་མི་མཐོང་ཡང་ཤུགས་སུ་སྣང་བརྙན་དེའང་ནག་པོ་འཇིགས་སུ་རུང་བ། ངར་སྒྲ་འབྲུག་སྟོང་གྲགས་པ་ཙམ་ཡིན་པ། ལུས་ཕུང་ཆེ་ཞིང་བརྗིད་པ་ཞིག་ཡིན་པ་རྣམ་པ་གསུམ་གྱི་སྒོ་ནས་མཚོན་ཡོད།
དེ་ཡང་ཡོད་ཚད་རྣམ་གྲངས་གསུམ་ངེས་སུ་འདུ་དགོས་པའི་ངེས་པ་མེད་ལ་ཚིག་སྦྱོར་ཡོད་ཚད་ཚིག་ཟུར་ཙམ་ལ་བརྟག་ནས་རྣམ་གྲངས་གསུམ་ངེས་ཡིན་པ་བཙན་འདྲེན་བྱེད་དགོས་དོན་ཡང་མེད་མོད་བོད་རང་ལ་ཡོད་པའི་མཛེས་དཔྱོད་ཀྱི་རྣམ་པ་དེས་ཡོད་ཚད་རྣམ་གྲངས་གསུམ་ངེས་སུ་ཟིན་ཡོད་པ་ལྟར་སྣང་ལ། བརྗོད་ཚུལ་ཐད་ནས་དཔེ་དང་ཉམས་འགྱུར་རབ་རྟོག་སོགས་ཀྱང་རྣམ་གྲངས་གསུམ་ངེས་སུ་འདུས་ཡོད་པ་བརྗོད་མི་ཆོག་རྒྱུ་མེད་དེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རྒྱན་འདོགས་སའི་ལུས་ལྟ་བུ་གཅིག་ནི་རྣམ་གྲངས་གསུམ་ངེས་ཀྱི་རྣམ་པ་དེ་རེད་འདུག རྩོམ་རིག་གི་ལག་ཐབས་ཤིན་ཏུ་མང་མོད། བརྗོད་བྱ་རྗོད་བྱེད་བརྗོད་ཚུལ་གསུམ་ཀའི་ཐད་ནས་རང་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དེ་ནི་བོད་ཀྱི་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་འདི་ཉིད་གཅིག་ཡིན། འདིའང་བོད་ཀྱི་གྱེར་འཆད་སྒྱུ་རྩལ་གྱི་ཁྱད་ཆོས་ལས་ཆད་པ་ཞིག་ཡིན་ལ་བོད་རང་གི་དད་འདུན་ནམ་མཛེས་དཔྱོད་ཀྱི་འདུ་ཤེས་ངེས་ཅན་ཞིག་ཀྱང་ཡིན་སྙམ། འོན་ཀྱང་དེང་སྐབས་ཡིན་རུང་ང་ཚོས་རང་གི་གོམས་སྲོལ་ལམ་ཁྱད་ཆོས་དེ་དབྱེ་ཞིབ་སྒོས་གསལ་འབྱེད་རྣམ་དག་ཅིག་བྱེད་མི་ཐུབ་པས་ཡིག་རྩོམ་མང་བོ་ལ་རང་གི་སྲོག་ཤིང་ལྟ་བུའི་མཛེས་དཔྱོད་ཀྱི་ཕུགས་དེ་འཚོལ་རྒྱུ་དཀའ། རྐྱེན་འདི་ལས་གསར་རྩོམ་མིན་པའི་གསར་རྩོམ་གྱི་ངལ་ལས་ཤིག་ཡོང་ངེས་པས་ག་དུས་ཡིན་རུང་སྒྱུ་རྩལ་གྱི་འདོད་མའི་རྣམ་པ་རེ་སྣང་ཡུལ་ནས་རྦད་དེ་འདོར་རྒྱུ་ནི་དཀའ་ལས་ཤིག་རེད་ལ་དགོས་པའང་ཆེར་མི་འདུག་སྙམ།
གཉིས།  ཕྱི་རོལ་གྱི་གཟུགས་སྣང་དག་རྣམ་གྲངས་གསུམ་ངེས་སུ་བསྡུས་ཏེ་དཔེ་དོན་གང་རུང་ཞིག་མཚོན་པའི་ཁྱད་ཆོས།
གོང་དུ་ལེ་ཚན་གསུམ་གྱི་སྒོ་ནས་རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་དེ་བརྗོད་བྱ་རྗོད་བྱེད་བརྗོད་ཚུལ་གང་ཐད་ནས་ཀྱང་རང་རྐྱ་ཐུབ་པའི་རྩོམ་སྟངས་ཁྱད་པར་བ་ཞིག་ཡིན་ཚུལ་དཔེ་དང་བཅས་པ་དབྱེ་ཞིབ་རགས་ཙམ་བྱས་ཡོད། མཐའ་མའི་གླེང་འབྲས་ཀྱང་རྣམ་གྲངས་གསུམ་ངེས་ཀྱིཚིག་རྒྱན་་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཚིག་རྒྱན་ཤིག་ཡིན་ལ་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཚིག་སྦྱོར་གྱི་སྲོག་ཤིང་ལྟ་བུ་ཡིན་པ་རང་བཞིན་གྱིས་འབབ་ཡོང་ངེས། འོ་ན་ཚིག་རྒྱན་འདིའི་འབྱུང་གཞིའམ་གདོད་མའི་དཔྱད་གཞི་དེ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལས་མ་འདས་བསམ། རྩོམ་རིག་ནི་འཚོ་བ་དངོས་ལས་བྱུང་ལ་འཚོ་བ་དངོས་ལས་བརྒལ་བའི་རྣམ་པ་ཅན་གྱི་རང་བཞིན་ལྟར། རང་ཅག་གི་《གླིང་སྒྲུང》རྩོམ་པ་པོ་དག་གིས་ཀྱང་གཏིང་མཐུག་པའི་འཚོ་བའི་ཉམས་མྱོང་གཞིར་བཅས་ནས་རང་གི་དབང་ཤེས་སུ་འཚོ་བའི་ཕྱི་རོལ་ཡུལ་གྱི་གཟུགས་ཅན་དག་རྣམ་གྲངས་གསུམ་ངེས་ཀྱི་རྣམ་པ་རུ་བསྡུས་ནས་བསྟན་བྱའི་དོན་དེ་དཔེ་གཟུགས་གང་རུང་སྒོས་ལེགས་པར་སྦྱར་ཡོད།
(གཅིག) སྲོག་ཆགས་གཅན་གཟན་སོགས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
དཔེར་ན་《གྲུ་གུ་གོ་རྫོང》(P106)ལས། “གངས་དཀར་མོའི་སྒང་རྒྱུད་མ་ཆད་ན། །སེང་དཀར་བོའི་གཡུ་རལ་ཅི་ལ་ཤོར། །རི་ནགས་མའི་སྲིབ་རྫོང་མ་ཆད་ན། །སྟག་དམར་ཡག་འཛུམ་དྲུག་ཅི་ལ་ཤོར། །ཆབ་ཆུ་བོའི་འབབ་ལམ་མ་ཆད་ན། །ཉ་གསེར་མིག་གསེར་གཤོག་ཅི་ལ་ཤོར། །”ལྟ་བུ། འདིའི་ནང་སེང་སྟག་ཉ་གསུམ་དཔེ་རུ་བསྡུས་ཡོད། གཞན་ད་དུང་སེང་སྟག་འབྲོང་། སེང་སྟག་རྒོད། སེང་སྟག་རྐྱང་བཅས་གཟི་བརྗིད་ཀྱིས་ཕྱུག་པ། དཔའ་རྩལ་རྫོགས་པ། མཛེས་ཤིང་སྡུག་པ་བཅས་ཀྱི་དཔེ་རུ་སོ་སོར་མ་དབྱེ་བར་རྣམ་གྲངས་གསུམ་ངེས་སུ་ཚང་བར་བྱས་ལ་ཚིག་སྦྱོར་གྱི་རྣམ་པ་དང་དབྱངས་འགྲོས་ཀྱི་སྡེབ་སྦྱོར་སོགས་གང་ཐད་ནས་ཀྱང་གསོན་ཉམས་ལྡན་པ་ཞིག་བྱས་ཡོད།
(གཉིས) བར་སྣང་ཁམས་ཀྱི་ཆགས་ཚུལ་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
བར་སྣང་ཁམས་སམ་འཇིག་རྟེན་གྱི་ཆགས་སྟངས་ཐད་ནམ་མཁའ་བར་སྣང་ས་གཞི་སོགས་སུ་བགོས་པས་《གེ་སར་སྒྲུང》དུ་འདི་གསུམ་ཚིག་སྦྱོར་དུ་བཀོལ་བ་ཤིན་ཏུ་མང་ལ་ཕྱི་རོལ་གྱི་གཟུགས་རྣམ་མམ་གནས་སྟངས་དེ་རང་ལུས་ཀྱི་འགུལ་སྐྱོད་ཀྱི་རྣམ་པ་རུ་སྦྱར་ནས་དཔའ་བརྟུལ་ཆེ་གེ་མོ་དེ་དཔའ་རྩལ་གྱིས་གནམ་ས་དབང་སྒྱུར་བྱེད་ནུས་པ་ལྟ་བུའི་གཟུགས་སྣང་ཞིག་བཟོས་ནས་སྐབས་སུ་བབས་པའི་བརྗོད་བྱའི་དོན་དེ་གཏིང་ཟབ་ལ་རྒྱ་ཆེའི་ཀློག་པ་པོའི་བརྟན་པ་ཡོངས་སུ་འཕྲོག་ཐུབ་པ་འདྲ་བའི་བརྗིད་ཉམས་ཤིག་སྟོན་ནུས། དཔེར་ན་《ཧོར་གླིང་གཡུལ་འགྱེད》(སྟོད་P94)དུ་གཡུལ་བཤམས་ཀྱི་རྣམ་པ་བཀོད་འབྲི་བྱས་པ་ལ། “ནམ་མཁའ་དར་གྱིས་བཀང་ནས་གདའ། །བར་སྣང་མཚོན་གྱིས་བཀང་ནས་གདའ། །ས་གཞི་མི་ཡིས་བཀང་ནས་གདའ། །”ལྟ་བུ།
(གསུམ) ཉི་ཟླ་གཟའ་སྐར་བཅས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
ཆེ་ས་ནས་ནམ་མཁའ་བར་སྣང་ས་གཞི་གསུམ་དཔེ་རུ་བསྡུས་པ་ཆུང་ས་ནས་བཀྲག་མདངས་གསལ་བའི་ཉི་ཟླ་གཟའ་སྐར་བཅས་རྣམ་གྲངས་གསུམ་ངེས་སུ་བསྡུས་ནས་དོན་དེ་ཉིད་གསལ་བར་བྱས་ཤིང་མཛེས་སྡུག་མདངས་ཀྱིས་ཕྱུག་པའི་དཔེ་གཞི་ཚིག་སྦྱོར་དུ་ཕྲ་གསལ་ནོར་བུའི་མགུལ་རྒྱན་ལྟར་ཀུན་ནས་འོད་འཚེར་བ་ལྟར་བྱས་པ། དཔེར་ན་《རི་ནུབ》(P3-4)ལས། “མགོན་གེ་སར་ཁྲི་གདུགས་ཉི་མ་རྗེ། །སྲས་དགྲ་ལྷ་དཀར་གསལ་ཟླ་བ་ཤར། །དཔའ་བརྟུལ་སྐར་ཚོགས་ཁྲ་མོ་བཀྲག །”ལྟ་བུ།
(བཞི) ཕོ་མོའི་རིགས་མཚན་སོགས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
ཕོ་མོའི་རིགས་དབྱེ་སྒོས་བྱ་བ་ཞིག་བརྗོད་པར་བྱེད་པ་སྟེ་མིའི་ཁྱད་ནུས་སམ་རང་བཞིན་དེ་ཚིག་རྒྱན་གྱི་རྣམ་པ་རུ་བཀོལ་པ་ལ་ཕྱི་རོལ་གྱི་གཟུགས་དངོས་ཁྱད་པར་བ་ཞིག་ལ་ཕོ་མོའི་རིགས་མཚན་གྱི་མིང་ནས་མིའི་གཟུགས་སྣང་དུ་སྒྱུར་བར་བྱེད་པ་འདིའང་བོད་ཀྱི་ཐུན་མོང་མ་ཡིན་པའི་དཔེ་འཇོག་ལུགས་ཤིག་རེད་ལ་དངོས་པོའི་ངོ་བོའི་སྒོ་ནས་མཛེས་པའི་ཆ་བྱད་ཞིག་གསར་བཟོ་བྱས་ཤིང་དངོས་པོ་དེ་ཀློག་པ་པོའི་རྟོག་སྣང་དུ་གསོན་ཉམས་ལྡན་པ་ཞིག་ཏུ་ཆགས་པར་བྱས་པ། དཔེར་ན་《ཨ་གྲགས་གཟི་རྫོང》(P99-100)ལས། “ཕོ་རྫ་རག་དཀར་ཤུ་པ་ན། །མོ་རྫ་རྫ་མའི་རྫེའུ་ལུང་ན། །བུ་རྫ་སླ་ངའི་སྒང་པོ་ལ། །ཤེལ་གྱི་བྲག་དཀར་གཡག་འདྲ་ཡོད། །”ལྟ་བུའོ༎
(ལྔ) མི་ཡི་ནང་གཤིས་བཅས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
མི་ནི་རྩོམ་རིག་གི་བརྗོད་བྱ་གཙོ་བོ་དེ་ཡིན་པས་མིའི་གཟུགས་བརྙན་དང་སྐད་ཆ་བྱ་སྤྱོད་སེམས་ཁམས་ཀྱི་འགུལ་སྐྱོད་བཅས་ནི་བཀོད་འབྲི་བྱེད་ཡུལ་གཙོ་བོ་ཡིན། 《གེ་སར་སྒྲུང》དུ་མི་ལ་གོ་ས་མཐོ་དམན་ནུས་པ་ལྡན་མིན་ཡོད་པའི་གཞི་དེ་བཟུང་ནས་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་སྤྱད་ནས་མིའི་ནང་གཤིས་ཀྱི་རྣམ་པ་དེ་ཇི་འདྲ་ཡིན་པ་བརྟག་དཔྱད་ཀྱི་ཚུལ་དུ་གསལ་བོར་བྱས་ཡོད་ལ་འབེལ་གཏམ་དང་བཞད་གད་ཀྱི་ཉམས་དང་ལྡན་པའི་ཚིག་སྦྱོར་ཞིག་ཏུ་ཚོགས་པར་བྱས་ཡོད། མི་སྣ་འདྲ་མིན་སྣ་ཚོགས་ཀྱི་རང་གཤིས་དང་མཐུན་པའི་གླུ་ཚིག་དེ་དག་ལས་བོད་པས་མིའི་གཤིས་སྤྱོད་དམ་ངང་ཚུལ་ལ་གཙིགས་མཐོང་བྱེད་ཀྱི་ཡོད་པ་དང་རང་ཉིད་ལ་མིའི་བཟང་ངན་གྱི་ཤན་འབྱེད་ནུས་པའི་རྣམ་དཔྱོད་ཀྱི་རྩལ་དེ་ཡོད་པའང་ཤུགས་སུ་བསྟན་ཡོད། དཔེར་ན། 《ལྷ་གླིང་གབ་རྩེ་དགུ་སྐོར》(P48)ལས། “ཡོན་ཏན་མེད་པའི་བླ་མ་དེ། །ངུར་བ་མཚོ་ལ་ལྡིང་བ་འདྲ། །ཐུགས་རྗེ་བྱིན་རླབས་མ་ཐུག་ན། །གོས་ལྷག་སྐུ་ལུས་ལྗིད་རོགས་རེད། །ཁེབས་པ་མེད་པའི་དཔོན་པོ་དེ། །སེང་ཀོ་ཕུབ་མས་བརྒྱངས་པ་འདྲ། །དབང་ཐང་གནོན་ཤིང་མ་ཡོད་ན། །ཚེ་འགྲོས་སྟོང་སྡེས་ཁྲེལ་རོགས་རེད། །ཚོད་ཟིན་མེད་པའི་བཙན་པོ་དེ། །གཟིག་ལྤགས་བཀབ་པའི་བོང་བུ་འདྲ། །སྔོན་བསགས་ལས་དབང་མ་ཡོད་ན། །ངན་ཤེད་རང་སྲོག་ཤོར་ཟས་རེད། །”ལྟ་བུ།
(དྲུག) ཡུལ་གནས་སོགས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ།
རྫོང་ཆེན་བཅོ་བརྒྱད་ཕབ་པ་སོགས་གཡུལ་འགྱེད་བརྗོད་བྱར་བྱས་པའི་《གླིང་སྒྲུང》དུ་ཡུལ་གནས་རྣམ་པ་སྣ་ཚོགས་ཡོད། འོན་ཀྱང་རྗོད་བྱེད་དུ་འགོད་སྐབས་རྣམ་གྲངས་གསུམ་ངེས་སུ་བསྡུས་ནས་སྟོད་སྨད་བར་གསུམ་ལྟར་ཡུལ་གྲུ་མང་བོ་ནང་དུ་འདུ་བར་བྱས། ཡུལ་གྱི་ཁྱད་ཆོས་དང་བཅས་རྣམ་གྲངས་གསུམ་ངེས་སུ་བསྡུས་པ་ནི་གཙོ་བོ་སྟོད་རྒྱ་གར་སྨད་རྒྱ་ནག་བར་སྒང་བ་བོད་བཅས་ཡིན་ལ་སོ་སོའི་ཁྱད་ཆོས་ཏེ་ཆོས་དང་རྒྱལ་ཁྲིམས་དཔའ་སྟོབས་སོགས་ལྷན་འདྲེས་སུ་བཀོད། འདི་ནི་བོད་ཀྱི་ངག་རྒྱུན་རྩོམ་རིག་ཏུ་དར་ཁྱབ་ཆེ་སྟེ་གླུ་གར་ཆང་མཆོད་གང་དུ་བཀོལ་ནའང་གསུམ་ག་ཆ་ཚང་བར་བྱེད་ལ་གཅིག་མེད་ན་གཉིས་མི་བཀོལ་ཞིང་ཧ་ཅང་གཟབ་ནན་སྒོས་བརྗོད་པའི་རྣམ་པ་ཞིག་ཏུ་ཆགས་ཡོད། དཔེར་ན། 《མོན་གླིང་གཡུལ་འགྱེད》(P196)ལས། “རྒྱ་གར་ཆོས་ཀྱི་ངོ་ཡ་བྱས། །རྒྱ་ནག་ཁྲིམས་ཀྱི་ངོ་ཡ་བྱས། །གླིང་ཆོས་འཕེན་རྒྱལ་པོའི་དཔུང་ཡ་བྱས། །”ལྟ་བུའོ༎
རིགས་དྲུག་པོ་འདིས་རྣམ་གྲངས་གསུམ་ངེས་གྱི་རྩོམ་སྟངས་ཀྱི་རྩ་བའི་རང་བཞིན་ཞིག་གམ་རྣམ་པ་ཙམ་གསལ་བཤད་བྱས་ཡོད། ཡུལ་དུས་གང་དུ་ཡིན་རུང་རྣམ་པ་འདི་རིགས་སྤྱད་ནས་དཔེ་དོན་ཞིག་བརྗོད་པ་ནི་བོད་མིའི་གོམས་གཤིས་ཤིག་ཏུ་ཆགས་ཡོད་ལ་འདིའང་སྒྱུ་རྩལ་གྱི་ཁྱད་པར་བའི་ནུས་དབང་ཞིག་ཀྱང་ཡིན། ཕར་བལྟས་ཚོད་ཀྱིས་ཆེས་སྤྱིར་བཏང་གི་ཚིག་འགྲོས་ཙམ་ལས་འདུས་མེད་རུང་འཇིག་རྟེན་གྱི་གནས་ལུགས་ཤིག་གམ་མི་དང་རང་བྱུང་ཁམས་བར་གྱི་གདོད་མའི་འབྲེལ་བ་ཞིག་རྣམ་པ་འདི་རིགས་ཀྱི་སྒོ་ནས་བརྗོད་པ་དེ་བསམ་གཞིགས་སྟབས་བདེ་ཞིང་ཚིག་འགྲོས་གསོན་ཉམས་ལྡན་པ། གངས་རི་དང་རྩྭ་ཐང་གི་རང་མདངས་མངོན་པའི་ལྗོངས་རིས་ཤིག་ཏུའང་གྱུར་ཡོད། བོད་རང་གི་མཛེས་དཔྱོད་ཀྱི་སྲོལ་རྒྱུན་འདི་བྱུང་བའི་ཆེས་ཐོག་མའི་རྣམ་པའམ་རང་བཞིན་དེ་རིགས་དྲུག་པོ་འདིའི་སྒོ་ནས་འཕེལ་རྒྱས་བྱུང་ལ་ནམ་ཡང་ཉམས་པ་མེད་པའི་ངག་རྒྱུན་རྩོམ་གཤིས་ཤིག་ཏུའང་གྱུར་ཡོད།
གསུམ། རྣམ་གྲངས་གསུམ་ངེས་ཀྱི་ཤིས་བརྗོད་དང་གཏམ་དཔེའི་ཁྱད་ཆོས།
བསྟན་བཅོས་ཀྱི་གཞུང་གང་བརྩམས་རུང་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གསུམ་ཚང་དགོས་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡིན་པ་བཞིན་བོད་པ་ཞིག་ཡིན་ཚེ་མི་ཚོགས་སུ་གཏམ་སྨྲ་བའམ་སྟོན་མོ་ཚོགས་འདུ་གང་ཞིག་ཐུག་རུང་ཤིས་གཡང་བརྗོད་རྒྱུ་ནི་མེད་དུ་མི་རུང་བ་གོས་ཀྱི་གོང་བ་ལྟ་བུ་ཡིན། གཡང་འབོད་བྱེད་པའམ་བཀྲ་ཤིས་བརྗོད་པ་གང་ཡིན་རུང་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་ནི་ཚིག་སྙན་ཞིང་འཇེབས་ལ་ཚིག་ཐུང་ཐུང་ཞིག་གི་ནང་བརྗོད་དོན་ཕུན་སུམ་ཚོགས་པ་ཞིག་སྟོན་ནུས་པ་དེ་སོགས་ཡིན། ཚིག་སྦྱོར་གྱི་རྣམ་པ་རྣམ་གྲངས་གསུམ་ངེས་ཀྱི་གཡང་འབོད་དང་ཤིས་བརྗོད་ནི་དེ་བས་ཚིག་ཉམས་ཀྱིས་ཕྱུག་ལ་བརྗོད་བདེ་ཡིད་དུ་འོང་བའི་ཁྱད་ཆོས་དང་ལྡན། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་ལ་ཀུན་གྱི་ཁ་ནས་ཆུ་བོ་འབབ་འབབ་བཞིན་གསར་རྩོམ་དང་གྱེར་འདོན་གྱི་ལས་སུ་འགྲུབ་པའི་ཆོས་ཉིད་དེས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་ནམ་ཡང་ཚེ་སྲོག་གི་སྟོབས་ཤུགས་རྒྱས་ཤིང་བོད་རིགས་མང་ཚོགས་ཀྱི་དགའ་སྡུག་ཆགས་སྡང་མངོན་པར་མཚོན་ནུས་པའི་སྒྱུ་རྩལ་གྱི་རིན་ཐང་ལྡན་འདུག་པར་བསྟན། རྣམ་གྲངས་གསུམ་ངེས་ཀྱི་གཡང་འབོད་དང་ཤིས་བརྗོད་ཀྱིས་གོང་གསལ་དུ་བརྗོད་པའི་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་ཀྱི་ཁྱད་ཆོས་འཐུས་ཚང་དུ་གཏོང་བའམ་དེ་ནི་བོད་རང་གི་ཤ་ཁྲག་ལས་ཆད་པའི་གནའ་བོའི་རྩོམ་སྟངས་ཤིག་དར་རྒྱས་བྱུང་ཡོད་པ་ཡིན་པའི་ར་སྤྲོད་ཀྱི་ནུས་པའང་འདོན་ཐུབ། གཡང་འབོད་ཀྱི་སྐོར་ལ་དཔེར་ན་《རི་ནུབ》(P172-174)ལས། “རྒྱ་གར་རྒྱལ་བོའི་ཆོས་གཡང་དང་། །རྒྱ་ནག་རྒྱལ་བོའི་ཇ་གཡང་གཉིས། །པུར་རྒྱལ་བོད་ཀྱི་མི་གཡང་གསུམ། །དེ་རིང་ང་ཡི་གཡང་དུ་འགུག །གྲུ་གུ་རྒྱལ་བོའི་གོ་གཡང་དང་། །སོག་པོ་རྒྱལ་བོའི་རྟ་གཡང་གཉིས། །སྟག་གཟིག་རྒྱལ་བོའི་ནོར་གཡང་གསུམ། །དེ་རིང་ང་ཡི་གཡང་དུ་འགུག །ཁ་ཆེ་རྒྱལ་བོའི་སྨན་གཡང་དང་། །ཐེ་སེ་རྒྱལ་བོའི་འབྲུ་གཡང་གཉིས། །ཨ་གྲགས་རྒྱལ་བོའི་གཟི་གཡང་གསུམ། །དེ་རིང་ང་ཡི་གཡང་དུ་འགུག །བྱེ་རི་རྒྱལ་བོའི་བྱུར་གཡང་དང་། །གུར་དཀར་རྒྱལ་བོའི་མཛོད་གཡང་གཉིས། །ཤིང་ཁྲི་བཙན་པོའི་ཟས་གཡང་གསུམ། །དེ་རིང་ང་ཡི་གཡང་དུ་འགུག །དགྲ་ལྷའི་རྒྱལ་བོའི་མི་གཡང་དང་། །ཞང་ཞུང་རྒྱལ་བོའི་དམག་གཡང་གཉིས། །ཕྱོགས་ལས་རྒྱལ་བའི་དཔའ་གཡང་བཅས། །སྨར་ཁམས་གླིང་གི་གཡང་ལ་འགུག །སྤུར་རྒྱལ་བོད་ཀྱི་བཞག་པ་བྱེད། །”ལྟ་བུ། འདི་ནི་གླིང་རྗེ་གེ་སར་རྒྱལ་བོས་རི་ནུབ་རྒྱལ་བོ་བཏུལ་རྗེས་ཀྱི་གཡང་འབོད་རེད་ལ་འདི་ལས་གེ་སར་རྒྱལ་བོ་དེ་ཉིད་ཕྱོགས་བཞིའི་རྒྱལ་ཁམས་དབང་དུ་བསྡུ་ཞིང་སྤུར་རྒྱལ་བོད་ཀྱི་ཡུལ་འདི་གང་ཕྱོགས་ནས་ཀྱང་གཞན་ལས་ལྷག་པའི་རྣམ་པ་ཞིག་ཏུ་བསྒྱུར་རྒྱུའི་སྤོབས་སེམས་དང་དཔའ་སྙིང་ལྡན་པ་དེ་མཚོན་ཡོད་ལ་ཚིག་འགྲོས་ཐད་གོ་རིམ་ལྡོག་པའམ་སྐྱར་ཟློས་ཡང་ཟློས་ཀྱི་སྐྱོན་སོགས་མེད་པར་རྣམ་གྲངས་གསུམ་ངེས་ཀྱི་སྒོ་ནས་ལེགས་པར་སྤུད་ཡོད། གཡང་འབོད་ཀྱི་དཔེ་གཞན་པ་ད་དུང་གེ་སར་གྱིས་འཇང་རྒྱལ་བཏུལ་རྗེས་གཡང་འབོད་བྱས་པ་ལ་《འཇང་གླིང་གཡུལ་འགྱེད》
(P432-436)ལས། “སྟེང་མ་ལྷ་ཡི་དཔལ་འབྱོར་གཡང་། །ལྷོ་སྤྲིན་བཞིན་དུ་འཚུབ་ལ་ཤོག །དབྱར་སྤྲང་ཆར་བཞིན་དུ་འབབ་ལ་ཤོག །བར་མ་གཉན་གྱི་ལོངས་སྤྱོད་གཡང་། །ན་བུན་བཞིན་དུ་ཐུལ་ལ་ཤོག །ཆབ་ཆུ་བོ་བཞིན་དུ་འབབ་ཀྱིན་ཤོག །འོག་མ་ཀླུ་ཡི་དཔལ་འབྱོར་གཡང་། །འབྲུ་དྲུག་བཞིན་དུ་སྨིན་ཅིང་ཤོག །མཐའ་བཞིའི་མཚོ་བཞིན་འཁྱིལ་ལ་ཤོག །གཡང་གི་རྒྱ་མཚོ་མེར་མེར་ཤོག །བོད་ཕྱི་རབས་དབུལ་བ་སེལ་བར་ཤོག །”ལྟ་བུ་སོགས་དཔེ་མཚོན་ཅན་ཤིན་ཏུ་མང་ངོ་༎
བྱ་བ་གང་བསྒྲུབས་རུང་མཐའ་མར་ཐམས་ཅད་ཕུན་སུམ་ཚོགས་པར་ཡོང་བར་ཁ་དགེ་སྨོན་ལམ་འདེབས་པའམ་མགྲིན་པ་གཟེངས་སུ་བསྟོད་ནས་བཀྲ་ཤིས་ཁ་གཡང་བརྗོད་རྒྱུ་ནི་ལྷག་བསམ་ཟོལ་མེད་ངང་སུ་དང་གང་ཡིན་རུང་བདེ་ལེགས་ཡར་རྒྱས་ཡོང་བའི་མཚོན་རྟགས་དཀར་བོ་མདངས་ཀྱིས་ཕྱུག་པ་ཞིག་ཡིན། 《གླིང་སྒྲུང》དུ་གཡུལ་འགྱེད་ཀྱི་རྒྱལ་ཁ་ཐོབ་པའམ་སྟོན་མོ་དགྱེས་འཛོམ་ཆེ་ཆུང་གང་ཡིན་རུང་ཇ་ཆང་ཤ་མར་ལ་རོལ་ཞིང་གླུ་ལེན་གར་རྩེད་བྱེད་པ་དང་མཐའ་མཇུག་ཏུ་ཚང་མས་མཉམ་གཅིག་ཏུ་བཀྲ་ཤིས་ལྷ་རྒྱལ་འཐེན་ཚུལ་བརྗོད་ཡོད་པ་ཧ་ཅང་མང་། ཡང་མིན་ན་ཇ་ཆང་གི་འགོ་མ་རྟེན་འབྲེལ་གྱི་ཐོག་མར་གོང་ལྷ་ཀླུ་གཉན་གསུམ་ལ་མཆོད་བསྟོད་འབུལ་བ། བར་རྒྱལ་བློན་འབངས་འཁོར་ལ་བཀྲ་ཤིས་བརྗོད་པ། འོག་དུད་འགྲོ་སེམས་ཅན་ཙམ་གྱི་ཡན་ཆད་ལ་ཕྱྭ་གཡང་འབོད་པའི་སྲོལ་དེའང་《གླིང་སྒྲུང》དུ་བྲིས་པ་ཤིན་ཏུ་མང་། རྣམ་གྲངས་གསུམ་ངེས་ཀྱི་བཀྲ་ཤིས་ཁ་གཡང་དེ་སྙན་ཞིང་འཇེབས་པའི་ཁྱད་ཆོས་དང་ལྡན་པས་བོད་མི་རྒན་གཞོན་སུ་ཡིན་རུང་རྣམ་པ་དེ་ལ་ཡིད་གཏིང་ནས་དགའ་སྣང་ཞིག་བཅངས་ཡོད། འདི་ནི་བོད་རང་གི་མཛེས་དཔྱོད་ཀྱི་རང་བཞིན་ཞིག་ཡིན་ངེས་ལ་བོད་མིའི་མི་རབས་ནས་མི་རབས་བརྒྱུད་དེ་སེམས་ངོས་སུ་ཆགས་ཡོད་པའི་དགའ་སྤྲོའི་མཚོན་རྟགས་ཤིག་ཀྱང་རེད། དཔེར་ན་གེ་སར་གྱི་ཤིས་བརྗོད་ལ་《འཇང་གླིང་གཡུལ་འགྱེད》(P432-496)ལས། “བཀྲ་ཤིས་ནོར་བུའི་སྤྲིན་ཕུང་ཐིབས། །བཀྲ་ཤིས་འདོད་རྒུའི་གྲུ་ཆར་བབ། །བཀྲ་ཤིས་གཡང་གི་མཚོ་མོ་འཁྱིལ། །བཀྲ་ཤིས་འཛོམ་གསུམ་རྟེན་འབྲེལ་དེ། །བཀྲ་ཤིས་མ་བསྒྲིགས་རང་བྱུང་གྲུབ། །”ལྟ་བུ། དེ་མིན་ད་དུང་འབྲུག་མོའི་ཤིས་བརྗོད་ལ་《ཞང་གླིང་གཡུལ་འགྱེད》(P146-147)ལས། “ཆེ་རྒྱུད་རི་རྒྱལ་ལྷུན་པོ་ལ། །གཡོ་འགུལ་མེད་པའི་བཀྲ་ཤིས་ཤོག །སྔོན་པོ་དར་གྱི་ལིང་ཚེ་འདི། །འཇང་སྲས་ཁྱོད་ལ་བྱོན་དར་འབུལ། །འབྲིང་རྒྱུད་རྒྱ་མཚོ་ཕྱུག་མོ་ལ། །འཕེལ་འགྲིབ་མེད་པའི་བཀྲ་ཤིས་ཤོག །དཀར་བོ་དར་གྱི་ལིང་ཚེ་འདི། །རིན་ཆེན་དར་ལུང་བྱོན་དར་འབུལ། །ཆུང་རྒྱུད་མདུང་སོ་སྒྲོ་གང་ལ། །རྣོ་ངར་འཛོམ་པའི་བཀྲ་ཤིས་ཤོག །རྒྱ་དར་སྔོན་པོ་ཁ་རིས་ཅན། །འདན་མ་བློན་ལ་བྱོན་དར་འབུལ། །འདན་ཡུལ་དུག་གི་མཚོ་ཆེན་དེ། །དགྲ་སྙིང་གས་པའི་བཀྲ་ཤིས་ཤོག །”ལྟ་བུ་དང་འདན་མའི་ཤིས་བརྗོད་ལ་《ཚ་བ་མདའ་རྫོང》(P202-206)ལས། “གཞིས་སྡོད་ལོ་ལེགས་ལོངས་སྤྱོད་རྒྱས། །བྱེད་འགྲོ་དགྲ་ཐུལ་གཡང་ནོར་ལོན། །གཞིས་བྱེས་ལྷ་འཛོམས་ལོ་བརྒྱར་འཚོ། །སྟོན་བརྒྱ་མཐོང་བའི་བཀྲ་ཤིས་ཤོག །བསྟན་འཛིན་སྐྱེ་བུའི་སྐུ་ཚེ་བརྟན། །བསྟན་འགྲོའི་དོན་བཞེད་འགྲུབ་པ་དང་། །བསྟན་པའི་སྤྱིན་བདག་མངའ་ཐང་དར། །བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །ནད་ཡམས་འཁྲུག་རྩོད་མི་འབྱུང་ཞིང་། །ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས། །འགྲོ་ཀུན་བདེ་བའི་བཀྲ་ཤིས་ཤོག །”ལྟ་བུ་བཅས་སོ༎
ཤིས་བརྗོད་དང་གཡང་འབོད་ལ་རིགས་འདྲ་བའི་རྟེན་འབྲེལ་ཞུ་བ་དང་སྨོན་ལམ་འདེབས་པ་སོགས་ཀྱང་རྣམ་གྲངས་གསུམ་ངེས་ཀྱི་རྣམ་པ་སྤྱད་པ་ཡོད་དེ་འདིར་ཞོར་དུ་ཆེད་དམིགས་ཀྱི་དཔེར་བརྗོད་གཉིས་དྲངས་ན། འབྲུག་མོའི་རྟེན་འབྲེལ་ཞུས་པའི་སྐོར《རྨ་ཤེལ་བྲག (P78)ལས། “ཕུ་གསུམ་ལུང་བའི་ཡར་ཐ་ན། །གངས་དང་སེང་གེ་གཡུལ་རལ་གསུམ། །གངས་དཀར་ཡག་ལྷ་སྡེ་ཕུ་ནུ་ལ། །སེང་དཀར་མོ་གེ་སར་རྒྱལ་བོ་རེད། །མཛེས་གཡུ་རལ་རྒྱལ་མོ་ང་རང་ཡིན། །དུས་གཏན་དུ་མི་འབྲལ་རྟེན་འབྲེལ་ཞུ། །སྐེད་གསུམ་ལུང་བའི་ཕར་ཀ་ན། །ནགས་དང་རྒྱ་སྟག་འཛུམ་དྲུག་གསུམ། །ནགས་ཙན་དན་ལྷ་སྡེ་ཕུ་ནུ་ལ། །སྟག་དམར་ཡག་སེང་ཆེན་རྒྱལ་པོ་རེད། །མཛེས་འཛུམ་དྲུག་བཙུན་མོ་ང་རང་ཡིན། །དུས་གཏན་དུ་མི་འབྲལ་རྟེན་འབྲེལ་ཞུ། །མཐོ་གསུམ་དགུང་གི་དབྱིངས་རིམ་ན། །སྤྲིན་དང་གཡུ་འབྲུག་ནོར་བུ་གསུམ། །ལྷོ་སྤྲིན་ལྷ་སྡེ་ཕུ་ནུ་ལ། །གཡུ་འབྲུག་སྐྱེས་བུ་དོན་གྲུབ་རེད། །ལག་ནོར་བུ་དཔོན་མོ་ང་རང་ཡིན། །དུས་རྒྱུན་དུ་འབྲལ་མེད་རྟེན་འབྲེལ་ཞུ། །”ལྟ་བུ་དང་རྒྱ་ཚ་ཞལ་དཀར་གྱིས་སྨོན་ལམ་བཏབ་པ་ལ་དཔེར་ན་《ཧོར་གླིང་གཡུལ་འགྱེད》(P678)
ལས། “འགྲོ་དོན་སྐྱོང་བའི་སེང་ཆེན་དང་། །དམ་ཚིག་ལྡན་པའི་དམར་ལེབ་གཉིས། །བསམ་པ་རྫོགས་པའི་ཞལ་དཀར་གསུམ། །ཚེ་རབས་གཅིག་གི་སྐུ་མཆེད་ཡིན། །ཡང་ཡང་འཛོམ་པའི་སྨོན་ལམ་ཞུ། །”ལྟ་བུའོ།
གཏམ་དཔེ་ནི་བོད་རང་གི་ངག་རྒྱུན་ནས་བརྒྱུད་པའི་རྩོམ་རིག་གི་རྣམ་པ་ཞིག་རེད་ལ་དེ་ནི་
ཚིག་ཐུང་ཞིང་དོན་མང་བོ་འདུ་བ་ཉམས་མྱོང་ངམ་བྱ་དངོས་ཤིག་གི་ཆོས་ཉིད་བརྗོད་པའི་ཚིག་སྦྱོར་ཞིག་རེད། བོད་དུ་གཏམ་དཔེ་ཐུང་བསྡུས་ནམ་མཁའི་སྐར་ཚོགས་བཞིན་བགྲང་ཡས་པ་ཞིག་ཡོད་ལ་རྣམ་གྲངས་གསུམ་ངེས་ཀྱི་གཏམ་དཔེ་དག་ནི་དེ་བས་རྩོམ་རིག་གི་བྲོ་དང་ལྡན་ལ་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ཕྱུག་གོ། །མཚོན་བྱ་མང་བོ་མཚོན་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའང་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་ཀྱི་ཁྱད་ནུས་ཤིག་ཡིན་ཏེ་འདིས་མི་རྣམས་ལ་གསར་རྩོམ་གྱི་སྤྲོ་སྣང་སྟེར་ཡོང་ལ་དགོས་ངེས་ཀྱི་དབྱངས་འགྲོས་ཤིག་ཀྱང་རང་བཞིན་དུ་ཡིད་ཀྱི་དགའ་བའི་གར་སྟེགས་སུ་ཕུད་པར་བྱེད་འགྲོ། དཔེར་ན《འཁྲུངས་སྐར》(P74)ལས། “ཟས་ཞིམ་པོ་མར་གྱི་ཡང་ཞུན་ཏེ། །ལྟོ་བཀྲེས་པས་བཅུད་ལ་ཞུ་རབས་མེད། །ལྷ་བཟང་བོའི་ཆོས་སྐྱོང་ཞལ་འབག་དེ། །ན་མ་སྨིན་བྱིས་པ་མཚར་རྒྱུ་མེད། །གསེར་སེར་བོ་བཞུས་པའི་དྭངས་མ་དེ། །རྡོ་རྭ་ཅོ་ངོ་ལ་འགོས་ལེ་མིན། །”ལྟ་བུ་དང་《ཁ་ཆེའི་གཡུ་རྫོང》(P65)ལས། “ཇ་ག་ལེར་བསྐོས་ན་ཁུ་བ་བཟང་། །ལ་ག་ལེར་བརྒྱབ་ན་ལུས་ལ་འཕྲོད། །དགྲ་ག་ལེར་འཐབ་ན་རྒྱལ་ཁ་ཐོབ། །”ལྟ་བུ། འདི་འདྲའི་དཔེར་བརྗོད་《གླིང་སྒྲུང་》དུ་ཤིན་ཏུ་མང་ལ་དཔྱད་གཞི་རུ་བཏོན་པ་ལྟར་ན་གཏམ་དཔེ་རྣམ་གྲངས་གསུམ་ངེས་སུ་ཟིན་པའི་ཚད་ནི་ཚན་པ་གཞན་ལས་ཀྱང་མང་ངོ་། །གོང་གི་དཔེར་བརྗོད་གཉིས་ཀྱིས་ཤུགས་བསྟན་སྒོས་རྣམ་གྲངས་གསུམ་ངེས་མཚོན་ཡོད་ལ་དངོས་བསྟན་ཏུ་བྱས་ནའང་གྲངས་དང་རྣམ་པའི་སྒོ་ནས་དབྱེ་བ་ཆེས་མང་། དེ་ཡང་དཔེར་བརྗོད་རེ་གཉིས་དྲངས་ན་འདི་ལྟར་ཏེ། 《མོན་གླིང་གཡུལ་འགྱེད》(P160)ལས། “ཐུག་དང་བ་དན་རྒྱལ་མཚན་གསུམ། །ཨེ་མཐོ་བསམ་ནས་བཙུགས་ལེ་ཟེར། །མཁར་དང་སྒོ་མོ་ལྕགས་རི་གསུམ། །ཨེ་བཙན་བསམས་ནས་བཟོས་ལེ་ཟེར། །”ལྟ་བུ། ཡང་《སྟག་གླིང་གཡུལ་འགྱེད》(P239)ལས། “དཀར་ཡག་སེང་གེའི་གཡུ་རལ་དེ། །ཞེ་འུ་ཁྱི་ལ་བསིག་རབ་མེད། །དམར་ཡག་སྟག་གི་འཛུམ་དྲུག་དེ། །ངོ་ཐུང་རྩལ་ལ་འཛུམ་རབ་མེད། །འཛུམ་ཆེན་གླག་མོའི་ལྕགས་སྡེར་དེ། །བྱེའུ་ཆུང་འཕུར་ལ་སྡེབ་རབ་མེད། །”ལྟ་བུ་སོགས་གཏམ་དཔེ་ཡི་རྣམ་པ་ཤིན་ཏུ་མང་བོ་ཡོད་ལ་《གེ་སར་སྒྲུང་》གི་ཐོག་མཐར་བར་གསུམ་དུ་ཉམས་མེད་གཟི་མདངས་ཀྱིས་བརྗིད་པ་བཞིན་མི་རྣམས་ཀྱི་བལྟ་ཀློག་དང་བསམ་གཞིགས་ཀྱི་འདྲ་རིས་ཤིག་ཏུ་གྱུར་ཡོད།
བཞི་བ། རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་ལས་ཁ་དོག་འདོན་ཚུལ་གྱི་ཁྱད་ཆོས།
ཕྱི་རོལ་ཡུལ་གྱི་དངོས་པོ་གང་ཡིན་རུང་ཐོག་མའི་མཛེས་ཉམས་དེ་དབྱིབས་དང་ཁ་དོག་གི་སྒོ་ནས་གསལ་བ་ཡིན་ལ་ཁྱད་པར་དུ་ཁ་དོག་གི་རྣམ་པས་ཐད་ཀར་མིག་གི་ཚོར་ཤེས་ལ་བརྡ་སྦྱོར་གྱི་ནུས་པ་འདོན་ཐུབ། ཁ་དོག་གི་མཛེས་དཔྱད་ཀྱི་འདུ་ཤེས་ཐད་མི་རིགས་སོ་སོའི་གོམས་སྲོལ་འདྲ་མིན་སྣ་ཚོགས་ཡིན། ཁ་དོག་བརྗོད་བྱར་བྱས་པའི་མཛེས་རྩལ་གྱིས་འདི་དག་རྣམ་པ་གང་རུང་སྒོས་མི་རིགས་དེའི་སེམས་གཤིས་དང་མཐུན་པའི་སྒྱུ་རྩལ་གྱི་སྣང་བརྙན་གསར་བཟོ་བྱེད་ཐུབ་པ་བཞིན་སྒྲ་དོན་གྱི་རྣམ་པ་བརྗོད་གཞིར་བྱས་པའི་སྙན་ངག་ལའང་རང་ས་ནས་ཁ་དོག་གི་མཛེས་ཉམས་ཤིག་ངོམ་སྲོལ་ཡོད་དེ། 《གེ་སར་སྒྲུང་》དུ་མི་སྣའི་བཀོད་འབྲི་ཐད་རྣམ་གྲངས་གསུམ་ངེས་ཀྱི་ཚིག་དོན་ཁ་དོག་དང་ལྷན་འདྲེས་སུ་སྦྱར་ནས་བརྗོད་བྱའི་དོན་དེ་ཉིད་མཚོན་མདངས་ཀྱིས་བྱུགས་པ་ཞིག་ཏུ་བཟོས་ཡོད།
 དཔེར་ན་རྒྱ་ཚ་ཞལ་དཀར་མི་གཅིག་པུ་བཀོད་འབྲི་བྱས་པ་ལའང་ཁ་དོག་དུ་མའི་སྒོ་ནས་རྣམ་གྲངས་གསུམ་ངེས་ཀྱི་རྩོམ་སྟངས་སུ་བདེ་ལེགས་ངང་བསྒྱུར་ཡོད། 《ཧོར་གླིང་གཡུལ་འགྱེད》ལས། “ང་དཀར་པོ་གསུམ་གྱི་གྲ་སྡེབ་ཡོད། །གདོང་ཞ་ལུའི་སེམས་རྩ་དཀར་དང་གཅིག །རྟ་རྒྱ་བྱའི་སྤུ་རྩེ་དཀར་དང་གཉིས། །གྲི་ཡ་ཟིའི་ལྕགས་མདངས་དཀར་དང་གསུམ། །དེ་དཀར་བོ་གསུམ་གྱི་གྲ་སྡེབ་ཡིན། །ང་ནག་པོ་གསུམ་གྱི་གྲ་སྡེབ་ཡོད། །ཁྲབ་རྫོང་བྱང་བུ་ནག་དང་གཅིག །མཚོན་ཤ་ཟན་སོ་ཁ་ནག་དང་གཉིས། །མདའ་ཉག་ཕྲན་གྱི་སྒྲོ་ཁ་ནག་དང་གསུམ། །དེ་ནག་པོ་གསུམ་གྱི་གྲ་སྡེབ་ཡིན། །ང་སེར་བོ་གསུམ་གྱི་གྲ་སྡེབ་ཡོད། །དབུ་རྨོག་དཀར་འདབ་ར་སེར་དང་གཅིག །རྫོང་འབུམ་མེའི་ཁྲབ་ཤམ་སེར་དང་གཉིས། ། རྟ་འདོ་བའི་ཡོབ་ཆེན་སེར་དང་གསུམ། །དེ་སེར་བོ་གསུམ་གྱི་གྲ་སྡེབ་ཡིན། ། ང་དམར་བོ་གསུམ་གྱི་གྲ་སྡེབ་ཡོད། །ལྷ་ཁྱུང་གཏོར་དར་འཕྲུ་དམར་དང་གཅིག །གདོང་ཞ་ལུའི་མིག་རྩ་དམར་དང་གཉིས། །གཞུ་མཆོག་དཀར་མཆང་ཁ་དམར་གསུམ། །དེ་དམར་བོ་གསུམ་གྱི་གྲ་སྡེབ་ཡིན། །ང་སྨུག་བོ་གསུམ་གྱི་གྲ་སྡེབ་ཡོད། །ནང་དགྲ་ལྷའི་ཚེ་གོས་སྨུག་དང་གཅིག །སྐེད་མདོ་དྲུག་ཆབ་གདན་སྨུག་དང་གཉིས། །སྒ་སྟན་ཚོས་ཁ་སྨུག་དང་གསུམ། །དེ་སྨུག་པོ་གསུམ་གྱི་གྲ་སྡེབ་ཡིན། །ང་ཁྲ་བོ་གསུམ་གྱི་གྲ་སྡེབ་ཡོད། །གཡས་སྟག་དོང་ངར་མའི་གཟི་འོད་བཀྲ། །གཡོན་གཟིག་ཤུབས་ཐིག་ལེ་རི་མོ་བཀྲ། །ཁྲབ་དཀར་མོའི་རྒྱབ་དར་ཚེ་འདུད་བཀྲ། །དེ་ཁྲ་བོ་གསུམ་གྱི་གྲ་སྡེབ་ཡིན། ། ”ལྟ་བུ།
འདི་འདྲའི་ཚིག་སྦྱོར་ཁྱད་པར་བ་ནི《གླིང་སྒྲུང》་ལས་གཞན་དུ་འབྱུང་དཀའ་ལ《གླིང་སྒྲུང》གི་གཟི་མདངས་སམ་གཞན་ལས་ལྷག་པའི་མཛེས་དཔྱོད་ཀྱི་ཚད་གཞི་མཐོན་པོ་ཞིག་ནང་ཁོག་ཏུ་བཅངས་ཡོད་པའི་ཁྱད་ཆོས་ཀྱང་འདི་ཉིད་ཡིན། འདི་ནི《གླིང་སྒྲུང》གི་ཁྱད་དུ་འཕགས་པའི་གཟི་དཔལ་ཞིག་ཡིན་ངེས་ལ་བོད་གངས་ཅན་པའི་བློ་གྲོས་དང་ལྷག་བསམ་དཀར་བོའི་མཚོན་གཞི་ཞིག་ཀྱང་ཡིན། ཁ་དོག་གི་སྒོ་ནས་རྣམ་གྲངས་གསུམ་ངེས་རྩོམ་སྟངས་གླེང་བ་འདིས་བརྗོད་སྙིང་འབུར་ཚུགས་སུ་དོད་པ་ཞིག་རྙེད་དཀའ་ནའང་དེ་ཉིད་ཀྱི་ཁྱད་ཆོས་སུ་གྱུར་བའི་ཁ་དོག་གི་རྣམ་པའི་སྒོ་ནས་ཚིག་སྦྱོར་སྐྱོན་གྱིས་མ་སྦགས་པ་ཞིག་བྲིས་ཡོད་པ་འདིས་དེ་ཉིད་ཀྱི་དགེ་མཚན་ནམ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་དཀར་སེར་དམར་ཁྲའི་མདངས་ཀྱི་སྒོ་ནས་མི་རྣམས་ལ་མཛེས་ཉམས་འབུར་དུ་དོད་པ་ཞིག་ཅི་ནས་ཀྱང་སྟེར་ཐུབ་ངེས།
མཇུག་གཏམ།
མདོར་ན་རྣམ་གྲངས་གསུམ་ངེས་ཚིག་རྒྱན་འགོད་སྟངས་དེ་བརྗོད་བྱ་རྗོད་བྱེད་བརྗོད་ཚུལ། དེའི་རྣམ་པ་རུ་ཆགས་པའི་ཤིས་བརྗོད་དང་གཏམ་དཔེ་སོགས་གང་ཐད་ནས་བལྟས་ཀྱང་བོད་རང་གི་ཁྱད་ཆོས་ལྡན་པའི་ཚིག་རྒྱན་ཞིག་རེད་ལ། མཛེས་དཔྱོད་ཀྱི་རྣམ་པ་ཐུན་མོང་མ་ཡིན་པ་འདིས་བོད་ཀྱི་ངག་རྒྱུན་རྩོམ་རིག་གི་བྱུང་བ་དང་འཕེལ་རྒྱས། དེ་མིན་ཡིག་ཐོག་རྩོམ་རིག་གི་བྱུང་རིམ་འཕེལ་རྒྱས་ཐད་ཆེས་གཞི་རྩའི་ནུས་པ་ཞིག་བཏོན་ཡོད། བོད་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་གི་བྱ་བ་གང་བགྱི་རུང་གནད་འགག་འདི་གཏན་ནས་འདོར་ཐབས་མེད་ལ་སྣང་འཇོག་བྱེད་རིན་ནི་གཞན་གྱི་རྩོམ་གཞུང་གླེགས་བམ་མང་བོ་བསྒྱུར་བ་ལས་ཀྱང་ལྡབ་འགྱུར་གྱིས་ཕན་ནུས་ཆེ་སྲིད། ཁྱད་པར་དུ་རྩོམ་རིག་གསར་རྩོམ་པ་ཞིག་ཡིན་ཚེ་དེ་བས་ཀྱང་ཚེ་སྲོག་གི་གཟིག་མདངས་རྒྱས་པའི་རང་རིགས་ཀྱི་མཛེས་དཔྱད་འདུ་ཤེས་དེ་རིགས་འཚོལ་ཐུབ་པ་བྱེད་རྒྱུ་གལ་ཆེ་ལ་དེ་ལས་ལྷག་པའི་འབྱུང་འགྱུར་བོད་ཀྱི་མཛེས་དཔྱད་རིག་ལམ་གསར་བ་ཞིག་རྙེད་ཐུབ་པར་བྱེད་རྒྱུ་ནི་དེ་བས་གལ་ཆེའོ།།
【དཔྱད་གཞིའི་ཡིག་ཆ】
༡.གཅོད་པ་དོན་གྲུབ་དང་བསོད་ལོས་བསྒྲིགས་པའི་གླིང་གེ་སར་སྒྲུང་གི་ཚིག་རྒྱན་ནོར་བུའི་བང་མཛོདམི་རིགས་དཔེ་སྐྲུན་ཁང་གིས་༡༩༩༦ལོའི་ཟླ་༤བར་པར་དུ་བསྐྲུན།
༢.དབྱུག་པ་ཅན་གྱིས་བརྩམས་པའི་སྙན་ངག་མེ་ལོང་མསི་ཁྲོན་ཞིང་ཆེན་རྔ་བ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་༡༩༨༡ལོའི་ཟླ་༦བར་པར་དུ་བསྐྲུན།
༣.དོན་གྲུབ་རྒྱལ་གྱིས་བརྩམས་པའི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོསམི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོསི་ཟླ་༥བར་པར་དུ་བསྐྲུན།
 
བཀྲ་ཤིས་ནོར་བུ། སི་ཁྲོན་ཟུང་ཆུའི་མི། ད་ལྟ་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ཕྱག་ལས་གནང་བཞིན་ཡོད།

相关热词搜索:

上一篇:༄༅།།བོད་སྨན་གྱི་ནུས་པ་ལ་ཅུང་ཟད་དཔྱད་པ།
下一篇:༄༅།།ཡ་ཐོག་བོད་ཀྱི་གསར་འགྱུར་བརྒྱུད་བསྒྲགས་བྱེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།

分享到: