༄༅།།ཡ་ཐོག་བོད་ཀྱི་གསར་འགྱུར་བརྒྱུད་བསྒྲགས་བྱེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།
2016年06月28日   来源:阿坝《藏学研究选编》   

གཉན་ཕྱུག
 
【ནང་དོན་གནད་བསྡུས】དཔྱད་རྩོམ་འདིས་ངག་རྒྱུན་གསར་འགྱུར་དང་། གནའ་ཤུལ་གསར་འགྱུར། བརྡ་གཏོང་བའི་གསར་འགྱུར་བཅས་ཀྱི་སྒོ་ནས་ཡ་ཐོག་བོད་ཀྱི་གསར་འགྱུར་བྱུང་རིམ་དང་། སྒྲོག་སྟངས། སྤྱི་ཚོགས་སུ་ཤུགས་རྐྱེན་གང་འདྲ་ཐེབས་ཚུལ་སོགས་བརྗོད་ཡོད།
【བརྡ་ཆད་གཙོ་བོ】བོད་ཀྱི་གསར་འགྱུར།  སྒྲོག་སྟངས།  ཤུགས་རྐྱེན་ཐེབས་ཚུལ།
 
གསར་འགྱུར་ནི་ཆབ་སྲིད་དང་། དཔལ་འབྱོར། མཚན་ཉིད། རྩོམ་རིག ལོ་རྒྱུས། ཁྲིམས་ལུགས། སེམས་ཁམས། སྤྱི་ཚོགས་ལ་སོགས་པའི་ཚན་རིག་ཤེས་བྱ་རྒྱ་ཁྱབ་ཆེན་པོ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། གསར་འགྱུར་དྲིལ་བསྒྲགས་བྱེད་ཁྱོན་ཡང་ཡངས་ཤིང་རྒྱ་ཆེ་བ། གཏིང་ཟབ་པ་ཞིག་ཡིན་གཤིས། རྒྱལ་ཁབ་ཕྱི་ནང་གང་ཡིན་རུང་གནའ་རབས་ཀྱི་དབང་བསྒྱུར་གྲལ་རིམ་པས་རང་ཉིད་ཀྱི་སྲིད་དབང་སྲུང་སྐྱོབ་བྱེད་ཆེད། གསར་འགྱུར་དེ་དབང་བསྒྱུར་བྱེད་ཐབས་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་བརྩིས། ཉེ་རབས་ཀྱི་གསར་འགྱུར་བྱུང་ནས་ད་གཟོད་ལོ་བརྒྱ་ཕྲག་གསུམ་ཙམ་ལས་ཕྱིན་མེད་ན་ཡང་གསར་འགྱུར་གནས་ཚུལ་དེ་ཉིད་སྤེལ་ཚུལ་བྱུང་ནས་ལོ་སྟོང་ཕྲག་ཁ་ཤས་ཕྱིན་ཡོད། གནའ་རབས་ཀྱི་གསར་འགྱུར་འགྲེམས་སྤེལ་བྱེད་ཐབས་དེ་རྗེས་ལུས་ཀྱི་གནས་ཚུལ་སྤྲོད་ཚུལ་ཞིག་ཡིན་མོད་ཀྱང་། ལོ་རྒྱུས་དེས་ཐོན་སྐྱེད་ངལ་རྩོལ་དང་མིའི་རིགས་ཀྱི་སྤྱི་ཚོགས་དར་སྤེལ་གཏོང་བར་བྱས་རྗེས་ཆེན་པོ་བཞག་གོ།  །ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་བོད་རིགས་མི་དམངས་ནི་གནའ་སྔ་མོའི་དུས་ནས་ཐོན་སྐྱེད་ངལ་རྩོལ་བྱས་ཏེ་འཚོ་བར་རོལ། བོད་རིགས་མི་དམངས་རྣམས་ཀྱིས་ལས་ལ་བརྩོན་ཞིང་དཀའ་ཚེགས་ལ་མ་འཛེམས་པར་རང་བྱུང་གི་འཇིག་རྟེན་ཁོར་ཡུག་དང་དཔའ་ངར་ལྡན་པའི་སྒོ་ནས་འཐབ་རྩོད་བྱས་ཏེ་འཛམ་གླིང་གི་ལོ་རྒྱུས་ཐོག་ཏུ་འོད་སྟོང་འབར་བའི་བྱས་རྗེས་ཆེན་པོ་བཞག་ཡོད། བྱས་རྗེས་ཕུལ་དུ་བྱུང་བ་དེ་ཇི་ལྟར་བྱས་ནས་གསར་གཏོད་བྱས་སམ་སྙམ་ན། “ངལ་རྩོལ་གྱིས་མིའི་རིགས་གསར་དུ་བསྐྲུན་པ་དང་། ངལ་རྩོལ་གྱིས་མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་དུ་བསྐྲུན་པ”ཞེས་པ་ཡིན་པ་གོར་མ་ཆག དཔེར་ན། ཨེན་ཀེ་སིས་མིའི་རིགས་ཀྱི་སྤྱི་ཚོགས་དང་སྤྲ་ཁྱུའི་ཁྱད་པར་འབྱེད་པའི་ཁྱད་ཆོས་ནི་ཅི་ཡིན་ཞེ་ན་ངལ་རྩོལ་ཡིན་ཞེས་གསུངས་པ་དང་། “སྲོག་ཆགས་ཀྱིས་ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་ཁོ་ནར་བརྟེན་ནས་རང་ཉིད་འཚོ་གནས་བྱེད་པ་དང་། རང་བྱུང་ཁམས་ཀྱི་འཕོ་འགྱུར་ལ་བསྟུན་པ། མིས་རང་ཉིད་ཀྱིས་བསྒྲུབས་པའི་སྒྱུར་བཅོས་ཀྱི་བྱ་བ་ལ་བརྟེན་ནས་རང་བྱུང་ཁམས་དེས་རང་རེའི་དམིགས་ཡུལ་གྲུབ་ཏུ་འཇུག་པ། མིས་རང་བྱུང་ཁམས་བཀོལ་སྤྱོད་བྱེད་ཐུབ་པ་དེ་ནི་མི་དང་གཞན་པའི་སྲོག་ཆགས་བར་གྱི་མཐའ་གཏུག་གི་ངོ་བོའི་ཁྱད་པར་ཡིན་ལ། ཁྱད་པར་དེ་བཟོ་མཁན་ཀྱང་ངལ་རྩོལ་ཡིན”ཞེས་གསུངས་པ་ལྟ་བུའོ༎ ཡིན་ན་ཡང་ཤུགས་ཆེན་ལྡན་པའི་རང་བྱུང་གི་ནུས་ཤུགས་མདུན་དུ་མི་སུ་དང་སུ་ཡིན་རུང་རང་ཉིད་ཀྱི་ནུས་ཤུགས་ཁོ་ནར་བརྟེན་ནས་འཚོ་ཐབས་མེད་ཕྱིར། སྲོག་ཆགས་གཞན་པས་རང་ཉིད་ལ་གནོད་འཚེ་གཏོང་བར་བཀག་འགོག་དང་འཚོ་ཐབས་འཚོལ་བའི་ཆེད་དུ། མིའི་རིགས་ཀྱིས་ཐོན་སྐྱེད་ངལ་རྩོལ་ནང་དུ་ངེས་པར་མཉམ་སྡེབ་བྱེད་པ་དང་། སྲོག་ཆགས་གཞན་དང་བསྟུན་མཐུན་གང་ཐུབ་བྱེད་ཀྱི་ཡོད། མར་ཁེ་སིས་མི་རྣམས་ཀྱིས་ཐོན་སྐྱེད་བྱེད་སྐབས་རང་བྱུང་ཁམས་དང་འབྲེལ་གཏུག་བྱེད་དགོས་པ་ཕུད། གལ་ཏེ་ཁོ་ཚོས་བྱེད་སྟངས་ཤིག་ལ་བརྟེན་ནས་མཉམ་དུ་བྱ་སྤྱོད་དུ་མ་ཞུགས་པའམ་བྱ་སྤྱོད་འགུལ་སྟངས་དེ་ཕན་ཚུན་བརྗེ་རེས་མ་བྱས་ན། ཐོན་སྐྱེད་བྱེད་སྟངས་ཀྱང་མེད་ལ། ཐོན་སྐྱེད་བྱེད་པའི་ཆེད་དུ་མི་རྣམས་ཀྱིས་ཕན་ཚུན་འབྲེལ་འདྲིས་སམ་འབྲེལ་བ་བྱ་དགོས། སྤྱི་ཚོགས་ཀྱི་འབྲེལ་འདྲིས་སམ་སྤྱི་ཚོགས་ཀྱི་འབྲེལ་བའི་མངའ་ཁོངས་དེ་འདྲའི་ནང་དུ་ད་གཟོད་ཁོ་ཚོ་དང་རང་བྱུང་ཁམས་གཉིས་དབར་འབྲེལ་བ་ཡོད་སྲིད་ཅིང་ཐོན་སྐྱེད་ཀྱང་བྱ་སྲིད་ཅེས་གསུངས་པ་ལྟར། མིའི་རིགས་ཀྱིས་“བྱེད་སྟངས་ཤིག་ལ་བརྟེན་ནས་མཉམ་དུ་བྱ་སྤྱོད་དུ་ཞུགས་པའི”ནང་དུ་མི་རྣམས་ལ་ཕན་ཚུན་འབྲེལ་གཏུག་བྱས་ཏེ་གནས་ཚུལ་བརྗེ་རེས་དང་། གནས་ཚུལ་རྒྱུས་ལོན། ཉམས་མྱོང་སྤེལ་རེས་བཅས་བྱ་དགོས་པས་གནས་ཚུལ་བརྒྱུད་སྤྲོད་ཀྱང་རིམ་བཞིན་དེ་ལྟར་བྱུང་བ་དང་། དེ་ནི་ཆེས་སྔ་མོའི་གསར་འགྱུར་སྣང་ཚུལ་ཞིག་ཡིན།
མིའི་རིགས་ཀྱི་སྤྱི་ཚོགས་དེ་རྩ་འཛུགས་ཤིག་ཏུ་གྲུབ་ནས་སྐད་ཆས་གནས་ཚུལ་བརྒྱུད་སྤྲོད་བྱེད་བཞིན་པའི་སྐབས་སུ་གདོད་མའི་རྣམ་པ་ལྡན་པའི་གསར་འགྱུར་བྱུང་ཞིང་། ཆེས་སྔ་མོའི་གསར་འགྱུར་ནི་མིའི་རིགས་འཚོ་ཐབས་བྱེད་པའི་ཆེད་དུ་བྱུང་བའི་གསར་འགྱུར་ཞིག་ཡིན་ཞིང་གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དེ་ཆུ་ཚད་ཆེས་དམའ་བའི་རྐྱེན་གྱིས་གནས་ཚུལ་བརྒྱུད་སྤྲོད་བྱེད་རྒྱུ་དེའང་ཆེས་རྗེས་ལུས་ཅན་གྱི་ངག་རྒྱུན་གསར་འགྱུར་དེ་ཡིན།
དང་བོ།  ངག་རྒྱུན་གསར་འགྱུར།
ཆེས་སྔ་མོའི་གསར་འགྱུར་རྣམ་པ་དེ་ངག་རྒྱུན་གསར་འགྱུར་ཡིན་ཞིང་། སྤྱིར་བཏང་དུ་ངག་ཐོག་ནས་གླེང་མོལ་བྱེད་པའི་སྒོ་ནས་གསར་འགྱུར་གནས་ཚུལ་བརྒྱུད་སྤྲོད་བྱེད་པ་དེ་ལ་གླེང་མོལ་གསར་འགྱུར་ཡང་ཟེར། འཇར་པན་རྒྱལ་ཁབ་ཀྱི་གསར་འགྱུར་མཁས་ཅན་ཞིག་གིས་“འཇར་པན་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་སྤྲོད་དེ་ཕལ་ཆེར་གནའི་‘ཅིན་ཧྥུ་ཏོན་གྲོས་ཚོགས’སུ་ཁོངས་འདེད་བྱས་ཆོག ཉིན་རེའི་ཞོགས་པར་ཁྱིམ་ཚང་སོ་སོའི་བུད་མེད་རྣམས་ཀྱིས་ཆུ་ཟོ་འཁུར་ནས་ཆུ་ལེན་པའི་སྐབས་སུ། ཚང་མས་ཁ་མང་ལྕེ་མང་གི་སྒོ་ནས་འདས་ཟིན་པའི་ཉིན་གཅིག་གི་མཐོང་ཐོས་གླེང་མོལ་བྱེད་པས་དེ་ནི་འཇར་པན་ཀྱི་གསར་འགྱུར་བརྒྱུད་སྤྲོད་ཐོག་མ་ཡིན་སྙམ”ཞེས་གསུངས།
དེ་བཞིན་བོད་ཁམས་གཅིག་གྱུར་ཏུ་མ་བསྒྱུར་གོང་མཚོ་བོད་མཐོ་སྒང་གི་ཡུལ་ཁམས་ནི་ཚོ་བ་ཁག་གིས་སྲིད་དབང་བཟུང་ཞིང་ལོ་སྟོང་ཕྲག་དུ་མའི་རིང་དུ་ཚོ་གཙོས་འགོ་ཁྲིད་བྱེད་པའི་འོག་ཏུ། གདོད་མའི་རྣམ་པ་ལྡན་པའི་རྗེས་ལུས་ཀྱི་རི་དྭགས་རྔོན་པ་དང་ཕྱུགས་རིགས་སྤོ་འཚོ་བྱེད་པའི་འཚོ་ཐབས་དེར་བསྟུན་པ་དང་། ཚོ་བ་སོ་སོས་རང་བཞིན་རུས་ཚོགས་དང་རུས་རྒྱུད་མང་བོ་དབང་དུ་བསྒྱུར་ནས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་ངལ་རྩོལ་ཀྱི་བྱེད་ཐབས་སྤྱད། མཚོ་བོད་མཐོ་སྒང་དུ་ཚོ་བ་མང་བོ་དང་རུས་ཚོགས་མང་བོ་བྱུང་བ་ལས་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་མེས་པོ་རྣམས་ཀྱིས་གནམ་གཤིས་ཀྱི་རྒྱུ་རྐྱེན་ངན་ཞིང་ཐོན་སྐྱེད་ཀྱི་ལག་ཆ་རྗེས་ལུས་ཡིན་པའི་ཡུལ་ཁམས་བསྒྱུར་བཀོད་དང་འཚོ་གནས་དར་སྤེལ་གཏོང་ཆེད། རང་བྱུང་གི་ཁོར་ཡུག་དང་འཐབ་རྩོད་བྱེད་པའི་ཁྲོད་དུ་ཕྱི་རོལ་ཡུལ་གྱི་གནས་ཚུལ་རྒྱུན་ཆད་མེད་པར་བསྡུ་ལེན་དང་། མི་རྣམས་ཀྱི་བར་དུ་གནས་ཚུལ་གྱིས་འབྲེལ་གཏུག་བྱས་སྟབས། ཚོ་བ་ཁག་ཆེ་ཆུང་དུ་མ་དང་རུས་ཚོགས་ཀྱི་སྤྱི་ཚོགས་ཐོག་ཏུ་གདོད་མའི་“གསར་འགྱུར”དང་“གསར་འགྱུར་བརྒྱུད་སྤྲོད”ཀྱང་རིམ་གྱིས་དར། རུས་ཚོགས་ཀྱི་སྐབས་སུ་ཚོ་བ་རེ་རེའི་སྟོབས་འབྱོར་མངའ་ཐང་རྒྱ་ཆེར་དང་མངའ་ཁོངས་བར་གྱི་“ས་མཚམས”གྱི་འགལ་བ་མངོན་གསལ་དོད་པོར་གྱུར་པས། འཚོ་གནས་ཀྱི་མངའ་ཁོངས་གང་ལེགས་སྲ་བརྟན་དང་། དངོས་རྫས་ཕུན་སུམ་ཚོགས་པ་ཞིག་བརྩོན་ལེན་བྱེད་པ། དབང་ཆ་འཕྲོག་རེས་བྱེད་པ་བཅས་ཀྱི་ཛ་དྲག་ལྡན་པའི་འགལ་བ་འགའ་བྱུང་སྟེ། ཚོ་བའི་བར་དང་ཚོ་བའི་ནང་ལོགས་སུ་གནས་ཚུལ་གང་མང་གང་གསར་ཞིག་རྒྱུས་ལོན་བྱེད་པར་བརྩོན་ལེན་བྱེད་ཅིང་གནས་ཚུལ་འདྲ་མིན་སྣ་ཚོགས་ཀྱང་རིམ་བཞིན་བྱུང་། 《རྒྱལ་རབས་གསར་བའི་མེ་ལོང》ལས།  “རྒྱལ་པོ་གྲི་གུམ་བཙན་པོ་དེ། ཐུགས་གདོན་གྱིས་བསླུས་ཏེ། བློན་པོ་ལོ་ངམ་རྟ་རྫི་ཟེར་བ་ཞིག་ལ། ཁྱོད་ཀྱིས་ངའི་འཐབ་ཡ་བྱེད་དགོས་ཟེར་ནས། ལོ་ངམ་ན་རེ། རྗེ་ཅི་ལགས། ང་འབངས་ཤིག་གིས་རྗེའི་འཐབ་ཡ་མི་འོང་ཞུས་ཀྱང་། དབང་མེད་དུ་བཅོལ་བས་འཐབ་པར་ཆས། སྐར་མ་ས་ག་དང་ས་རིའི་ཉིན་འཁྲུག་དུས་བྱས་སོ༎ དེར་རྒྱལ་པོས། ཁྱི་མོ་ཉན་གྱི་རྣ་གསང་མ་བྱ་བའི་སྤྲུལ་པའི་ཁྱི་ཅིག་ཡོད་པ། ལོ་ངམ་གྱི་རྩར་ཉན་བཏང་བས། ལོ་ངམ་གྱིས་དེ་བཞིན་ངོ་ཤེས་ནས་གནངས་ཉིན་རྒྱལ་པོས་ངེད་རང་གསོད་དུ་འོང་སྟེ། དམག་གི་འཁོར་མ་ཁྲིད་པར། རྒྱལ་པོའི་དབུ་ལ་དར་ནག་གི་ཐོད་བཅིང་། དཔྲལ་བར་མེ་ལོང་བཏགས། ཕྲག་པ་གཡས་ལ་ཝ་རོ་བཀལ། ཁྱི་རོ་གཡོན་ལ་བཀལ། རལ་གྲི་གླད་ལ་བསྐོར། གླང་དམར་ལ་ཐལ་སྒྲོ་བཀལ་བྱུང་ན། ངེད་རང་གིས་ཅི་ཐུབ་ཅེས་སྨྲས་སོ༎ ཁྱི་མོ་དེས་རྒྱལ་པོ་ལ་དེ་བཞིན་དུ་ཞུས་པས། དེ་ལྟར་བྱེད་གསུངས་ཏེ། གནངས་ཉིན་དེ་ལྟར་བྱས་ནས་ལོ་ངམ་གསོད་དུ་བྱོན། བསོ་སྒྲ་བཏབ་པས་གླང་དམར་འགྲོགས་ཏེ་ཐལ་སྒྲོ་རལ་བས་ཐལ་འཚུབ་ཀྱིས་མིག་ཁེང་། ཝ་རོས་དགྲ་ལྷ་ཡལ། ཁྱི་རོས་ཕོ་ལྷ་ཡལ། རལ་གྲི་གླད་ལ་བསྐོར་བས་རྨུ་ཤག་ཆད། དེར་བློན་པོ་ལོ་ངམ་གྱིས་རྒྱལ་པོའི་དཔྲལ་པའི་མེ་ལོང་ལ་གཏད་ནས་མདའ་བརྒྱབ་པས་རྒྱལ་པོ་བཀྲོངས་སོ༎”ཞེས་གསུངས་པ་ལྟར། གོང་གི་ཚིག་ཚོགས་དུམ་བུ་དེ་བཀླགས་མ་ཐག་ཏུ་དེ་ནི་དགོད་བྲོ་ལངས་བྱེད་ཀྱི་གཏམ་ཞིག་དང་རྒྱལ་བོ་བླུན་པོ་ཞིག་རེད་སྙམ་པའི་སྣང་ཚུལ་ཞིག་ང་ཚོའི་བློ་ལ་འཆར་མོད་ཀྱང་། གང་ལྟར་ཡང་བློན་པོ་ལོ་ངམ་གྱིས་རྒྱལ་བོ་བཀྲོངས་ནས་ཁོ་རང་ཉིད་ཀྱིས་རྒྱལ་ས་འཛིན་འདོད་དེ། ཁྱི་མོ་དེ་ཉན་གྱི་རྣ་གསང་མ་བྱ་བའི་སྤྲུལ་བའི་ཁྱི་ཞིག་ཡིན་པ་ཁོ་ངོ་ཤེས་ཀྱང་མངོན་གསལ་གྱི་མཚོན་རྟགས་མེ་ལོང་དང་། ཝ་རོ། ཁྱི་རོ། རལ་གྲི་ཀླད་སྐོར། གླང་དམར་ཐལ་སྒྲོ་བཀལ་བ་བཅས་ཀྱི་བློ་ངན་འགའ་བཏོན་ཅིང་། གཞན་ཡང་གཏམ་དེ་བཀླགས་མ་ཐག་ང་ཚོའི་ཡིད་ལ་ལྷ་སྒྲུང་གི་གཏམ་དཔེ་ཞིག་རེད་སྙམ་ན་ཡང་དེ་ལྷ་སྒྲུང་གི་གཏམ་དཔེ་ཙམ་ཞིག་ག་ལ་ཡིན། བོད་ཁ་བ་ཅན་གྱི་ལོ་རྒྱུས་ཐོག་ཏུ་བློན་པོ་ལོ་ངམ་གྱིས་རྒྱལ་པོ་བཀྲོངས་པའི་གྱོད་ཆེན་དེ་སྐབས་དེར་རྒན་དར་གཞོན་གསུམ་གྱི་བོད་རིགས་མི་དམངས་རྣམས་ཀྱི་ངག་རྒྱུད་དུ་ཁྱབ་ཅིང་། གོང་དུ་འཇར་པན་གྱི་གསར་འགྱུར་མཁས་ཅན་དེས་བརྗོད་པ་ནང་བཞིན་བོད་རིགས་ཀྱི་སྐྱེས་ཕོ་མོ་རྣམས་ཀྱིས་ཆུ་ལེན་སྐབས་དང་། ཕྱུགས་རིགས་འཚོ་སྐབས། རི་དྭགས་རྔོན་སྐབས། སྲོལ་རྒྱུན་གྱི་འདུས་སྡོད་དུས་ཆེན་བཅས་ཀྱི་སྐབས་སུ་གླེང་མི་ཚར་བའི་“གསར་འགྱུར”ཞིག་ཏུ་གྱུར་པ་དང་། སྐབས་དེར་བོད་ཁམས་དེ་རྙོག་ཅིང་འཛིང་བའི་ས་ཆ་ཞིག་ཏུ་གྱུར་ཡོད་གཤིས་རྒྱལ་པོའི་སྲས་ཆེ་བ་ཤ་ཁྲི་དང་། འབྲིང་བ་བྱ་ཁྲི། ཆུང་བ་ཉ་ཁྲི་བཅས་གསུམ་པོ་ཀོང་བོ་དང་། སྤོ་བོ། ཉང་བོ་བཅས་སུ་བྲོས་ཤིང་། བོད་ཁམས་ཡོངས་རྫོགས་གནས་སྐབས་ཤིག་ལ་ཐར་ཐོར་ཏུ་གྱུར་ནས་བོད་ཁམས་ཀྱི་སྟོབས་འབྱོར་མངའ་ཐང་དང་། ཡང་སྒོས་སུ་འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཉོ་ཚོང་། མི་དམངས་ཀྱི་བདེ་འཇགས། རྒྱུན་ལྡན་གྱི་ཐོན་སྐྱེད་གནས་ཚུལ་“བརྒྱུད་བསྒྲགས”བྱེད་པ་བཅས་ཀྱི་ཐད་ལ་ངན་རྐྱེན་ཆེ་པོ་ཐེབས། ཡིན་ནའང་རྗེས་སུ་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྱུང་སྟེ་《མཁས་པའི་དགའ་སྟོན》ལས། རུ་ལས་སྐྱེས་ཀྱིས་ལོ་ངམ་གྱིས་ནང་མིར་ཞུགས་ཏེ་ཤ་ཁྱི་དཀར་མོའི་སྤུ་རྩར་དུག་བྱུགས་པ་བཀོར་དུ་ཕུལ་བ་ལ་ལོ་ངམ་གྱིས་བྱིལ་བྱིལ་བྱས་པས་དེ་མ་ཐག་ཏུ་ལུས་ཐམས་ཅད་སྲངས། གཡོག་རྣམས་ཁོ་ན་བའི་སར་འདུས་པའི་བར་ལ་ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ཏེ་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོ་ངམ་ཕོ་བརྒྱ་མོ་བརྒྱ་བསད་སྐད། ཅེས་གསུངས་པ་ལྟར། བོད་ཁམས་སླར་ཡང་གཅིག་གྱུར་བྱུང་སྟེ་བོད་ས་གནས་ཁག་གི་ཐོན་སྐྱེད་ངལ་རྩོལ་གོང་སྤེལ་གཏོང་བར་ཤུགས་རྐྱེན་གང་ལེགས་བཟོས་ཤིང་ལྷག་པར་དུ་བོད་ཀྱི་ས་གནས་ཁག་གི་བར་ལ་སྔོན་ཐོན་སྐྱེད་བྱེད་སྟངས་ཕན་ཚུན་ལ་བརྒྱུད་སྤྲོད་བྱས་པས། “བོད་དུ་ཁབ་ཐོག་མ་བྱུང་བ་དང་ཞིང་ལ་ཆུ་འདྲེན་པ། ས་བོན་འདེབས་པ་སོགས་བྱུང་།” མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》ལས། སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་རྒྱལ་བློན་གཉིས་ཀྱི་རིང་ལ། ཁམས་ཆེ་པོ་བརྒྱད་ལ་སོགས་པའི་བོན་པོའི་ཆོས་རྣམས་ཞང་ཞུང་ནས་བསྒྱུར་ཏེ་དར་རྒྱས་བྱུང་བ་དང་། མ་ཟད་དེ་དུས་བོན་ལ་རྒྱུའི་བོན་རིགས་བཞི་དང་འབྲས་བུའི་བོན་རིགས་ལྔ་བཅས་བོན་ལ་རིགས་དགུ་རུ་ཕྱེ་སྲོལ་ཡོད་པའང་གསལ་བོར་བསྟན་པ་དང་། ལྷག་པར་དུ་རྒྱུའི་བོན་རིགས་བཞི་སྟེ། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱྭ་གཤེན་རུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་རྣམས་དར་རྒྱས་བྱུང་ཚུལ་རྒྱས་བཤད་མཛད་ཡོད། འོ་ན་གོང་གི་ཚིག་ཚོགས་དུམ་བུ་དེས་“གསར་འགྱུར”དང་“གསར་འགྱུར་བརྒྱུད་སྤྲོད”ཐད་ལ་གསལ་བཤད་ཅི་ལྟར་བ་ཞིག་བྱ་ཐུབ་བམ་སྙམ་ན།
ང་ཚོས་བརྟག་དཔྱད་གཏོང་ཐུབ་པ་ནི། གཅིག་ན་སྐབས་དེར་ཞང་ཞུང་ཡུལ་དུ་ཞང་ཞུང་རྒྱལ་རབས་རྣམས་ཀྱིས་དབང་བསྒྱུར་བྱས་ཏེ་གདོད་མའི་སྤྱི་ཚོགས་ཀྱི་རི་དྭགས་རྔོན་པ་དང་ཕྱུགས་རིགས་སྤོ་འཚོ་བྱེད་པའི་རྣམ་པ་ཙམ་མ་ཡིན་པར། རིགས་སོ་སོའི་ཐོན་སྐྱེད་བྱེད་སྟངས་དེ་རྒྱུན་ལྡན་གྱི་ངལ་རྩལ་བགྲོས་ལམ་དུ་འཕེལ་ནས་རྒྱལ་ཕྲན་ཚད་ལྡན་ཅན་ཞིག་ཏུ་གྱུར་བ་མ་ཟད། དཔལ་འབྱོར་རིག་གནས་དང་ལྷག་པར་དུ་བོན་གྱི་ཆོས་ལུགས་དར་རྒྱས་བྱུང་ཞིང་མཐུ་དབང་ཆེ་བས་བོན་ཆོས་ཀྱི་བསམ་བློས་སྲིད་དབང་བཟུང་བ་ཤེས་རྟོགས་ཐུབ་པ་ར་སྤྲོད་བྱུང་བ་དང་། གཉིས་ན་བོད་དུའང་ཞང་ཞུང་ལྟ་བུ་སྟོབས་འབྱོར་མངའ་ཐང་དང་། རིག་གནས་སྒྱུར་རྩལ། ཆོས་ལུགས་བཅས་ཀྱི་ཐད་ལ་དེ་ལྟར་བ་ཞིག་དར་ཡོད་མེད་ཁ་ཚོན་གཅོད་མི་ཐུབ་ཀྱང་། ཁམས་ཆེན་པོ་བརྒྱད་ལ་སོགས་པའི་བོན་པོའི་ཆོས་ལུགས་ཞང་ཞུང་ནས་བསྒྱུར་དགོས་པའི་འདོད་མོད་བྱུང་བ་ལས་ང་ཚོས་སྐབས་དེར་བོད་ཀྱི་སྤྱི་ཚོགས་དེའི་འཕེལ་ཚད་གང་འདྲ་ཡིན་པ་གསལ་བོར་མཚོན་ཐུབ། གསུམ་ན་ཞང་ཞུང་དུ་གང་ཞིག་དར་ཁྱབ་ཆེ་བ་དང་བོད་དུ་གང་ཞིག་དར་སྤེལ་གཏོང་དགོས་པའི་འདོད་མོལ་ཆེ་བ་བཅས་ཚང་མ་ཇི་ལྟར་བྱས་ཏེ་ཤེས་རྟོགས་བྱ་དགོས་ཞེ་ན། “གསར་འགྱུར”དང་“གསར་འགྱུར་བརྒྱུད་སྤྲོད”ལ་བརྟེན་ནས་མི་རྣམས་ཀྱིས་འདོད་མོས་ཚིམས་དགོས་པ་གོར་མ་ཆག སྐབས་དེར་ཁམས་ཆེན་པོ་བརྒྱད་ལ་སོགས་པའི་བོན་པོའི་ཆོས་རྣམས་བསྒྱུར་སྐབས་ཡི་གེ་ཡོད་དགོས་པ་གདོན་མི་ཟ་མོད། འོན་ཀྱང་“གསར་འགྱུར”དེ་ཡི་གེ་ལ་བརྟེན་ནས་བསྒྲགས་ཡོད་མེད་ཁོ་བོས་ད་དུང་མི་ཤེས་ཀྱང་གླེང་མོལ་གྱི་སྒོ་ནས་མི་དམངས་ཀྱི་ཁྲོད་དུ་ཕན་ཚུན་“བརྒྱུད་སྤྲོད”བྱེད་པ་དེ་“ཆོས་ཀྱི་རྒྱལ་ཁམས”སུ་མེད་པ་མི་སྲིད་དོ༎ བཞི་ན་རྒྱལ་ཕྲན་ཞིག་གམ་ཚོ་བ་ཞིག་ལ་བོན་ཆོས་དར་ཡོང་སྐབས། ཆོས་ཁྲིད་མཁན་སློབ་དཔོན་དང་ཆོས་ཁྲིད་ཡུལ་མི་དམངས་མང་ཚོགས་ཤིག་ཡོད་པས། གོང་དུ་བརྗོད་པ་ནང་བཞིན་སྲོལ་རྒྱུན་གྱི་འདུས་སྡོད་བྱེད་པའི་དུས་ཆེན་དེར་མི་རྣམས་ཀྱིས་ཕན་ཚུན་གླེང་མི་ཚར་བའི་“གསར་འགྱུར”དེ་བརྒྱུད་སྤྲོད་བྱེད་སྲིད།
གཉིས་པ།  གནའ་ཤུལ་གསར་འགྱུར།
གདོད་མའི་ཞིང་ལས་བྱུང་བ་དང་ཞིང་ཕྱུགས་ལས་གཉིས་སོ་སོར་ལས་བགོས་བྱུང་བར་བརྟེན། མི་རྣམས་ཀྱིས་གནས་ཚུལ་བརྒྱུད་སྤྲོད་བྱེད་སྟངས་དེ་རྣམ་པ་གསར་བ་ཞིག་ཏུ་གྱུར་ལ། མིའི་རིགས་ཀྱིས་ཞིང་ཕྱུགས་ཀྱི་ཐོན་རྫས་བརྗེ་རེས་བྱེད་པའི་བྱ་འགུལ་དེའང་ཐོག་མ་བྱུང་། དངོས་རྫས་ཀྱིས་དངོས་རྫས་བརྗེ་བའི་ཚོང་ལས་ཐོག་མ་ཆགས་པ་ནས་བཟུང་མི་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་དགོས་མཁོ་དང་གནས་ཚུལ་བརྒྱུད་སྤྲོད་གཏོང་བའི་རེ་འདུན་ཆེས་ཆེར་འཕེལ། མི་དང་མིའི་བར་གྱི་གནས་ཚུལ་བརྒྱུད་སྤྲོད་བྱེད་རྒྱུ་གོམ་གང་མདུན་སྤོས་ཀྱིས་རྒྱ་བསྐྱེད་བཏང་བ་སོགས་ཚོང་ཟོག་བརྗེ་རེས་བྱེད་པའི་ཚོང་ལས་དེ་ཡང་ཆགས་པས། གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་རྣམ་པ་དང་སྤྱི་ཚོགས་ཀྱི་ལག་ལེན་ཆུ་ཚད། ལྷག་པར་དུ་ཞིང་ཕྱུགས་ལས་གཉིས་སོ་སོར་ལས་བགོས་བྱེད་པ་བཅས་ལ་ཤུགས་རྐྱེན་གང་ལེགས་ཤིག་ཐེབས་ཡོད། ཝང་ཧྥུ་རེན་དང་སུའོ་ཝུན་ཆིང་གིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་རྩ་གནད》ལས། བཅིངས་འགྲོལ་བཏང་རྗེས། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་དང་འཚོལ་ཞིབ་བྱས་རྗེས་སྔ་གཞུག་ཏུ་རྡོ་ཆས་གསར་མ་དང་བར་མའི་དུས་སྐབས་ཀྱི་རིག་གནས་རྗེས་ཤུལ་གནའ་རབས་ཀྱི་མི་རུས་དང་བང་སོ་འགའ་རྙེད། དཔེར་ན། ༡༩༦༦ལོར་གཉའ་ལམ་རྫོང་དུ་རྡོ་ཆས་འཇམ་རིགས་ཉེར་བདུན་རྙེད་སོན་བྱུང་བས་ཚན་རིག་གི་སྒོ་ནས་བརྟག་དཔྱད་བཏང་སྐབས་རྡོ་ཆས་འཇམ་རིགས་དེ་དག་རྡོ་ཆས་བར་མའི་དུས་སྐབས་སམ་ཡང་ན་དེ་བས་ཅུང་ཟད་སྔ་བའི་དུས་སྐབས་སུ་ཐོན་སྐྱེད་བྱས་པ་དང་འཚོ་བའི་ཤུལ་བཞག་གི་དངོས་རྫས་ཡིན་པ་རྟོགས། ༡༩༥༨ལོར་ཉིང་ཁྲི་རྫོང་དུ་གནའི་མིའི་རུས་རྡོ་རྙེད་པས་རྡོ་ཆས་གསར་མའི་དུས་སྐབས་སམ་ཡང་ན་གསེར་རྡོ་མཉམ་སྤྱོད་བྱེད་པའི་དུས་སྐབས་དེའི་མིའི་རིགས་ཀྱི་རུས་རྒྱུད་ཡིན་པ་རྟོགས། ༡༩༧༥ལོར་ཉིང་ཁྲི་ཡང་བསྐྱར་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས་རྗེས་ཤུལ་ཞིག་རྙེད་སོན་བྱུང་བ་ལས་ཁྱོན་རྡོ་ཆས་བཅོ་ལྔ་ཡོད་ཅིང་རྫ་ཆས་རབ་རིམ་ཡང་བརྒྱ་ཕྲག་ཁ་ཤས་ཡོད། ༡༩༧༨ལོར་ཆབ་མདོ་ཁ་རུབ་གྲོང་སྡེའི་ཉེ་འདབས་སུ་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས་གནའ་ཤུལ་ཞིག་རྙེད་སོན་བྱུང་བ་དེ་རིག་དངོས་ཆེས་ཆེར་གཅིག་སྒྲིམ་ཡིན་གཤིས། ཁང་ཤུལ་ལྔ་རྙེད་པ་ལས་རྡོ་ཆས་དང་། རུས་ཆས། རྫ་ཆས་བཅས་བརྒྱ་དང་དྲུག་ལྷག་བྱུང་ཞིང་། ཚན་རིག་གི་སྒོ་ནས་བརྟག་དཔྱད་གཏན་ཁེལ་བྱས་པ་ལྟར་ན་ད་བར་དུ་གནའ་ཤུལ་དེ་དག་ལ་ཕལ་ཆེར་ལོ་བཞི་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྐབས་དེར་ས་གནས་དེར་འདུས་སྡོད་བྱས་པའི་མི་རྣམས་ཀྱིས་ཞིང་ཕྱུགས་ལས་གཙོ་བོར་བྱེད་པའི་གཏན་སྡོད་ཀྱི་འཚོ་བར་རོལ་ཞིང་ཕྱུགས་ལས་དང་རི་དྭགས་རྔོན་པའི་བྱ་བ་དེས་ཁོ་ཚོའི་དཔལ་འབྱོར་འཚོ་བའི་ནང་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ཅེས་གསུངས་སོ༎ གཞན་ཡང་༡༩༩༡ལོར་ལྷ་སའི་བྱང་ངོས་ཀྱི་སེ་ར་དགོན་པའི་ཉེ་འདབས་ཀྱི་ཆུ་གོང་གནའ་ཤུལ་ནས་རྙེད་སོན་བྱུང་བའི་རྫ་ཆས་ཁག་དང་། རྡོ་ཆས། རུས་ཆས་ཁག་ལ་བརྟག་དཔྱད་གཏོང་སྐབས་དེ་དག་ནི་ལོ་བཞི་སྟོང་སྔོན་གྱི་རྡོ་ཆས་གསར་མའི་གནའ་རྫས་ཡིན་པ་གཏན་འཁེལ་བྱུང་ཡོད།
བོད་ལྗོངས་མཐོ་སྒང་གི་རྡོ་ཆས་སོགས་གནའ་ཤུལ་དེ་དག་ཐོག་མར་བོད་ལྗོངས་བྱང་འབྲོག་གི་ནག་ཆུའི་ནུབ་ཕྱོགས་ཀྱི་ཆུ་འགྲམ་ས་ཁུལ་ནས་རྙེད་སོན་བྱུང་ཞིང་དངོས་དཔེ་དེ་ཁྱིའུ་དབྱིབས་ལེབ་མོའི་རྡོ་ལེབ་ཅིག་ཡིན། རྗེས་སུ་རྙེད་སོན་བྱུང་བ་རྣམས་གཙོ་བོ་ལོ་རབས་བདུན་ཅུ་བའི་དུས་འཁོར་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཀྱིས་བརྟག་དཔྱད་བྱས་པ་ལས་རྙེད་ཅིང་རྙེད་ས་གཙོ་བོ་གཉའ་ལམ་རྫོང་གི་ཡར་སླེབས་བཅས་སུ་ཁྱོན་རྡོ་ཆས་སུམ་ཅུ་ལྷག་དང་། ཤན་རྩ་རྫོང་ལ་སོགས་པའི་ས་གནས་བཅོ་བརྒྱད་ལས་ཁྱོན་རྡོ་ཆས་ཉིས་བརྒྱ་ལྷག་རྙེད་སོན་བྱུང་། བོད་བྱང་འབྲོག་ཁུལ་གྱི་ཡག་ཆུ་ཡ་ཐོད་དང་། མཚེ་རྡོ་ཚྭ་ཁ་ལ་སོགས་པའི་ས་གནས་དྲུག་ནས་དངོས་དཔེ་བརྒྱ་ཕྲག་ཁ་ཤས་འཚོལ་བསྡུ་བྱས་པ་དང་། སྤུ་ཧྲེང་རྫོང་གི་མ་ཕམ་གཡུ་མཚོའི་བྱང་ཤར་མཐར་དང་། རུ་ཐོག་རྫོང་དང་སྐྱིད་ལུང་རྫོང་གི་མཚོ་གྲོ་ལུང་གི་ནུབ་ཕྱོགས་མཚོ་འགྲམ་སོགས་ས་གནས་གསུམ་ནས་ཁྱོན་རྡོ་ཆས་དྲུག་ཅུ་རེ་བཞི་རྙེད་སོན་བྱུང་། ད་དུང་ཚན་རིག་ལ་བརྟེན་ནས་གསར་འདོན་བྱས་པའི་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་ཐོན་པའི་རྡོ་ཆས་འཇམ་རིགས་དངོས་དཔེ་དྲུག་བརྒྱ་དང་ཉེར་དགུ་བྱུང་། སྡོམ་རྩིས་དེ་འདྲའི་ཆ་ཚང་མིན་པ་ལྟར་ན། ༡༩༨༩ལོའི་བར་དུ་བོད་ལྗོངས་མཐོ་སྒང་དུ་རྡོ་ཆས་འཇམ་རིགས་ཀྱི་གནའ་ཤུལ་བཞི་བརྒྱ་རྙེད་ཅིང་རྡོ་ཆས་བཟོ་རྫས་སྟོང་ཕྲག་ཁ་ཤས་ཙམ་བྱུང་། ༡༩༩༠ལོའི་ནས་བཟུང་སྟེ་བོད་ལྗོངས་རིག་དངོས་རྟོག་ཞིབ་པས་སླར་ཡང་ཡར་ཀླུང་གཙང་པོའི་ཆུ་སྟོད་ཀྱི་འབྲོང་པ་དང་། ས་དགའ། སྐྱིད་རོང་། ངམ་རིང་། གཞིས་ཀ་རྩེ། གོང་དཀར་ལ་སོགས་པའི་རྫོང་དང་ས་གནས་དེ་དག་ནས་རྡོ་ཆས་འཇམ་རིགས་ཀྱི་གནའ་ཤུལ་སུམ་ཅུ་ལྷག་རྙེད་སོན་བྱུང་ཞིང་རྡོ་ཆས་བཟོ་རྫས་ཆིག་སྟོང་ལྷག་འཚོལ་བསྡུ་བྱས། མིག་སྔའི་བར་དུ་བོད་ལྗོངས་མཐོ་སྒང་དུ་རྡོ་ཆས་འཇམ་རིགས་ཀྱི་གནའ་ཤུལ་ཁྱོན་བདུན་ཅུ་ལྷག་རྙེད་སོན་བྱུང་ཞིང་དངོས་དཔེ་སྟོང་ཕྲག་ཁ་ཤས་འཚོལ་བསྡུ་བྱས།
གནའ་ཤུལ་དེ་དག་ནས་རྙེད་སོན་བྱུང་བའི་རྫ་ཆས་དང་རྡོ་ཆས། རུས་ཆས་ཁག་ལས་ང་ཚོས་འདི་ལྟར་ཤེས་རྟོགས་བྱ་ཐུབ་པ་སྟེ།
༡.གནའ་ཤུལ་དེ་དག་རྙེད་སོན་བྱུང་བའི་རྫ་དང་། རྡོ་ཆས། རུས་ཆས་ཁག་ནི་ཕལ་ཆེར་རྡོ་ཆས་གསར་མ་དང་བར་མའི་དུས་སྐབས་སམ་ཡང་ན་དེ་བས་ཅུང་ཟད་སྔ་བའི་དུས་སྐབས་ཤིག་ཏུ་བྱུང་ཞིང་མཚོ་བོད་མཐོ་སྒང་གི་ཚོ་བ་ཁག་གམ་ཡང་ན་རུས་རྒྱུད་ཁག་སོ་སོའི་བོད་རིགས་མེས་པོ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་ཐོན་སྐྱེད་ངལ་རྩོལ་བྱས་ཏེ་འཚོ་བར་རོལ་ཡོད་པ་དང་། ཁོང་ཚོ་མཚོ་བོད་མཐོ་སྒང་གི་བདག་པོར་གྱུར་ཡོད་པ་ར་སྤྲོད་བྱུང་།
༢.གནའ་ཤུལ་དེ་དག་ཕལ་ཆེར་མངའ་རིས་ས་ཁུལ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུད་ཀྱི་བར་སྨད་ས་གནས་ཁག་དང་། བོད་ལྗོངས་ཤར་ཕྱོགས་ཀྱི་གྲོག་རོང་ས་ཁུལ་བཅས་སུ་བྱུང་བས། ས་ཁུལ་དེ་དག་ནི་བོད་ལྗོངས་མཐོ་སྒང་གི་གནས་ཡུལ་ཡོངས་ལས་གནམ་གཤིས་ཅུང་ཟད་བཟང་བའི་ས་ཁུལ་ཡིན་པས་རྒྱ་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་བྱས་ན་སྨི་༣༥༠༠ལྷག་ཡིན་པ་དང་། ལོ་ཧྲིལ་བོའི་ཆར་བ་འབབ་ཚད་ཀྱང་སི་ཁྲོན་ནུབ་ཕྱོགས་མཐོ་སྒང་གི་ཧའོ་སྨི་༥༠༠ནས་༡༠༠༠ལྷག་ནས་ཚྭ་འདམ་གཤོང་སའི་ཧའོ་སྨི་༥༠མན་དུ་ཡིན། དེར་བརྟེན་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་ས་གནས་དེ་དག་ཏུ་ཐོན་སྐྱེད་ངལ་རྩོལ་དང་ལྷག་པར་དུ་ལག་ཤེས་བཟོ་ལས་དར་སྤེལ་བཏང་ཡོད་པ་ཤེས་རྟོགས་ཐུབ་ལ། དེ་ལས་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དེ་ཡང་ཡར་ཀླུང་གཙང་པོའི་ཆུ་རྒྱུད་བར་སྨད་དུ་ཆགས་ཡོད་པ་མངོན་ཐུབ། དེ་ནི་འཛམ་གླིང་གི་མི་རིགས་ཆེ་གེ་མོ་འགའི་ཤེས་རིག་དར་བའི་ཆོས་ཉིད་ལྟར་རོ།། དཔེར་ན་གནའ་རབས་ཀྱི་ཨའེ་ཅི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཉི་ལུང་གཙང་པོའི་ཉེ་འདབས་སུ་འཚོ་བ་རོལ་བ་དང་། རྒྱ་གར་མི་དམངས་རྣམས་ཀྱིས་ཆུ་བོ་གངྒའི་ཉེ་འདབས་སུ་འཚོ་གནས་བྱས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ནང་སའི་མི་དམངས་རྣམས་ཀྱིས་འབྲི་ཆུའི་ཆུ་རྒྱུད་ཀྱི་སྟོད་སྨད་བར་གསུམ་དུ་འཚོ་གནས་བྱས་ཤིང་རིག་གནས་བསྐྲུན་ཡོད་པ་ལྟར། བོད་དུའང་རི་དྭགས་རྔོན་པ་དང་ཕྱུགས་རིགས་སྤོ་འཚོ་བྱས་པ། ཞིང་ཕྱུགས་ལས་གཉིས་ལས་བགོས་བྱས་པ། ལག་ཤེས་བཟོ་ལས་སོགས་རིམ་བཞིན་བོད་ཁམས་ཡོངས་སུ་རྒྱ་ཁྱབ་ཆེན་པོས་དར་རྒྱས་གོང་འཕེལ་བཏང་ཡོད་ཚུལ་རྣམས་མཚོན་ཐུབ།
༣.གནའ་ཤུལ་དེ་དག་ལས་ཐོན་པའི་དངོས་རྫས་ཀྱིས་ལོ་སྟོང་ཕྲག་ལྔ་ཡས་མས་ཀྱི་བསིལ་ལྡན་གྱི་ཡུལ་ལྗོངས་དེར་བོད་རིགས་མི་དམངས་རྣམས་ཀྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་རོལ་སྟངས་ལ་བསྟུན་ནས་ཐོན་སྐྱེད་ངལ་རྩོལ་བྱས་ཡོད་པ་དང་། གནས་འཕྲིན་བརྒྱུད་སྤྲོད་དང་དངོས་རྫས་བརྗེ་རེས་ཀྱི་བྱ་འགུལ་དེ་ཡང་གནའ་རབས་བོད་ཀྱི་ས་གནས་དེ་དག་གི་རུས་ཚོགས་དང་ཚོ་བའི་བར་གཏོང་ཚུལ་རྩོད་གླེང་མེད་པའི་སྒོ་ནས་ར་སྤྲོད་ཐུབ།
༤.གནའ་ཤུལ་དེ་དག་ལས་ཐོན་པའི་རྫ་ཆས་དང་། རྡོ་ཆས། རུས་ཆས་ཁག་གསར་འགྱུར་རྩོམ་ཡིག་ལྟ་བུ་“བརྩམ་བྱའི་རྒྱུ་རྐྱེན་ལྔ”(དུས་ནམ་དང་ས་ཆ་གང་ཞིག དོན་ཅི་ཞིག ཅིའི་ཕྱིར་མཐའ་འབྲས་བཅས་ལྔའོ)ཚང་མེད་མོད་ཀྱང་། དུས་སྐབས་དེའི་མི་རྣམས་ཀྱིས་རྫ་ཆས་སམ་རྡོ་ཆས་ཡང་ན་རུས་ཆས་གང་ཡང་རུང་བ་ཞིག་ལག་ཏུ་བཟུང་བ་ཙམ་གྱིས་ས་ཆ་གང་ཞིག་ནས་ཕལ་ཆེར་དུས་ནམ་ཐོན་པའི་དངོས་དཔེ་ཡིན་པ་ཐད་ཀར་གསལ་བོ་ཤེས་པའམ་ཡང་ན་གཞན་བརྒྱུད་ཀྱི་སྒོ་ནས་ཤེས་ཐུབ་ཕྱིར། སྐབས་དེའི་ལག་ཤེས་བཟོ་ལས་དང་ལྷག་པར་དུ་རྗེས་སུ་དེ་བས་སྔོན་ཐོན་གྱི་ལག་ཆ་གསར་བཟོ་བྱེད་པ་ལ་རྨང་གཞི་སྲ་བ་ཞིག་བཏིངས།
གསུམ་པ།  བརྡ་གཏོང་བའི་གསར་འགྱུར།
རྔ་རྡུང་བ་དང་མེ་སྦར་བ་ལ་སོགས་པའི་བརྡ་གཏོང་བའི་ཚུལ་དེ་མིའི་རིགས་ཀྱི་ཆེས་སྔ་བའི་རྒྱང་ཐག་རིང་བོའི་སྐད་དོད་ཀྱི་གསར་འགྱུར་བརྒྱུད་སྤྲོད་དང་མི་བརྡའི་གསར་འགྱུར་སྤྲོད་ཚུལ་གྱི་ཁོངས་སུ་གཏོགས་པའི་དྲིལ་བསྒྲགས་སྤྲོད་ཚུལ་ཞིག་ཡིན་གཤིས། གནས་ཚུལ་སྤྲོད་སྟངས་དེ་དེང་སང་གི་བར་དུ་ཡ་གླིང་གི་ས་གནས་སོ་སོར་དར་ཁྱབ་ཆེ། ཧྥེ་གླིང་གི་མི་རིགས་མང་བོ་ཞིག་ལ་དམིགས་བསལ་ཀྱི་རྔ་རྡུང་གི་སྐད་ཆ་ཞིག་ཡོད་པས། བརྗོད་བྱའི་ནང་དོན་ཇི་ལྟར་རྙོག་འཛིང་ལྡན་པའི་གནས་ཚུལ་ཞིག་ཡིན་ནའང་རྔ་རྡུང་བྱས་ཏེ་བརྒྱུད་སྤྲོད་གཏོང་ཐུབ། “རྫ་རྔ་རྡུང་བཞིན་དུ་དོན་ཆེན་ཅི་སྲིད་ཡོད་པ་དེ་སྲིད་ཚང་མ་རྒྱང་ཐག་སྤྱི་ལེ་ཁ་ཤས་ཙམ་ཡོད་ཀྱང་མི་རྣམས་ཀྱི་རྔ་སྐད་གོ། རྔ་སྐད་དེ་ལས་ལོ་རྒྱུས་རྒྱས་བཤད་བྱེད་པ་དང་། གསར་འགྱུར་གནས་ཚུལ་བརྒྱུད་སྤྲོད་བྱེད་པ། བཅའ་ཁྲིམས་ཁྱབ་བསྒྲགས་བྱེད་པ་བཅས་བྱེད་ཅིང་། བྱ་བ་གང་ཞིག་གི་རྒྱུ་མཚན་འདྲི་བ་དང་། འབོད་པ། གཤེ་གཤེ་གཏོང་བ། དམའ་འབེབས་གཏོང་བ་བཅས་ཀྱང་བྱ་ཐུབ”པས། དུས་རབས་བཅུ་དགུ་བའི་སྐབས་སུ་“རྔ་རྡུང་གསར་འཕྲིན” དེ་ཧྥེ་གླིང་གི་མི་རིགས་མང་བོའི་གནས་ཚུལ་སྤྲོད་སྟངས་གཙོ་བོ་ཞིག་ཏུ་གྱུར།
དེ་བཞིན་དུ་བོད་ལ་རྔ་རྡུང་བ་དང་། མེ་སྦར་བ། དུང་འབུད་པ་བཅས་ཀྱིས་གནས་ཚུལ་བརྒྱུད་སྤྲོད་བྱེད་པའི་ལོ་རྒྱུས་དེ་སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་དར་ཁྱབ་ཆེ་བ་མ་ཟད། ནང་ཆོས་ཀྱི་ཆོ་གའི་ཐོག་དང་སྔོན་གྱི་དམག་དོན་ཐོག་ཏུའང་ལྷག་པར་སྤྱད་འདུག་པའི་བརྡ་གཏོང་སྟངས་གལ་ཆེན་ཞིག་ཡིན་པ་དཔེར་ན། དགོན་པའི་ཚོགས་ཚུལ་ལ་མཚོན་ན། ཐོག་མར་མཆོད་དཔོན་གྱིས་ཚོགས་རན་པའི་དུས་ཚོད་དེའི་ཐོག་འཁར་རྔ་རྡུང་བའམ་ཡང་ན་དུང་བུས་ནས་བརྡ་གཏོང་བར་བྱ། འཁར་རྔ་རྡུང་བའམ་ཡང་ན་དུང་འབུད་སྟངས་དེའང་དགོན་པའི་ནང་དུ་ཚོགས་འདུག་པའི་རྡུང་སྟངས་དང་འབུད་སྟངས་ལས་ཁྱད་པར་ཆེ་བས། རྡུང་བའམ་འབུད་ཐེངས་གསུམ་གྱི་སྒོ་ནས་བརྡ་གཏོང་སྲིད། རྡུང་བའམ་འབུད་ཐེངས་རེ་ལ་དུས་རྒྱུན་པའི་རྡུང་བའམ་འབུད་སྟངས་ལས་ཅུང་ཟད་རིང་བ་དང་། རྡུང་བའམ་འབུད་ཐེངས་དང་བོ་ནས་གཉིས་པའི་བར་དང་གཉིས་པ་ནས་གསུམ་པའི་བར་ཡང་ཕལ་ཆེར་འདྲ་ཞིང་གཙོ་བོ་མཆོད་དཔོན་གྱིས་གྲྭ་བ་དགོན་དུ་འབྱོར་ཡོད་མེད་ཀྱི་ཚུལ་ལ་བལྟའོ༎ གཞན་ཡང་འཆམ་འཆོང་སྐབས་གཙོ་བོ་རྔ་རྡུང་ཚུལ་དང་། རོལ་མོ་དཀྲོལ་ཚུལ། དུང་ཆེན་འབུད་ཚུལ་བཅས་ལ་ཉན་ནས་འཆམ་དགོས་པ་ལས་རང་སྣང་གང་ཤར་གྱིས་འཆམ་པ་ཞིག་ག་ལ་ཡིན། དེ་ཡང་མདོ་སྨད་ས་ཁུལ་གྱི་ས་ཆ་འགའ་རེར་ཁྱིམ་ཚང་ཞིག་གི་མི་ཆེ་གེ་མོ་ཞིག་ཤི་ནས་དུར་སྐྱེལ་བྱེད་སྐབས། དུང་འབུད་ཐེངས་གསུམ་གྱི་སྒོ་ནས་ཉེ་འཁོར་གྱི་ཁྱིམ་མཚེས་སོ་སོ་དང་གྲོང་སྡེའི་མི་དམངས་ལ་བརྡ་གཏོང་སྲིད། འབུད་ཐེངས་དང་བོ་བུས་མ་ཐག་ཏུ་དུར་སྐྱེལ་འགྲོ་མཁན་རྣམས་རང་རང་སོ་སོའི་ཁྱིམ་ནས་རོ་བྱུང་བའི་ཁྱིམ་ཚང་དུ་འགྲོ་གྲོབས་བྱེད་པ་དང་། འབུད་ཐེངས་གཉིས་པ་བུས་མ་ཐག་འཕྲལ་མ་མྱུར་དུ་ཁྱིམ་དེར་ཡོང་ནས་མྱ་ངན་ཞུ་ཞིང་། འབུད་ཐེངས་གསུམ་པ་བུས་མ་ཐག་ཏུ་གཤིན་པོ་དུར་སྐྱེལ་བྱེད་པ་དང་སྦྲགས་བླ་སེར་རྣམས་ཀྱིས་གཤིན་པོར་ཐར་བ་ཐོབ་པའི་ཆོས་འདོན་པ་དང་མི་སྐྱ་རྣམས་ཀྱིས་སྨོན་ལམ་འདེབས་པའི་ཡུལ་སྲོལ་དེ་ཡོད། མ་ཚད་ད་དུང་སྡེ་བ་ཞིག་གི་སྡེ་ཚོགས་བསྡུ་དགོས་ཚེ་འཁར་རྔ་བརྡུངས་ནས་བརྡ་གཏོང་བ་དང་རྟ་རྒྱུགས་བྱེད་སྐབས་རྒྱུགས་ཐང་གི་མཐའ་སྣེ་རུ་མེ་སྦར་བ་ལ་སོགས་པའི་སྲོལ་རྒྱུན་གྱི་བརྡ་གཏོང་ཚུལ་འདྲ་མིན་སྣ་ཚོགས་དེ་དེང་སང་བར་དུ་རྒྱུན་ཆད་མེད་པས། བརྡ་གཏོང་ཚུལ་དེ་དག་གདོད་མའི་སྤྱི་ཚོགས་ཀྱི་གནས་ཚུལ་སྤྲོད་སྟངས་ཀྱི་རྣམ་པ་ཞིག་ཡིན་པར་རྩོད་གླེང་མེད་པ་ང་ཚོས་གསལ་བོར་རྟོགས་ཐུབ།
དེ་བཞིན་དུ་འཛམ་གླིང་དུ་ཆེས་རིང་བའི་ལོ་རྒྱུས་ཀྱི་སྙན་རྩོམ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་ཀྱང་བརྡ་གཏོང་བའི་གནས་ཚུལ་སྤྲོད་སྟངས་དེ་ཡོད་པས། 《ཧོར་གླིང་གཡུལ་འགྱེད》ལས། དུང་བུས་བྱུང་བས་གུར་ཐམས་ཅད་མི་གཅིག་གིས་བསྡུས་པ་ལྟར་བྱས། རྟ་རྣམས་ལ་སྒ་བརྒྱབ་ནས་ཁ་ལག་བྱས། ཁལ་རྣམས་འཛོམས་ཁྲིག་གེར་བཀལ་ནས་སོ་སོས་རྟ་ལ་འཇུས་ནས་བསྡད་པ་ན། རྒྱ་གླིང་གི་སྐད་སིང་སིང་བྱུང་བ་དང་། ཤན་པ་པཱ་དུར་ལས་དམག་ཉི་ཁྲི་སུམ་སྟོང་དེས་འཕྲུ་དམར་ཤ་སྟག་བྱས། དམག་སྣེ་མདའ་རྒྱང་གང་ཙམ་ལ་པཱ་དུར་མཆོང་ལྷ་སྨུག་པོ་དེ་ཐོན། རྒྱབ་ནས་ཤན་པ་རང་བསྡད་ནས་འུར་ཆིལ་ལེར་སོང་། དེ་ནས་རྔ་ཆུང་གི་སྐད་འགྱུར་བྱུང་བ་དང་། རུ་གསུམ་གྱི་དམག་དཔོན་རྣམས་རེ་རེ་བཞིན་སྔོན་ལ་མདའ་རྒྱང་ཙམ་རེའི་སར་ཐོན། རྒྱལ་བུ་རྣམས་རྗེས་ལ་རེ་རེ་བཞིན་ཆས་སོ༎ དམག་རྣམས་ཧྲིལ་གྱིས་འགྲིལ་བ་དང་། གུར་དཀར་རྒྱལ་བོ་ཁོ་རང་། ཞྭ་དཀར་རྔ་འཕྲུ་ཅན་ཞིག་དང་། དར་དམར་བོའི་ཕྱམ་ཐུལ་ཞིག་གྱོན། དྲེལ་མོ་ཉི་མ་དགུ་ཆོད་ལ་ཞོན། དར་དང་རྒྱལ་མཚན་གདུགས་རོལ་མོའི་སྒྲ་དང་བཅས་ཏེ། རྟ་བ་བརྒྱ་ཙམ་གྱིས་བསྐོར་ནས་བཤར་བྱུང་ངོ་༎ ཞེས་བརྗོད་པ་ལྟ་བུ་དང་། གཞན་ཡང་《མོན་གླིང་གཡུལ་འགྱེད》(ཤ༣༧༠ཕ༡)ལས། ཕྱིར་ནང་ཉི་མ་ཤར་བ་དང་མཉམ་དུ། དམག་དུང་གི་བརྡ་བྱུང་བ་དང་མཉམ་དུ་གུར་རྣམས་བསྡུས། བཟའ་བཏུང་གིས་ཚིམས་པར་བྱས། ཁལ་མ་རྣམས་བཀལ། རྟ་སྒ་བརྒྱབ་ནས་བསྡད། རྒྱ་གླིང་གི་སྐད་གྲགས་པ་དང་ལྷན་དུ། དང་པོར་གླིང་གི་འོམ་བུའི་ཨ་ནུ་དཔའ་སེང་། དཔའ་ལ་མི་སྤྱང་དཀར་པོ། སྡིག་གཅོད་ཤན་པ་མེ་རུ་རྩེ། བ་དུར་ཐང་དཀར་རྩེ་རྒོད། སེང་ཚ་སྟོང་ཐུབ་བཅས་བློན་པོ་ལྔ་ནས་གླིང་འབྲིང་རྒྱུད་དང་། ཧོར་རི་ཐང་བཅས་ནས་འབུམ་དམག་གསུམ་འཁྲིད་དེ། ཤར་རྫོང་སྟག་མོ་རི་བཀྲ་དང་མདའ་རྒྱང་གང་མ་ཟིན་ཙམ་ལ་སྒར་བརྒྱབ། ཅེས་བརྗོད་པ་ལྟ་བུའོ༎
གོང་གི་དཔེ་བརྗོད་གཉིས་པོ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ནི། བརྡ་གཏོང་བའི་གནས་ཚུལ་སྤྲོད་སྟངས་དེ་སྔོན་གྱི་དམག་དོན་ཐོག་ཏུ་སྤྱད་འདུག་པ་མ་ཟད། ད་དུང་ཤིན་ཏུ་རྒྱས་པ་ཡིན་པས་བརྡ་གཏོང་ཐེངས་དང་བོར་དམག་དུང་འབུད་པ་དང་། གཉིས་པ་རྒྱ་གླིང་གི་སིང་སྒྲ་གཏོང་བ། གསུམ་པ་རྔ་ཆུང་རྡུང་བ་སོགས་ཡིན་པ་གསལ་བོར་ཤེས་ཐུབ། འཇིག་རྟེན་མིའི་གཏམ་དཔེ་ཡང་“རྡུང་མི་ཉན་པའི་རྔ་ཆེན་རྡུངས། འབུད་མི་ཉན་པའི་དུང་ཆེན་བུས། ཕྱར་མི་ཉན་པའི་དར་ཆེན་ཕྱོར”ཞེས་པ་ལྟར། དོན་གནད་ཆེས་གལ་ཆེན་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་སུ་རྒྱུན་པར་བེད་མི་སྤྱོད་པའི་རྔ་ཆེན་དང་། དུང་ཆེན། དར་ཆེན་རྣམས་རྡུང་བ་དང་། འབུད་པ། ཕྱར་བ་ཙ་ན་ཉེ་འཁོར་གྱི་སྐྱ་སེར་མི་དམངས་མང་ཚོགས་ཀྱིས་དོན་གནད་གལ་འགངས་ཆེན་པོ་ཞིག་བྱུང་བ་དང་འབྱུང་བཞིན་ཡོད་པའི་ཚུལ་དེ་ཧ་གོ་ནས་འདུ་ཚོགས་བྱེད་ས་ག་གེ་མོ་ཞིག་ལ་གློ་བུར་མྱུར་དུ་འདུ་ཐུབ་པས་དེ་ནི་རྒྱང་ཐག་རིང་བོའི་སྐད་བརྡའི་གསར་འགྱུར་སྤྲོད་ཚུལ་ཞིག་ཡིན། མེ་སྦར་ནས་གནས་ཚུལ་བརྒྱུད་སྤྲོད་གཏོང་བའི་ཚུལ་དེའང་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་དེ་《ཐང་ཡིག་རྙིང་མ》ལས། དམག་བྱེད་ཚེ། གསེར་མདའ་ཚུན་བདུན་ཅན་ཞིག་སྔོན་དུ་བརྫངས་ནས་བརྡ་གཏོང་། ལེ་དབར་བརྒྱ་རེའི་མཚམས་ན་དམག་ཚུགས་རེ་ཡོད། གནས་ཚུལ་འཚུབ་ཅན་རེ་བྱུང་ཚེ། བརྡ་མཁན་གྱི་དང་ཁར་དངུལ་གྱི་བྱ་ཞིག་འདོགས། འཚུབ་ཤིན་ཏུ་ཆེ་ན་དངུལ་བྱའང་མང་དུ་འདོགས་པ་ཡིན། དགྲ་བྱུང་ཚེ་མེ་སྦར་ནས་བརྡ་གཏོང་། ཞེས་གསུངས་པ་ལྟ་བུའོ༎ དེ་བཞིན་དུ་《མོན་གླིང་གཡུལ་འགྱེད》ལས། གླིང་དམག་རྣམས་ཀྱིས་རྫོང་གི་ནང་ནས། གསེར་དངུལ་ཇ་དར་སོགས་ཅི་ཡོད་རྣམས་ཕྱིར་ཁྱེར་ཏེ། ཕྱོགས་བཞི་ནས་མེ་སྦར་བས་ལུང་བ་དུད་སྤྲིན་གྱི་ཁྱབ་པར་བྱས། དེ་དུས་ཨ་ནུ་དཔའ་སེང་གི་ཞལ་ནས། ད་ཨ་རྒྱས་དབུ་དཀར་ཁྱོད་ཀྱིས་རང་རང་གི་དཔུང་དང་བཅས་པས་མགོ་བཏགས་པ་ཡིན་བཞིན། ལམ་མཁན་བྱས་ནས་སྔོན་དུ་འགྲོ། དམག་མང་འདི་ཚོ་མགོ་ཐོན་ངེས་བྱེད་དགོས་གསུངས་པས། ཞེས་པ་ལྟ་བུ་ལ་མཚོན་ན་ཨ་རྒྱས་དབུ་དཀར་གྱིས་གཙོས་པའི་བཙན་རྫོང་ནང་གི་མོན་གྱི་དཔོན་བློན་རྣམས་ཀྱིས་ཕྱག་གྱང་འགྱེལ་བ་བཞིན་དུ་ཕུལ་ཏེ་མགོ་བཏགས་སྐབས། གླིང་དམག་རྣམས་ཀྱིས་ཕྱོགས་གཅིག་ནས་བཙན་རྫོང་ནང་དུ་དཔུང་འཇུག་བྱེད་ཐུབ་ནས་རྒྱལ་ཁ་བླངས་པར་རྟེན་འབྲེལ་བྱེད་འདུག་ཅིང་། ཕྱོགས་གཞན་ཞིག་ནས་དུང་སྐྱོང་སྟག་ལྷ་དཔོན་པོ་གསོན་བཟུང་བྱེད་པར་ཐེ་ཚོམ་མེད་པ་གླིང་དམག་གི་གཟི་རྔམ་ཕྱིར་མངོན་བྱས་ཏེ་དུང་སྐྱོང་སྟག་ལྷ་དཔོན་པོར་འཇིགས་སྐུལ་སྟེར་བ་ཡིན།
དེ་ཡང་སྔོན་མདོ་སྨད་འབར་ཁམས་ས་ཁུལ་གྱི་རྫི་འགག་མངའ་འོག་གི་བྲག་བར་གྲོང་སྡེ་དང་ཇག་དམག་ཆེ་གེ་མོ་ཞིག་དང་འཐབ་རེས་བྱུང་སྐབས། བྲག་བར་གྲོང་སྡེས་ཇག་དམག་དེས་ཇག་འཕྲོག་བྱེད་པར་རྒོལ་ལན་གཏོང་ཆེད། གྲོང་སྡེ་དེའི་སྐྱེ་བོ་རྒན་དར་གཞོན་གསུམ་རྣམས་ཀྱིས་བརྩོན་སེམས་གང་ལེགས་ཀྱིས་སྐུལ་སློང་བྱས་ཏེ་རྒོལ་ལན་དམག་བཙུགས་པ་མ་གཏོགས། སྐྱེ་ཕོ་མོ་རྣམས་སྐུལ་སློང་བྱས་ནས་རྫོང་མཁར་བརྩེགས་ཤིང་རྫོང་མཁར་དེའི་སོ་ཁུང་ནས་སོ་བགྱིས་ཏེ་ཇག་དམག་གི་ཟུར་དབྱིབས་ཙམ་ཞིག་མཐོང་མ་ཐག་ཏུ་སོ་བས་གླང་རྭ་བུས་ནས་གྲོང་སྡེའི་རྒོལ་ལན་དམག་ལ་བརྡ་བརྒྱབ་པས། མང་ཚོགས་ཀྱིས་རྒོལ་ལན་བཏང་སྟེ་ཇག་དམག་གིས་ཇག་འཕྲོག་བྱེད་མ་ཐུབ་ཅེས་པའི་སྒྲུང་གཏམ་ངོ་མ་དེ་དེང་སང་རྒན་རྒོན་འགའི་ངག་རྒྱུན་དུ་ཁྱབ་བོ༎ གོང་དུ་བརྗོད་པའི་དཔེ་དེ་དག་ལས་ང་ཚོས་གསལ་བོར་ཤེས་རྟོགས་ཐུབ་པ་ནི་བོད་ཁམས་སུ་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་སྟེ་འཛམ་གླིང་གི་ས་གནས་སོ་སོའི་མི་དམངས་ནང་བཞིན། ས་གནས་ཁག་གི་དབང་བསྒྱུར་གྲལ་རིམ་པས་རང་ཉིད་ཀྱི་སྟོབས་ཤུགས་ཤུགས་ཆེར་བཏང་སྟེ་དབང་བསྒྱུར་དང་། སྲིད་འཛིན། མངའ་ཁོངས་རྒྱ་བསྐྱེད་གཏོང་བ། དཔལ་འབྱོར་ཕན་ནུས་དར་སྤེལ་གཏོང་བ་བཅས་བྱེད་ཆེད། དམངས་ཁྲོད་དམ་ཡང་ན་དབང་བསྒྱུར་གྲལ་རིམ་གྱི་ཁྲོད་དུ་འདྲ་མིན་སྣ་ཚོགས་ཀྱི་གནས་ཚུལ་སྤྲོད་སྟངས་དེ་བྱུང་བ་མ་གཏོགས། གནས་ཚུལ་དེའི་དགོས་གལ་ཆེ་ཆུང་གི་ཐོག་ནས་ད་དུང་བསྒྲགས་སྟངས་སམ་བརྡ་གཏོང་སྟངས་རེ་རེ་བཞིན་དུ་ཡོད་པས་གནས་ཚུལ་སྤྲོད་རྒྱུ་དེ་ཆེས་གལ་འགངས་ཆེན་པོའི་གོ་གནས་སུ་བཞག་ཡོད།
གསར་འགྱུར་བརྩམ་བྱའི་རྒྱུ་རྐྱེན་ལྔ་ལ་མཚོན་ན་ཡང་གང་ལེགས་ཀྱིས་ཚང་འདུག་པ་ཞིག་ཡིན་གཤིས། ཐོག་མ་དུས་ཚོད་ཀྱི་ཐད་ནས་མཚོན་ན་དོན་དག་ཅིག་བྱུང་མ་ཐག་ཏུ་རྔ་རྡུང་བ་དང་དུང་འབུད་པ་ཡང་ན་མེ་སྦར་བའི་ཚུལ་གྱི་བརྡ་གཏོང་བར་བྱ་བས་དུས་ཚིགས་ཀྱི་རང་བཞིན་ཆེས་ཆེར་ལྡན་པ་དང་གསར་འགྱུར་གྱི་“མྱུར” ཞེས་པའི་རེ་འདུན་དེ་འཛོམས། རྔ་རྡུང་བ་དང་དུང་འབུད་པ་ཡང་ན་མེ་སྦར་ཚུལ་གྱིས་བརྡ་འཕྲིན་གཏོང་བ་ཙ་ན་ས་ཕྱོགས་གང་ཞིག་ནས་མི་སུས་བརྡ་འཕྲིན་གཏོང་བ་དག་ཀྱང་ཤེས་པ་མ་ཟད། བརྡ་འཕྲིན་དེའི་ནང་དོན་གསལ་བོ་དང་། དྲང་བདེན་གྱི་སྒོ་ནས་ཤེས་སུ་འཇུག་པས་གསར་འགྱུར་གྱི་“སྲོག”ཀྱང་ལྡན། དཔེར་ན། 《དམག་དཔུང་གི་བརྡ་གཏོང་སྐབས》ལས། “དམག་ལྔ་བརྒྱ་མ་ཚང་བ་ན་མེ་གཅིག་སྦར་བ་དང་། སྐྱ་དམག་ལྔ་བརྒྱ་ཡན་དུ་ཡོད་པ་མེ་གསུམ་སྦར་བ། མི་སྟོང་ཡན་དུ་ཡོད་ན་མེ་བཞི་སྦར་བ”ཞེས་བརྗོད་པ་ལས་ང་ཚོས་གསལ་བོར་ཤེས་ཐུབ། བརྡ་འཕྲིན་གཏོང་མཁན་གྱིས་གོང་ལྟར་བརྡ་བཏང་མ་ཐག་ཏུ་ཕ་རོལ་བོའི་གནས་ཚུལ་གང་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ་སྟེ་“བཀོད་འདོམས་པས”ཇི་ལྟར་ཡ་ལན་འདེབས་པའང་གང་ལེགས་ཀྱི་སྒོ་ནས་གྲ་སྒྲིག་བྱ་ཐུབ།
གདོད་མའི་གནས་ཚུལ་སྤྲོད་སྟངས་དེ་དེང་སང་བར་དུ་སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་ཤུགས་རྐྱེན་ཐེབས་འདུག་པ་དཔེར་ན། མཚོ་དམག་གིས་དར་བརྡ་གཏོང་ཚུལ་དང་། གྲོང་ཁྱེར་ཆེན་པོའི་འགྲིམ་འགྲུལ་གཞུང་ལམ་དུ་གློག་འོད་ཀྱི་བརྡ་གཏོང་ཚུལ། ལམ་གསོ་རུ་ཁག་གིས་མེ་སྒྱོགས་རྒྱག་སྐབས་དར་དམར་གཡུག་པའམ་ཡང་ན་སི་སྒྲ་གཏོང་ཚུལ་ལ་སོགས་པ་སྔ་མའི་གནས་ཚུལ་སྤྲོད་སྟངས་ཡིན་ཞིང་དེའི་ཐད་ད་དུང་བརྗོད་ཀྱིས་མི་ལང་བ་ཞིག་ལག་ལེན་དངོས་སུ་བེད་སྤྱོད་བྱེད་བཞིན་ཡོད་དོ༎
【དཔྱད་གཞིའི་ཡིག་ཆ】
༡. 《གསར་འགྱུར་རིག་གཞུང་གི་སློབ་རིམ་མདོར་བསྡུས》 ཀྲུང་དབྱང་རླུང་འཕྲིན་དང་བརྙན་འཕྲིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༢. 《ཀྲུང་གོའི་གསར་འགྱུར་ལས་དོན་གྱི་ལོ་རྒྱུས》 ཀྲུང་དབྱང་རླུང་འཕྲིན་དང་བརྙན་འཕྲིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༣. 《རྒྱལ་རབས་གསལ་བའི་མེ་ལོང》 མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༤. 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༥. 《མོན་གླིང་གཡུལ་འགྱེད》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༦. 《ཧོར་གླིང་གཡུལ་འགྱེད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༧. 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༨. 《བོད་ལྗོངས་ཞིབ་འཇུག》 ༡༩༩༢ལོའི་རྒྱ་ཡིག་དེབ་དང་བོ།
༩. 《བོད་ལྗོངས་ཞིབ་འཇུག》 ༡༩༩༡ལོའི་བོད་ཡིག་དེབ་དང་བོ།
༡༠. 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
གཉན་ཕྱུག སི་ཁྲོན་ཟུང་ཆུ་རྫོང་གི་ཡིན་ལ། ད་ལྟ་རྔ་བ་ཁུལ《རྔ་བའི་གསར་འགྱུར》ཞེས་པའི་བོད་ཡིག་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

相关热词搜索:

上一篇:༄༅།།《གླིང་སྒྲུང》དུ་བྱུང་བའི་རྣམ་གྲངས་གསུམ་ངེས་ཀྱི་ཚིག་རྒྱན་གྱི་ཁྱད་ཆོས་འགའ་གླེང་བ།
下一篇:༄༅།།བོད་སྐད་ཀྱི་བྱུང་འཕེལ་དང་དེ་ཉིད་བེད་སྤྱོད་བྱེད་ཐད་ཀྱི་ལྟ་ཚུལ་འགའ་བརྗོད་པ།

分享到: