༄༅།།བོད་སྐད་ཀྱི་བྱུང་འཕེལ་དང་དེ་ཉིད་བེད་སྤྱོད་བྱེད་ཐད་ཀྱི་ལྟ་ཚུལ་འགའ་བརྗོད་པ།
2016年06月28日   来源:阿坝《藏学研究选编》   

འཇམ་པོ།
 
གླེང་གཞི།
བོད་མི་རིགས་ནི་འོད་སྟོང་འབར་བའི་རིག་གནས་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། རིག་གནས་ཀྱི་ལོ་རྒྱུས་ཆེས་རིང་བའི་མི་རིགས་ཤིག་ཀྱང་ཡིན། རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་གི་བཙན་པོ་རིམ་བྱོན་དང་མཁས་དབང་རིམ་བྱོན་རྣམ་པས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་རིགས་རང་གི་སྐད་དང་ཡི་གེར་བརྟེན་ནས། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གང་སྤྱི་འཕེལ་རྒྱས་གཏོང་བའི་སླད་དུ་བླ་ན་མ་མཆིས་པའི་ཕྱག་རྗེས་གནང་ཡོད་པ་སོགས་དུས་ད་ལྟའི་བར་གསེར་སེར་བོའི་ཁ་དོག་མ་ཉམས་པར་ཡོད་པ་ནི་སྐད་དང་ཡི་གེའི་བཀའ་དྲིན་ཡིན་པ་སུས་ཀྱང་ཤེས་གསལ་ལྟར་ཡིན། སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་པ་དང་། མི་རིགས་ཤིག་ལ་སྐད་དང་ཡི་གེ་མེད་ཚེ་མིང་ཙམ་ལས་བླ་སྲོག་མེད་པའི་བེམ་པོ་ཞིག་དང་འདྲ་བ་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས། “བོད་རིགས་ཤིག་ཡིན་ཕྱིན་ཐོག་མར་རང་གི་སྐད་དང་ཡི་གེ་བྱང་ཆུབ་པ་སྦྱངས་པའི་རྨང་གཞིའི་སྟེང་དུ་ད་གཟོད་མི་རིགས་གཞན་གྱི་སྐད་ཆ་དང་ཡིག་རིགས་སྦྱང་དགོས་”ཞེས་གསུང་བཤད་གནང་། ད་ལྟ་ང་ཚོའི་མིག་སྔར་མཇལ་དུ་ཡོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱའི་བང་མཛོད་ཆེན་མོར་མཚོན་ན། སྐད་ཡིག་གི་ཡོན་ཏན་ནི་བང་མཛོད་དེའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པ་དང་། དེང་རབས་ཚན་རིག་ལག་རྩལ་གྱིས་ཁྱད་དུ་འཕགས་པའི་སྔོན་ཐོན་མི་རིགས་ཀྱི་ཐོག་ཁང་དུ་བགྲོད་འདོད་ན། སྐད་ཡིག་གི་ཡོན་ཏན་ནི་ཐོག་ཁང་དེར་བགྲོད་སྤྱད་ཀྱི་ཐེམ་སྐས་ལྟ་བུ་ཡིན་པ་སྨོས་ཅི་དགོས། གལ་ཏེ་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་འདི་ཉམས་རྒུད་དུ་སོང་ན། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལའང་ཉམ་ཉེས་པ་ཆེན་པོ་འབྱུང་བ་མ་ཟད། ཚན་རིག་ལག་རྩལ་གྱིས་རྗེས་སུ་ལུས་པའི་གོས་ཧྲུལ་གྱི་རྣམ་པ་འདི་ཡང་སྒྱུར་ཐབས་མེད་པ་ཤེས་སླ། དེས་ན། མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱ་བ་ནི། ང་ཚོ་ཡོངས་ཀྱི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ལགས་སྙམ་ནས། མང་ཐོས་རྒྱན་གྱིས་དབུལ་བ་བདག་ལྟ་བུས་མཛོ་ཁལ་ར་ཡིས་ཐེག་འདོད་ཀྱི་དཔེ་ལྟར། འདིར་བོད་ཀྱི་སྐད་འདི་ཇི་ལྟར་བྱུང་ཚུལ་དང་འཕེལ་ཚུལ། བེད་སྤྱོད་ཚུལ་སོགས་རང་བློས་དཔག་ཚོད་ཀྱིས་གླེང་བར་བྱ།
དང་བོ།  སྐད་ཆའི་འབྱུང་ཁུངས།
སྤྱིར་སྐད་ཆ་ཞེས་པ་ནི་བརྗོད་བྱའི་དོན་སྟོན་པར་བྱེད་པའི་བརྡའི་རང་བཞིན་ཅན་ཞིག་ལ་ངོས་འཛིན་པ་དང་། བྱེ་བྲག་འདིར་བརྗོད་པའི་སྐད་ཆ་ནི་སྐྱེས་བུའི་ལྕེ་རྐན་སོགས་ལས་བྱུང་བ་གང་ཞིག་བརྗོད་བྱའི་དོན་སྟོན་པར་བྱེད་པའི་ངག་གི་ང་རོ་ཞིག་ལ་ངོས་འཛིན་དགོས། ང་ཚོས་སྐད་ཆའི་ངོ་བོ་ཞིབ་གསལ་ཞིག་རྟོགས་དགོས་ན། ཐོག་མར་དེའི་འབྱུང་ཁུངས་དང་འཕེལ་རིམ་གྱི་ཆོས་ཉིད་ལ་ཤེས་རྟོགས་ཙམ་ཡོད་པར་བྱ་དགོས། སྤྱིར་བཏང་སྐད་ཆའི་འབྱུང་ཁུངས་ཞེས་པ་ལ་གོ་དོན་གཉིས་ཡོད་དེ། སྐྱེ་འགྲོ་མིའི་རིགས་ཀྱི་སྐད་ཆའི་འབྱུང་ཁུངས་དང་བྲེ་བྲག་མི་རིགས་སོ་སོའི་སྐད་ཆའི་གྲུབ་ཚུལ་དེ་གཉིས་ཡིན་ལ།
(གཅིག) སྐྱེ་འགྲོ་མིའི་རིགས་ཀྱི་སྐད་ཆའི་འབྱུང་ཁུངས།
སྐྱེ་འགྲོ་མིའི་རིགས་ཀྱི་སྐད་ཆའི་འབྱུང་ཁུངས་ནི། སྐྱེ་འགྲོ་མིས་སྨྲ་བརྗོད་མི་ཤེས་པའི་དུས་ནས་སྨྲ་བརྗོད་ཤེས་པའི་གོ་རིམ་ཞིག་ཡིན། འདིའི་ཐད་ལ་ཆོས་ལུགས་སོ་སོ་དང་ལྟ་བ་སོ་སོར་མི་མཐུན་པའི་བཞེད་སྲོལ་མང་ནའང་། དེང་རབས་ཚན་རིག་ལག་ལེན་གྱིས་ཞུན་བརྡར་བྱས་ཚེ་མང་ཆེ་ཤོས་རྨི་ལམ་ལྟར་དཔྱད་མ་བཟོད་པར་གྱུར། དེས་ན། སྐྱེ་འགྲོ་མིའི་རིགས་ཀྱི་སྐད་ཆའི་འབྱུང་ཁུངས་ནི་ད་ལྟ་ད་དུང་གཞི་གཅིག་ལ་ངེས་པའི་ཁ་ཚོན་གཅོད་དཀའ་བ་ཞིག་ཡིན་མོད། ཡིན་ནའང་འདིར་དེང་སང་གི་སྒྲ་རིག་སྨྲ་བ་མང་ཤོས་ཀྱི་ངག་སྒྲོས་ལ་ཁྱབ་ཆེ་བའི་ལུགས་ལྟར་ཅུང་སྤྲོས་ན། མིའི་རིགས་ཀྱི་སྐད་ཆ་ནི་ཐོག་མར་འགྲོ་བ་མིའི་རིགས་བྱུང་བའི་དུས་ནས་བཟུང་། མི་རྣམས་རང་རང་གི་ལུས་སྲོག་འཚོ་བའི་སླད་དུ་ཐུན་མོང་གིས་ངལ་རྩོལ་དང་ལག་ཆ་བཟོ་སྐྲུན་བྱེད་པའི་གོ་རིམ་ནང་། ཕན་ཚུན་འབྲེལ་འདྲིས་བྱེད་པའི་དགོས་མཁོ་དང་མཐུན་པའི་ཆེད་དུ་བྱུང་བ་ཞིག་ཡིན། དེ་བས་ན་ངལ་རྩོལ་ལས་སྐད་ཆ་བྱུང་བ་རེད། འོ་ན། སྐྱེ་འགྲོ་མིའི་རིགས་ཀྱི་ཐོག་མའི་སྐད་ཆ་ནི་ཅི་ལྟ་བུ་ཞིག་ཡིན་ཞེ་ན། དེའང་ཚན་རིག་དང་མཐུན་པའི་དཔྱད་གཞིའི་རྒྱུ་ཆ་དཀོན་པ་དང་ཡུལ་དང་དུས་ཀྱིས་བསྐལ་བས་ལྐོག་གྱུར་གྱི་ཆོས་ཞིག་ཏུ་ཟད་མོད་ཀྱི། ཡིན་ནའང་ང་ཚོས་རྗེས་དཔག་ཚད་མས་དཔྱད་ཆོག་པ་ཞིག་ཡིན་ཏེ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཡོངས་གྲགས་ལྟ་བ་ལྟར། སྨྲ་ཤེས་དོན་གོའི་མཚན་ཉིད་ཅན་གྱི་གང་ཟག་མི་ནི་གནའ་བོའི་སྤྲ་རིགས་འཕེལ་འགྱུར་ལས་བྱུང་བ་ཞིག་རེད། འཕེལ་འགྱུར་གྱི་དུས་རིམ་ནང་འཚོ་བྱེད་ངལ་རྩོལ་ལ་བརྟེན་ནས་ལུས་ཀྱི་གྲུབ་ཆ་ཁག་ལ་འགྱུར་ལྡོག་བྱུང་ཞིང་། སྒྲའི་སྐྱེ་གནས་ཀྱང་རིམ་བཞིན་འཐུས་ཚང་དུ་སོང་ནས་སྐད་ཆ་ཐོག་མར་བྱུང་བ་ཞིག་ཡིན། སྐབས་དེའི་མི་རྣམས་ཀྱི་སྒྲའི་སྐྱེ་གནས་དང་བློ་རིག་ལ་སོགས་པ་ནི། དེང་སང་གི་མི་ནང་བཞིན་དེ་འདྲ་འཐུས་ཚང་ཆ་རྫོགས་ཤིག་དང་གསལ་ཞིང་སྐྱེན་པ་ཞིག་ག་ལ་ཡིན། དེས་ན་ཁོ་ཚོས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་སྐད་ཀྱི་གདངས་མི་གསལ་ཞིང་རྨང་གཞིའི་ཐ་སྙད་ཀྱིས་མི་འདང་བ། ཚིག་སྦྱོར་གྱི་རྣམ་བཞག་སོགས་དབེན་པས་འདོད་མའི་བཤད་སྟངས་ཙམ་ལས་སྐད་ཆ་འདི་ཕུན་སུམ་ཚོགས་པ་ཞིག་མིན་པ་ནི་རྟོགས་ཐུབ་པ་རེད། གཞན་ཡང་དེ་དུས་ཀྱི་སྐད་ཆ་ཇི་འདྲའི་ཐབས་ཆག་ནུས་མེད་ཅིག་ཡིན་ནའང་། འདོད་མའི་སྤྱི་ཚོགས་དེའི་འབྲེལ་འདྲིས་ཀྱི་དགོས་མཁོ་ལ་ཞབས་འདེགས་ཞུ་ཐུབ་པ་མ་ཟད། ད་ལྟ་དར་རྒྱས་ཕུན་སུམ་ཚོགས་པོ་བྱུང་བའི་སྐད་རིགས་སྣ་ཚོགས་པ་དེ་དག་ཀྱང་། མ་གཞིར་རྨང་གཞི་དེའི་ཐོག་ནས་རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བྱུང་བ་ཞིག་ཡིན། མདོར་ན། ངལ་རྩོལ་ལས་མི་དང་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་བ་དང་དུས་མཚུངས་སུ་མིའི་རིགས་ཀྱི་སྐད་ཆའང་བྱུང་བ་ཡིན། གོང་ནས་བཤད་པ་ལྟར་སྤྱིར་སྐད་ཆའི་འབྱུང་ཁུངས་ལ་དུས་ད་ལྟའི་བར་ད་དུང་ངེས་པའི་ལྟ་བ་འཐད་ལྡན་གཅིག་མཐུན་ཞིག་མེད་པས། འདིའི་ཐད་ལ་དེང་སང་འཛམ་གླིང་ཐོག་གི་སྒྲ་རིག་སྨྲ་བ་རྣམས་ཀྱིས་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་ཚན་རིག་སྟེ། དཔེར་ན་འགྲོ་བ་མིའི་རིགས་ཀྱི་སྐྱེ་དངོས་ཁོངས་གཏོགས་ལ་ཞིབ་འཇུག་བྱེད་པའི་མིའི་རིགས་ཀྱི་རིག་པ་དང་། མིའི་རིགས་ཀྱི་བསམ་པའི་འཁྱེར་སོ་ལ་ཞིབ་འཇུག་བྱེད་པའི་སེམས་ཁམས་རིག་པ་དང་། མིའི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གནའ་རྫས་བརྟག་པའི་རིག་པ་སོགས་ཀྱི་ལས་རིགས་ཀྱིས་ཀྱང་ཞིབ་འཇུག་བྱེད་ཀྱིན་ཡོད། ཞིབ་འཇུག་བྱ་ཡུལ་དེའི་བྱུང་འཕེལ་གྱི་ཆོས་ཉིད་མ་རྟོགས་ན། དེའི་ངོ་བོ་ཞིབ་གསལ་ཞིག་རྟོགས་ཐབས་བྲལ་བས། ཐོག་མར་མིའི་རིགས་ཀྱི་སྐད་ཆ་ཇི་ལྟར་བྱུང་བའི་ཚུལ་ལ་ངེས་ཤེས་རྙེད་པ་ནི་གལ་ཆེའི་གནས་སུ་གྱུར།
(གཉིས) བྱེ་བྲག་མི་རིགས་སོ་སོའི་སྐད་ཆའི་གྲུབ་ཚུལ།
༡.མི་རིགས་སོ་སོའི་སྐད་ཆའི་གྲུབ་ཚུལ་སྤྱིར་བཤད་པ།
བྱེ་བྲག་མི་རིགས་སོ་སོའི་སྐད་ཆ་ནི། དཔེར་ན་བོད་སྐད་དང་རྒྱ་སྐད། དབྱིན་ཇི་སྐད། ཧྥ་རན་སིའི་སྐད། སོག་སྐད་སོགས་ལྟ་བུ་དེ་རིགས་ནི་གདོད་མའི་སྐད་ཆའམ་ཡུལ་སྐད་ཀྱི་རྨང་གཞིའི་ཐོག་ནས་རིམ་གྱིས་རིགས་གྱེས་པ་ཞིག་ཡིན་པ་སྟེ། དཔེར་ན་ཧྥ་རན་སིའི་སྐད་སོགས་ནི་དམངས་ཁྲོད་ལ་ཏིང་གི་སྐད་ཟུར་ནས་གྲུབ་པ་ལྟ་བུ་དང་། སྐད་ཆ་སོ་སོ་དེ་དག་ནི་མིའི་རིགས་ཀྱིས་སྨྲ་ཤེས་ཤིང་སྐད་བརྡ་འཕྲོད་པའི་རྗེས་སུ་གྲུབ་པ་ཞིག་ཡིན་པས། དུས་ཀྱི་ཆ་ནས་བཤད་ན་དེ་ནི་འགྲོ་བ་མིའི་རིགས་ཀྱི་སྐད་ཆ་བྱུང་བ་ལས་ཧ་ཅང་འཕྱིས་པའི་ཕྱིར་སྐད་རིགས་ལ་ལའི་ལོ་རྒྱུས་ད་ལྟ་ད་དུང་གསལ་བོར་རྟོགས་ཐུབ་སྟེ། དཔེར་ན་སོག་རིགས་ཀྱི་སྐད་ལྟ་བུ་ལ་མཚོན་ན། དུས་རབས་བཅུ་གཉིས་པའི་ནང་ལ་མི་རིགས་འདིའི་སྡེ་རིས་ཁག་གིས་བེད་སྤྱོད་བྱེད་པའི་སྐད་གཅིག་གྱུར་ཡིན་མོད། ཕྱིས་སུ་དུས་རབས་བཅུ་དྲུག་པ་ཡས་མས་སུ་སྔ་མ་གཅིག་གྱུར་གྱི་སོག་སྐད་དེ་སོ་སོར་གྱེས་པ་ཡིན་ཞིང་། དེ་ནི་དུས་ད་ལྟའི་བར་དུ་ལོ་བརྒྱ་ཕྲག་དུ་མ་ལས་མ་འདས་པ་རེད། མདོར་ན། སྐད་ཆ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕན་ཚུན་བར་བརྡ་སྤྲོད་པར་བྱེད་པའི་ཡོ་བྱད་ཅིག་ཡིན་པ་དང་། རིགས་རུས་མི་འདྲ་བ་དང་ཚོ་བ་མི་འདྲ་བའི་མི་མང་གི་ཚོགས་པ་རེ་ལ་སྐད་རིགས་ཀྱང་མི་འདྲ་བ་རེ་ཡོད་ཅིང་། འདོད་མའི་སྐད་ཆ་བྱུང་བ་ནས་བཟུང་འཛམ་གླིང་ཐོག་ལ་སྐད་རིགས་གཅིག་ལས་མི་ཚད་པ་མ་ཟད། ཕྱིས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གཅིག་གྱུར་དང་སོ་སོར་གྱེས་པ་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་མི་རིགས་སོ་སོའི་སྐད་ཆ་ནི། འདོད་མའི་སྐད་ཆའམ་ཡུལ་སྐད་ཀྱི་རྨང་གཞིའི་ཐོག་ནས་རིགས་གྱེས་ཏེ་སོ་སོར་སྣང་བ་ཞིག་ཡིན་པ་མ་ཟད། དེའི་བྱེ་བྲག་ལའང་གྲངས་ཀྱིས་མི་ལོང་བ་ཞིག་མཆིས་སོ༎
༢.ནང་གསེས་བོད་རིགས་ཀྱི་སྐད་ཆའི་འབྱུང་ཁུངས།
བོད་སྐད་ཀྱང་ཡུལ་གངས་ཅན་གྱི་ནོར་འཛིན་དཔལ་མོའི་གཞི་རུ་འཚོ་ཞིང་གནས་པའི་བོད་ཀྱི་མི་རྒྱུད་ཇི་ལྟར་མཆེད་པའི་དུས་རིམ་དེ་ནས་བཟུང་མཐར་གྱིས་བྱུང་བ་ཞིག་ཡིན་ཏེ། མཁས་པའི་དབང་བོ་ནམ་མཁའི་ནོར་བུས། “བོད་ཀྱི་སྐད་ཀྱི་འབྱུང་ཁུངས་ནི་ཡ་ཐོག་བོད་ཀྱི་མི་རྒྱུད་སྲིད་པ་ནས་བྱུང་བ་ཞིག་ཡིན་ངེས་པ་ནི་རང་བྱུང་གི་རིགས་པས་ཡོངས་སུ་གྲུབ་པ་ཞིག་ཡིན་”ཞེས་པ་དང་། “བོད་ཀྱི་མི་རྒྱུད་ཇི་ལྟར་མཆེད་པའི་དུས་རིམ་དེ་ནས་བཟུང་། བོད་མི་རིགས་རྣམས་ཀྱི་ཕན་ཚུན་བར་གོ་བརྡ་འཕྲོད་པའི་ཐུན་མོང་གི་སྐད་དེ་བོད་སྐད་ཅེས་པའི་གདགས་གཞི་དེ་ཉིད་བྱུང་ཡོད་པ་ངེས་”ཞེས་ཀྱང་གསུངས། དེ་ནི་བོད་མི་རིགས་རྣམས་ཀྱིས་ཕན་ཚུན་བར་བརྡ་སྤྲོད་པར་བྱེད་པའི་ཡོ་བྱད་མེད་དུ་མི་རུང་བ་ཞིག་ཡིན་ལ། འདི་ལ་བརྟེན་ནས་མི་དང་མིའི་བར་གྱི་བསམ་པའི་འཆར་སྣང་དང་སོ་སོའི་ལྟ་ཚུལ། ལེགས་ཉེས་སྐྱིད་སྡུག་གི་མྱོང་བ་སོགས་ཕན་ཚུན་བརྗེ་རེས་བྱེད་པ་དང་། སྤྱི་ཚོགས་ཀྱི་ལས་སྒོ་སྣ་ཚོགས་སྤེལ་ཞིང་ཚན་རིག་རིག་གནས་ཀྱི་ཤེས་བྱ་གོང་སྤེལ་ཏུ་བཏང་དང་གཏོང་བཞིན་ཡོད་དོ༎
གཉིས་པ།  བོད་སྐད་ཀྱི་འཕེལ་འགྱུར།
སྐད་ཆ་ནི་སྤྱི་ཚོགས་རིམ་གྱིས་གྲུབ་པ་དང་ཆབས་ཅིག་རིམ་གྱིས་བྱུང་བ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་ཆབས་ཅིག་རིམ་གྱིས་དར་རྒྱས་སུ་འགྲོ་བ་ཞིག་ཀྱང་ཡིན། དེ་ཡང་ཡ་ཐོག་མིའི་རིགས་ཀྱི་སྐད་ཆ་བྱུང་བ་ནས་བཟུང་། སྤྱི་ཚོགས་ཀྱི་འདུ་འགོད་དང་རང་བྱུང་ཁམས་ཀྱི་འགྱུར་ལྡོག ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འཕེལ་འགྱུར་གྱི་ཡོ་ལང་མང་དུ་བརྒྱུད་པར་བརྟེན། སྐད་ཆ་ལའང་མུ་མཐུད་དུ་འཕེལ་འགྱུར་བྱུང་ཡོད། དེང་སང་འཛམ་གླིང་ཐོག་གི་སྐད་རིགས་གང་ལ་མཚོན་ན་ཡང་། ཐོག་མར་བྱུང་དུས་སུ་སྐད་ཆ་འདི་ཉིད་སྟབས་བདེ་ལ་ཆ་མི་ཚང་བ་ཞིག་ཡིན་པ་མ་ཟད། དུས་ཡུན་རིང་ཞིང་རྙོག་དྲ་ཆེ་བའི་འཕེལ་འགྱུར་གྱི་དུས་རིམ་ཞིག་བརྒྱུད་ཡོད་ངེས། དེས་ན། བོད་སྐད་ཀྱང་དེ་དང་འདྲ་བར་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་མོ་ཞིག་གི་ནང་དུ་ཐོན་སྐྱེད་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་འབྲེལ། མི་རྣམས་ཀྱི་བསམ་བློའི་ཤེས་རྒྱ་ཡང་ཇེ་ཆེར་གྱུར་བ་དང་། ཕན་ཚུན་འབྲེལ་བ་བྱེད་པའི་རྒྱ་ཁྱོན་ཡང་ཇེ་ཆེར་གྱུར་བས། དེའི་ཡོ་བྱད་གཙོ་བོར་གྱུར་པའི་སྐད་ཆ་ལའང་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རིམ་གྱིས་ཕུན་སུམ་ཚོགས་ཤིང་གྱ་ནོམ་པར་གྱུར། དེ་ཡང་སྐད་ཆའི་འཕེལ་རིམ་གྱི་ཐོག་ནས་བཤད་ན། རང་བྱུང་དུ་དར་བའི་འཕེལ་རིམ་དང་གཞུང་ལུགས་ཀྱིས་གཅུན་པའི་འཕེལ་རིམ་གཉིས་སུ་དབྱེ་ཆོག་སྟེ། ཡུལ་འདིར་ཡ་ཐོག་བོད་ཀྱི་མི་རྒྱུད་སྲིད་པ་ནས་བཟུང་། བོད་མི་རྣམས་ཀྱིས་ཕན་ཚུན་བར་བརྡ་སྤྲོད་པའི་ཐུན་མོང་གི་སྐད་དེ་བོད་སྐད་ཅེས་པའི་གདགས་གཞི་དེ་ཉིད་བྱུང་ཡོད་ལ། དེའང་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོ་ཞིག་གི་ནང་དུ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན། དེ་ལྟར་བཤད་པའི་རྒྱུ་མཚན་ནི། ཐོན་སྐྱེད་ངལ་རྩོལ་གྱི་ནང་དུ་མི་རྣམས་བྱ་དངོས་འདྲ་མིན་སྣ་ཚོགས་ལ་ཕྲད་པ་དང་། དེ་དག་ལ་རང་རང་གིས་འདོད་པ་ལྟར་མིང་སོགས་བཏགས་པ་ལས་ཐ་སྙད་མང་བོར་སོང་བ་དང་། དེ་དག་ཚིག་ཏུ་སྦྱར་ཏེ་བསམ་པ་བརྗེ་རེས་སོགས་བྱས་ནས་ཕན་ཚུན་ལ་བརྡ་སྤྲོད་པའི་སྐད་དེ་འཕེལ་རྒྱས་སུ་ཕྱིན་པ་ཡིན། སྐད་དེའང་རིགས་རུས་སོ་སོའི་གནས་ཡུལ་ཐ་དད་པ་དང་། གནས་སྐབས་ཀྱི་ཆ་རྐྱེན་མི་འདྲ་བ་ཅི་རིགས་པར་བརྟེན་ནས་དུས་རིམ་སོ་སོའི་ནང་། སྐད་ཀྱི་སྒྲ་གདངས་སྤྱོད་ཚུལ་དང་མིང་བརྡ་ཐ་སྙད་སོགས་ལ་འཕོ་འགྱུར་ཅི་རིགས་ཤིག་བྱུང་ཡོད་དེ། དཔེར་ན་མ་གཞིར་གཅིག་གྱུར་གྱི་སྤྱི་ཚོགས་ཤིག་ཕྱི་ནང་གི་རྒྱུ་རྐྱེན་ག་གེ་མོ་ཞིག་གིས། ཡུལ་གྲུ་ཁག་དུ་མར་གྱེས་པ་དང་ཕན་ཚུན་བར་འགྲོ་འོང་གི་འབྲེལ་བ་དེ་རང་བཞིན་གྱིས་ཉུང་བར་གྱུར་ནས་དུས་ཡུན་རིང་བོ་ཞིག་འགོར་རྗེས། དང་ཐོག་གཅིག་གྱུར་གྱི་སྐད་དེའང་ས་ཕྱོགས་མི་འདྲ་བའི་དབང་གིས་ཡུལ་སྐད་ཀྱི་ཤན་ཞུགས་ནས་ཁྱད་པར་ཡོང་སྲིད་པ་ལྟ་བུའོ༎ ཡིན་ནའང་བོད་ཡུལ་འདིར་ཤིན་ཏུ་སྔ་བའི་རྒྱལ་བོ་གཉའ་ཁྲི་བཙན་པོ་སོགས་ཀྱི་དུས་སུ། ཚོ་བ་ཁག་གཅིག་ཏུ་འདྲེས་ཏེ་དཔལ་འབྱོར་དང་ཆབ་སྲིད་སོགས་གཅིག་ཏུ་གྱུར་བར་བརྟེན། སྐད་ཆ་ལའང་དེ་མཐུན་གྱི་གཅིག་གྱུར་ཡོང་ཡོད་པར་ཐེ་ཚོམ་ཅི། རླབས་ཆེན་གྱི་སློབ་དཔོན་མར་ཁེ་སིས། “ས་ཕྱོགས་ཀྱི་སྐད་རྣམས་གཅིག་ཏུ་གྱུར་ནས་མི་རིགས་ཀྱི་སྐད་ཐུན་མོང་བ་ཞིག་བྱུང་བ་ནི་དཔལ་འབྱོར་དང་ཆབ་སྲིད་གཅིག་ཏུ་གྱུར་བ་ལ་རག་ལས་ཡོད་”ཅེས་གསུངས། མདོར་ན། བཙན་པོ་དེ་དག་གི་རིང་ལ་རང་རང་གི་མངའ་འོག་ཏུ་ཚུད་པའི་ཡུལ་ཕྱོགས་དེའི་མི་རྣམས་ཀྱིས། བོད་རང་གི་གཞི་རྩའི་སྐད་ལུགས་འདི་མུ་མཐུད་དུ་རྒྱུན་བསྲིངས་པ་མ་ཟད། སྐད་ཆ་འདི་གཅིག་མཐུན་ཡོང་བར་བྱེད་པ་ལ་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད། གཞན་ཡང་བཙན་པོ་དེ་དག་གི་རིང་གི་བོད་སྐད་ནི། གཞུང་ལུགས་ཀྱི་རྩ་ཚིག་གང་གིས་ཀྱང་གཅུན་མེད་པར་མིང་དང་ཚིག་གི་སྦྱོར་སྟངས་དང་ཕྲད་ཀྱི་ཐོབ་ཐང་སོགས་ཐོག་མ་ནས་རང་བྱུང་གི་གོམས་སྲོལ་ལྟར་དར་བ་ཡིན་པས། རང་བྱུང་དུ་དར་བའི་འཕེལ་རིམ་ཙམ་དུ་ཟད་དོ༎ དེ་ཡང་དུས་རབས་བདུན་པའི་ནང་ལ། མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གི་མཁྱེན་དཔྱོད་ཡངས་པའི་མཐུ་ཡིས། བོད་ཁམས་ཡོངས་ལ་དབང་བསྒྱུར་ཞིང་དགོངས་དོན་མ་ལུས་ལྷུན་གྱིས་གྲུབ་ནས། བོད་ཀྱི་སྐད་འདི་སྔར་ལས་ལྷག་པའི་གཅིག་གྱུར་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་། དེ་ཡང་གསལ་བར་བཤད་ན། རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་སུ་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས། བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་འདིའི་དོན་དངོས་ལ་གཟིགས་ཤིང་བོད་སྐད་ཀྱི་གཞི་གདངས་རྣམས་འཚོལ་བསྡུ་བྱས་པའི་རྨང་གཞིའི་ཐོག་ཡིག་གཟུགས་གསར་ཏུ་བཟོས་པ་དང་། བོད་སྐད་ཀྱི་འབྲི་ཀློག་གི་ཁྱད་ཆོས་དང་མིང་བརྡའི་སྒྲ་གདངས་དང་རྗོད་བྱེད་ཚིག་གི་གྲུབ་སྟངས་སོགས་ལ་གཞི་བཅོལ་ནས་ཐུགས་གཞིག་དཔྱད་བརྡར་གང་ལེགས་བྱས་ཤིང་། རྒྱ་གར་གྱི་སྒྲ་རིག་པའི་བསྟན་བཅོས་ཀྱི་མ་ལག་ལ་ཟུར་ལྟ་བྱས་ནས། བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་གཅིག་གྱུར་གྱི་བརྡ་སྤྲོད་རིག་པའི་གཞུང་ཐོག་མར་བརྩམས་ཏེ། བོད་སྐད་འཐུས་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་བཏང་བ་ཡིན། དུས་དེ་ནས་བཟུང་བོད་སྐད་ཀྱི་མིང་དང་ཚིག་གི་སྦྱོར་སྟངས་དང་ཕྲད་ཀྱི་ཐོབ་ཐང་སོགས་སུམ་རྟགས་ཀྱི་གཞུང་ལྟར་སྦྱོར་སྲོལ་དར་བའི་ཕྱིར། གཞུང་ལུགས་ཀྱིས་གཅུན་པའི་འཕེལ་རིམ་གྱི་འགོ་བརྩམས་པ་ཡིན། སྐབས་དེའི་བོད་སྐད་ཀྱི་གནས་ཚུལ་ཇི་འདྲ་ཡིན་པ་ཡུལ་དུས་ཀྱིས་བསྐལ་ནའང་། བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་བོད་རྒྱ་བྱུང་འཕེལ་བརྗོད་པའི་དེབ་ཐེར་ཁག་ལས་འཕྲོས་པའི་རྒྱལ་བོའི་མིང་དང་ས་ཆའི་མིང་གི་སྐད་གདངས་འདོན་ཚུལ་ལས། བོད་སྐད་ཀྱི་རྩ་བའི་ཁྱད་ཆོས་མཚོན་པའི་གནས་ཏེ་སྐད་གདངས་ཀློག་ཚུལ་ཙམ་ཤེས་ཐུབ། དུས་རབས་བདུན་པའི་དུས་མཇུག་ནས་དུས་རབས་བཅུ་བའི་དུས་མཇུག་ཏུ། བོད་སྐད་ཀྱི་སྐད་གདངས་དང་བརྡ་སྤྲོད། མིང་ཚིག་སོགས་ལ་འཕོ་འགྱུར་ཆེ་ཙམ་བྱུང་ཡོད། བོད་སྐད་འཕེལ་རྒྱས་ཀྱི་རྩ་བའི་ཁྱད་ཆོས་དེ་དག་ལ་གཞིགས་ནས་སྐད་གསར་བའི་ལམ་དུ་དག་བཅོས་བྱས་ཏེ་གཏན་ལ་ཕབ། དེ་ཡང་ད་དྲག་དང་རྐྱང་བའི་འ་རྟེན་སོགས་སྤངས་ཤིང་། གནའི་བརྡ་སོགས་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། དུས་འདིའི་ཡན་ཆད་དུ་ཕྲད་མང་དག་ཅིག་ལ་གཏན་འཁེལ་བའི་སྤྱོད་སྲོལ་མེད་མོད་ཀྱི། འོན་ཀྱང་བོད་ཀྱི་སྐད་འཕེལ་མཚམས་འདིར་སླེབས་པ་དང་། ཡང་སྒོས་སུ་སྐད་གསར་བཅད་ཐེངས་གཉིས་བྱས་རྗེས་ཕྲད་སོ་སོར་གཏན་འཁེལ་བའི་སྦྱོར་སྲོལ་རེ་འདུག་པས། བོད་སྐད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་དེའི་ཉམས་ལེན་འཐུས་ཚང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་རེད། དུས་རབས་བཅུ་བའི་དུས་མཇུག་ནས་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ། བོད་ལ་ལོ་ངོ་བརྒྱ་ཕྲག་འགའ་ཞིག་གི་རིང་། བཙན་པོའི་རྒྱལ་རབས་ཀྱི་གཅིག་གྱུར་དབང་སྒྱུར་དེ་ཁ་ཐོར་ཡ་བྲལ་དུ་སོང་ཞིང་། ས་ཕྱོགས་དང་ཡུལ་ལུང་སོ་སོའི་དབང་འཛིན་པས་རང་དབང་བདག་འཛིན་བྱེད་པའི་དུས་སུ་སླེབས་པས། བོད་སྐད་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་རིམ་བཞིན་ཡུལ་སྐད་དང་ལུང་སྐད་ཀྱི་དབང་དུ་སོང་། དུས་མཚམས་འདིའི་ཡན་ཆད་དེ་བོད་ཀྱི་བཙན་པོ་དང་ལོ་ཙཱ་བ་རྣམས་ཀྱི་སྐུ་རིང་ལ་དེང་དུས་ལྟར་མདོ་དབུས་ཁམས་གསུམ་སོགས་ཡུལ་ལུང་ཐ་དད་པས་ཁྱད་པར་ཕྱེས་པའི་ཡུལ་སྐད་རྣམས་ཀྱི་སྒྲ་གདངས་ཀློག་ཚུལ་སོགས་ལ་ཁྱད་པར་མེད་པར་རྟོགས་ཐུབ་པ་ཡིན། དེ་ཡང་བོད་ཀྱི་བྱུང་འཕེལ་བརྗོད་པའི་དེབ་ཐེར་ཁག་གི་གསུང་སྒྲོས་ལྟར་ན། དུས་རབས་བཅུ་བའི་མཇུག་ཏུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་བོ་སོགས་ཀྱིས་བོད་སྐད་ལ་གསར་བཅད་གནང་བར་གསུངས། སྐབས་དེར་སྐད་གསར་བཅད་གནང་དོན་ནི་གི་གུ་ལྡོག་པ་སོགས་བཅོས་པ་ལས་གཙོ་བོ་ནི་བཀས་བཅད་གོང་མའི་བརྗོད་དོན་རྣམས་སྔར་ལས་ལག་ལེན་དོན་འཁྱོལ་ཞིག་ཡོང་ཕྱིར་ཡིན་སྙམ། ཡང་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་ཡོན་གོང་མ་དང་ས་སྐྱ་བས་གཙོས་བོད་ཀྱི་ཆོས་སྲིད་མི་སྣས་མཉམ་སྡེབ་བྱས་པར་བརྟེན། ཁ་བྲལ་ཡ་ཐོར་གྱི་གནས་འབབ་ལས་རྒྱལ་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་བཙུགས། སྔ་མ་ལོ་བརྒྱ་ཕྲག་གསུམ་ལྷག་གི་ཁ་འཐོར་ཡ་བྲལ་གྱི་ལོ་རྒྱུས་འཕེལ་རིམ་ནང་། བོད་རང་གི་སྐད་ལ་ཕོག་ཐུག་ཆེན་པོ་བྱུང་ནས་ཡུལ་ལུང་སོ་སོའི་ཁ་སྐད་ཀྱི་དབང་དུ་སོང་ནའང་། དུས་རབས་བཅུ་གསུམ་པའི་དུས་མཇུག་ནས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་བར་གྱི་དུས་མཚམས་འདིའི་ནང་། བོད་ཀྱི་སེར་སྐྱ་མཁས་དབང་རིམ་བྱོན་གྱིས་ལོ་རྒྱུས་དང་། གྲུབ་མཐའ། རྩོམ་རིག་སོགས་རིག་པའི་གནས་ལ་ཕྱག་རྩོམ་བླ་ན་མེད་པ་སྦྱར་ཡོད་པར་བརྟེན། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དེ་དང་དེས་ཉེ་བར་གཅུན་པའི་ཡིག་སྐད་ནི་འཕེལ་རྒྱས་གཏོང་ཐུབ་པ་བྱུང་། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་དུས་དེང་གི་བར་གྱི་བོད་སྐད་ཀྱི་གནས་ཚུལ་དེ་གོང་གི་དུས་མཚམས་ཁག་དང་བསྡུར་ན་ཅུང་ཤེས་སླ། གཅིག་ནས་དཔྱད་གཞིའི་ཡིག་ཆ་མང་ཙམ་ཡོད་པ་དང་། གཉིས་ནས་བོད་ཀྱི་སྐད་ཡིག་རིག་པར་ཞིབ་འཇུག་བྱེད་མཁན་ཚོས་སྦྱར་བའི་ཕྱག་རྩོམ་མང་ཙམ་ཡོད་པས། འདིར་ཕྲན་གྱིས་དེ་ཙམ་ལས་མ་སྤྲོས་སོ༎
གོང་གསལ་ལྟར་རྒྱལ་བོ་དང་ལོ་ཙཱ་བ་དེ་དག་གི་སྐུ་རིང་ལ་སྐབས་དེའི་སྤྱི་ཚོགས་དང་སྐད་ཡིག་འཕེལ་རྒྱས་ཀྱི་དགོས་མཁོར་ལེགས་པར་བསྟུན་ནས། བོད་སྐད་ཀྱི་མིང་བརྡ་ཐ་སྙད་དང་ཚིག་སྦྱོར་སོགས་སྐད་ཡིག་གི་ཕྱི་མོའམ་རྩ་བ་བརྡ་སྤྲོད་ཀྱི་རྣམ་བཞག་དང་མཐུན་པར་གཅིག་གྱུར་བྱས་ཤིང་སྐད་གསར་བའི་ལམ་དུ་ཡང་ཡང་དག་བཅོས་བྱས་ཏེ་གཏན་ལ་ཕབ་མོད། ཡིན་ནའང་དུས་འགྱུར་གྱི་ཡོ་ལང་མང་དུ་བརྒྱུད་པ་སོགས་གནས་སྐབས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་གིས། རང་རང་སར་གང་བདེར་བསྒྱུར་ནས་ཡུལ་སྐད་ཀྱི་ཤན་ཞུགས་ཏེ་མཐར་ཡུལ་ལུང་ཐ་དད་པས་ཁྱད་པར་ཕྱེས་པའི་ཡུལ་སྐད་སྣ་ཚོགས་པ་ཞིག་དང་། དེའི་བྱེ་བྲག་ཏུའང་མི་འདྲ་བ་ཅི་རིགས་ཤིག་བྱུང་ཡོད་པ་ཚང་མས་མངོན་སུམ་མཐོང་ཆོས་སུ་གྲུབ། འོ་ན། དེ་དག་ལ་ཅིའི་ཕྱིར་བོད་སྐད་ཅེས་སུ་གྲགས་པ་ཡིན་ཞེས་དྲིས་ན། དེ་ནི་གནའ་བོའི་སྐད་ལུགས་དེ་དང་དེའི་སྦྱོར་བ་དང་རྗེས་སུ་འབྲེལ་བའི་ཕྱིར་ཡིན་ལ། སྐད་འདིའི་རང་གཤིས་སམ་རྩ་བའི་རྨང་གཞི་ལ་དེང་དུས་ཀྱི་བར་འགྱུར་བ་མ་ཐེབས་པར་གནས་པ་རང་རེ་རྣམས་ཀྱི་དབང་བོའི་མངོན་སུམ་དུ་གྱུར་བ་འདི་རེད། མ་འོངས་དར་རྒྱས་ཀྱི་ཕྱོགས་སུ་གཏོང་ཚུལ་ཡང་སྤྱི་ཚོགས་འཕེལ་ཕྱོགས་ཀྱི་དགོས་མཁོར་གཞིགས་ན། སྐད་རིགས་གང་འདྲ་ཞིག་ཡིན་རུང་དེའི་ཡུལ་སྡེ་གཅིག་གམ་ས་ཁུལ་གཅིག་འབའ་ཞིག་ལ་ཞབས་འདེགས་ཞུ་ཐུབ་པ་ཙམ་གྱིས་མི་འགྲིག་པར། མི་རིགས་ཧྲིལ་པོའི་ཧ་གོ་ཞིང་ཕན་ཚུན་བར་གོ་བརྡ་འཕྲོད་ངེས་པའི་ཐུན་མོང་གི་སྐད་ཆ་ཞིག་ཆགས་རྒྱུ་དེ་ནི་ཤིན་ཏུ་གལ་ཆེའོ༎
གསུམ་པ།  བོད་སྐད་བེད་སྤྱོད་བྱ་ཚུལ།
(གཅིག) མིག་སྔའི་མི་འོས་པའི་གནས་ཚུལ།
བོད་ཀྱི་ཡུལ་ཁམས་ནི་སྟོད་མངའ་རིས་ནས་སྨད་རྒྱལ་རོང་གི་བར་ཤིན་ཏུ་རྒྱ་ཆེ་ཞིང་། ཡུལ་གྲུ་ཕན་ཚུན་བར་ས་ཐག་རིང་བོས་བརྒྱངས་པ་ཞིག་ཡིན། འདས་པའི་དུས་སུ་འགྲིམ་འགྲུལ་ཡང་གཙོ་བོ་རྟ་ཁལ་རྐང་བའི་འགྲོས་ལ་བརྟེན་དགོས་པ་ལས། དེང་སང་གི་ཆ་རྐྱེན་ལྟ་བུའི་སྔོན་ཐོན་འགྲིམ་འགྲུལ་མཁོ་ཆས་གང་ཡང་མེད་སྟབས། ཡུལ་སྟོད་སྨད་ཀྱི་སྡེ་ཁག་ཏུ་ཆད་པ་དང་རོང་འབྲོག་བར་གྱི་འབྲེལ་བ་དམ་པོར་བྱེད་མ་ནུས་པ་སོགས་ཀྱིས། བོད་སྐད་བེད་སྤྱོད་བྱེད་པ་ལ་འགལ་རྐྱེན་ཆེན་པོ་བཟོས་ཡོད། དེང་འདིར་ཡང་དག་སྲིད་ཇུས་ཀྱི་འོད་སྟོང་ཕྱོགས་བཅུར་འཕྲོས་པར་བརྟེན། བོད་དུ་སྔར་མེད་པའི་འཕོ་འགྱུར་ངོ་མཚར་ཆེ་ཤོས་ཤིག་བྱུང་བ་ནི་འགྲིམ་འགྲུལ་གྱི་མཐུན་རྐྱེན་སོགས་བཟང་བོ་བསྐྲུན་ནས། རིམ་བཞིན་རྐང་ཐང་དང་རྟ་ཁལ་ལ་བརྟེན་དགོས་པའི་རྗེས་ལུས་ཀྱི་རྣམ་པ་འདི་བརྗེས་ཏེ། བོད་ཡུལ་སྟོད་སྨད་དང་ཞིང་འབྲོག་བཅས་ཀྱི་བར་དུའང་འབྲེལ་བ་དམ་ཟབ་བྱེད་ཐུབ་པ་བྱུང་། ཚུལ་འདིས་བོད་ཀྱི་སྐད་ཡིག་ཁོ་ནས་ཐད་ནས་བཤད་ན་དེ་ཉིད་སྦྱོང་སྤྱོད་སྤེལ་གསུམ་བྱེད་པ་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད་མོད། ཡིན་ནའང་དེང་གི་དངོས་ཡོད་གནས་ཚུལ་ལ་དཔྱད་ན་བོད་སྐད་བེད་སྤྱོད་བྱེད་པའི་ཐད་ལ་གནད་དོན་མི་ཉུང་བ་ཞིག་མཆིས། དེ་ཡང་རང་ལ་ཤ་ཚ་ན་སྐྱོན་ལ་མཛུབ་མོ་ཚུགས་ཞེས་པའི་དཔེ་ལྟར་གནས་ཚུལ་འདི་རིགས་ལ་རགས་ཙམ་དཔྱད་ན།
༡.སྤྱིར་བོད་སྐད་ཆུང་དུས་ནས་བཤད་ཤེས་ཀྱང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱ་སྐད་དང་བོད་སྐད་འདྲེས་མར་བཀོལ་བའི་སྐོར་ཏེ། དཔེར་ན། ངེད་ཅག་བོད་རིགས་ལས་བྱེད་པ་དང་སློབ་མ་སྐོར་ཞིག་གིས་ཕན་ཚུན་བར་བརྡ་སྤྲོད་པའི་ཚེ། རྒྱ་སྐད་དང་བོད་སྐད་འདྲེས་མར་བཀོལ་བའམ་རྒྱ་སྐད་ཁོ་ན་བཀོལ་བ་ལྟ་བུ། དེ་ཡང་སྐེ་རང་ལ་ཡོད་བཞིན་དུ་མགོ་གཞན་ལ་འདོགས་པའི་དཔེ་ལྟར་ལས་བྱེད་པ་དེ་དག་གིས། སྐད་ཆ་བཤད་པའི་ཡུལ་ལ་མི་བལྟ་བར་རྒྱ་སྐད་ཁོ་ནས་བརྡ་སྤྲོད་ཀྱིན་གདའ། གལ་སྲིད་བོད་སྐད་ཅིག་བཤད་ནའང་རྒྱ་བོད་སྐད་འདྲེས་མར་བཤད་པ་མ་གཏོགས་ཚད་ལྡན་གྱི་བོད་སྐད་ཅིག་བཤད་མི་ཤེས། མི་དེ་དག་གིས་རང་ཉིད་སྤྱིར་སྐད་ཆའི་སྒྲུབ་བྱེད་ཐ་སྙད་ཀྱིས་དབུལ་བ་དང་། ཡང་སྒོས་སུ་རྒྱ་བོད་ཡིག་སྒྱུར་གྱི་མིང་ཚིག་གསར་བ་སོགས་ལ་བལྟ་བའི་བློ་མིག་ལྡོངས་པ་སོགས་ཀྱི་ཁག་ལ་མི་བལྟ་བར། བོད་སྐད་ཀྱིས་བརྗོད་བྱའི་དོན་དཔྱིས་ཕྱིན་པ་ཞིག་བསྟན་མི་ནུས་སོ་ཞེས་མ་བརྟག་མ་དཔྱད་པའི་བྱུང་རྒྱལ་གྱི་ཚིག་མང་བོ་སྨྲ་བཞིན་ཡོད། ཕྲན་གྱིས་བལྟས་ན་བོད་སྐད་ཀྱིས་བརྗོད་བྱའི་དོན་དཔྱིས་ཕྱིན་པ་ཞིག་སྟོན་མི་ནུས་པར་སྨྲ་བ་དག་གིས་ནི། བོད་རང་གི་སྐད་ལ་བརྟེན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་གནས་ཡོད་པ་དེ་མ་མཐོང་བ་དང་། བོད་སྐད་སྤྱད་ནས་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་རིག་གཞུང་སྣ་ཚོགས་པ་དང་དཔྱད་གཞིའི་ཡིག་ཚང་སྣ་ཚོགས་པ། དེ་མིན་ད་རུང་ཁྱད་དུ་འཕགས་པའི་རྩོམ་རིག་གི་གཞུང་ཤིན་ཏུ་མང་བ་ཞིག་བྲིས་ཡོད་པ་དཔེར་ན། 《གེ་སར་རྒྱལ་པོའི་སྒྲུང》དང་《མི་ལ་རས་པའི་རྣམ་ཐར》《ས་སྐྱའི་ལེགས་བཤད》སོགས་རྒྱལ་ཁབ་ཕྱི་ནང་གི་ཡིག་རིགས་མང་བོར་བསྒྱུར་ནས་འཛམ་གླིང་གི་རྩོམ་རིག་བང་མཛོད་ནང་དུ་བཅུག་པས། རྒྱལ་སྤྱིའི་ཐོག་ཏུའང་སྙན་པའི་གྲགས་པ་འདུག་པ་འདི་མ་ཤེས་པ་རེད། གལ་ཏེ་འདི་དག་ལ་མཐོང་ཐོས་ཅུང་ཟད་ཅིག་ཡོད་ན། དེ་ཙམ་གྱིས་ཀྱང་བོད་སྐད་ཀྱིས་བརྗོད་བྱའི་དོན་དཔྱོས་ཕྱིན་པ་ཞིག་སྟོན་ནུས་པར་གསལ་བཤད་བྱེད་ཐུབ། མཁས་དབང་དཔའ་རིས་སངས་རྒྱས་ཀྱིས། “ཐ་སྙད་འདང་ཚོད་ཅིག་ཁོང་དུ་མ་ཆུད་ན་དངོས་པོའི་རིགས་དང་ངོ་བོ་དང་ཁྱད་ཆོས་དང་བྱེད་ལས་སོགས་ཀྱི་ཞིབ་ཆ་མི་ཤེས། ཐ་སྙད་ཕུན་སུམ་ཚོགས་པ་བརྡ་སྤྲོད་ཀྱི་ལུགས་ལྟར་མ་སྦྱར་ན་བསམ་པ་བརྗེ་རེས་བྱས་ནས་འདོད་དོན་སྨིན་པར་བྱ་མི་ཐུབ་”ཅེས་གསུངས་པ་ལྟར། རང་ཉིད་བོད་ཀྱི་བརྡ་དང་ཐ་སྙད་སོགས་ཀྱི་ཚོགས་ལ་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་དམན་པའི་ཁག་ལ་མི་བལྟ་བར་བོད་སྐད་ལ་འདི་འདྲའི་སྐུར་འདེབས་བྱས་ན་མི་འོས་སོ༎
གཞན་ཡང་དེང་སང་གི་སློབ་གྲྭ་ཆེ་ཁག་ཞིག་ལ་ཆ་མཚོན་ནས་བཤད་ན། དེ་ནི་མདོ་དབུས་ཁམས་གསུམ་གྱི་མི་སྣ་འཛོམས་པའི་གནས་ཤིག་ཡིན་ལ། ཁོ་ཚོས་ཕན་ཚུན་བར་བོད་སྐད་ཀྱི་བརྡ་སྤྲོད་ཚེ་སོ་སོའི་ཡུལ་སྐད་ཀྱི་ཁྱད་པར་གྱིས་བརྡ་འཕྲོད་དཀའ་བར་ཡིག་ཐོག་སྤྱི་སྐད་ཀྱིས་སེལ་ཆོག་ནའང་། དེ་ལས་ལྡོག་ཏེ་རྒྱ་སྐད་དེ་ཕན་ཚུན་བར་བརྡ་སྤྲོད་པར་བྱེད་པའི་སྤྱི་སྐད་དུ་བཟུང་ཡོད། འདི་ལྟ་བུའི་རང་སྐད་ཕུན་སུམ་ཚོགས་པ་མར་སྤྱུགས་ནས་གཞན་སྐད་ལ་བརྟེན་དགོས་པ་ནི་ཤིན་ཏུ་ངོ་གནོང་དགོས་པ་ཞིག་ཡིན་བཞིན་དུ། གཞོན་ནུ་མང་བོ་ཞིག་གིས་འདི་ཉིད་སྣང་མེད་དུ་བཞག་པར་མ་ཚད། སྐད་གཉིས་སྨྲ་བ་ཞེས་རློམ་སེམས་ཀྱི་ཅོལ་གཏམ་དགོད་བྲོ་བ་ཞིག་སྒྲོག་གིན་ཡོད། སྤྱིར་བོད་ལ་རོང་འབྲོག་གཙོས་སྐད་ལ་ཁྱད་པར་ཅུང་ཆེ་ནའང་། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་ད་བར་ཚང་མས་བོད་སྐད་ལ་བརྟེན་ནས་ཕན་ཚུན་བརྡ་སྤྲོད་ཐུབ་པ་ལ། དེང་སང་སློབ་སྦྱོང་དང་འགྲིམ་འགྲུལ་སོགས་ཆ་རྐྱེན་ཇེ་བཟང་གི་དུས་སུ་གཞན་སྐད་ཁོ་ན་ལ་བརྟེན་དགོས་པའི་རྒྱུ་མཚན་མེད་སྙམ། ང་ཚོའི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་སྔ་དུས་ནས་བོད་སྤྱི་ལ་ཁྱབ་པའི་སྐད་ཅིག་ཡིག་ཐོག་ནས་གཏན་ལ་ཕབ་ཡོད་པས། སོ་སོའི་ཡུལ་སྐད་ཀྱི་མི་མཐུན་པ་རྣམས་གཅིག་མཐུན་གྱི་ཡིག་སྐད་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྩེ་གཅིག་གིས་གཞོལ་ན་ནི། མཐར་ང་ཚོར་སྤྱོད་སྒོ་ཡངས་པའི་ཐུན་མོང་གི་སྐད་ཅིག་ཆགས་ངེས་སོ༎
༢.ཡང་བོད་སྐད་ཅུང་ཙམ་ལས་བཤད་མི་ཤེས་པའི་གྲོང་ཁྱེར་དང་གྲོང་རྡལ་ནས་སྐྱེས་པའི་ན་གཞོན་གྱི་སྐོར་ཏེ། གསར་སྐྱེས་ན་གཞོན་དེ་རིགས་ཀྱིས་ནམ་རྒྱུན་དུ་རྒྱ་སྐད་ཁོ་ནར་བརྟེན་ནས་གཏམ་བཤད་པ་ལས་བོད་སྐད་ཚིག་གཅིག་ཀྱང་མི་བཤད། ཐ་ན་རང་གི་ཕ་མ་དང་འབྲོག་ཁུལ་ནས་ཡོང་བའི་ཉེ་འབྲེལ་རྣམས་ལ་ཁ་བརྡ་བྱེད་པའི་སྐབས་སུ་བོད་སྐད་ཚིག་འགའ་བཤད་པའང་། བོད་སྐད་ཀྱི་གཤིས་སྲོལ་ལྟར་བྱ་ཚིག་སོགས་བཀོལ་མི་ཤེས་པར་རྒྱ་སྐད་ཀྱི་ཤན་ཞུགས་ནས་བརྗོད་ཀྱིན་འདུག དཔེར་ན་ཟ་མ་རྒྱག་དང་། གོན་པ་བརྒྱབ། གྲི་མྱོགས་པོ་ལྟ་བུ། འདི་ལྟ་བུའི་རྡོ་ཆག་སྐམ་པོ་བཙན་བསྒྲིག་གི་སྐད་ཆ་གང་བྱུང་དུ་བརྗོད་དེ་རང་གིས་སྐད་ཆ་རྣམ་དག་ཅིག་བཤད་མི་ཤེས་པ་ཕར་ཞོག་ཚད་ལྡན་མིན་པའི་སྐད་ཆ་དེ་རིགས་མ་དག་རྒྱུན་འབྱམས་སུ་སོང་ནས་བོད་ཀྱི་ཕྱི་རབས་པ་རྣམས་ལ་རྙོག་དྲ་ཆེན་པོ་བཟོས་པ་དང་། བོད་རིགས་ཀྱི་སྐད་ཆ་ཚད་ལྡན་ཅན་དུ་གཏོང་བ་ལ་བསླད་སྐྱོན་ཐེབས་ཡོད་པ་རེད། ད་དུང་ན་གཞོན་དེ་དག་ནང་དུ་བོད་སྐད་དང་བོད་ཡིག་སློབ་ན་མདུན་ལམ་མེད་པ་དང་སྤྱོད་ས་མེད་པ། ཐད་ཀར་རྒྱ་སྐད་དང་རྒྱ་ཡིག་སློབ་ན་བཟང་ཞེས་སྒྱིག་ལུག་རེ་ཆད་ཀྱི་ལྟ་ཚུལ་འཆང་མཁན་ཡོད་ཅིང་། དེ་ནི་མི་རིགས་རང་གི་སྐད་ཡིག་གི་ནུས་པ་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ངན་པ་ཞིག་རེད། སྤྱིར་མི་རིགས་གཞན་གྱི་སྐད་དང་ཡི་གེ་སློབ་ན་ཕན་ཡོན་བླ་ན་མེད་པ་ཞིག་ཡོད་པའང་བཤད་མ་དགོས་པ་དང་། ལྷག་པ་དུ་བདག་ཅག་ལ་མཚོན་ན་རྒྱ་སྐད་དང་རྒྱ་ཡིག་སྦྱང་དགོས་པར་མ་ཟད། སྦྱང་དཔྱིས་ཕྱིན་པ་ཞིག་ཀྱང་དགོས་མོད། ཡིན་ནའང་ཐོག་མར་མི་རིགས་རང་གི་སྐད་དང་ཡི་གེ་བྱང་ཆུབ་པར་སྦྱངས་པའི་རྨང་གཞིའི་ཐོག་ད་གཟོད་སྦྱང་དགོས་པ་ལས། རང་སྐད་བོར་ནས་གཞན་སྐད་ཁོ་ན་སྦྱང་བ་ལ་ཕན་པ་དེ་ཙམ་མ་མཐོང་བ་མ་ཟད། མི་རིགས་རང་གི་སྐད་འདི་མི་མངོན་པའི་དབྱིངས་སུ་བསྣུབ་འདོད་དང་ཡང་ན་མི་རིགས་རང་ཉིད་གཞན་པར་བསྒྱུར་རྩིས་ཁོ་ན་ལས་མ་འདས། བློ་མཐུན་སི་ཏ་ལེན་གྱི་ཞལ་ནས་“མི་དམངས་ཁྲི་སྟོང་མང་བོས་མི་རིགས་རང་ཉིད་ཀྱི་སྐད་ཆ་བེད་སྤྱོད་བྱས་ན་ད་གཟོད་རིག་གནས་དང་ཆབ་སྲིད། དཔལ་འབྱོར་སོགས་འཕེལ་རྒྱས་ཆེན་པོ་ཡོང་ཐུབ་”ཅེས་གསུངས། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རེ་དང་དུས་རེ་བཞིན་འཕེལ་རྒྱས་ཆེ་བའི་རྒྱུ་མཚན་ནི། མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་སྤྱད་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་ཉམས་མྱོང་དང་ཤེས་རིག་རྒྱུན་འཛིན་བྱས་ཏེ། མི་རབས་སྔོན་མའི་ཉམས་མྱོང་བསླབ་བྱ་རྣམས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་འཕེལ་རྒྱས་སུ་བཏང་བའི་རྐྱེན་གྱིས་རེད། གལ་ཏེ་བོད་མི་རིགས་ཀྱི་སྐད་ཡིག་འདི་རིམ་བཞིན་མི་རིགས་གཞན་ཞིག་གི་སྐད་ཡིག་གིས་ཚབ་བྱས་ཚེ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་འདི་ཉམས་རྒུད་དུ་འགྲོ་བར་སྨྲོས་ཅི་དགོས། རྒྱུ་མཚན་ནི་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་དེ་མི་རིགས་དེ་གའི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་བང་མཛོད་ནང་དུ་ཡོད་པས། བང་མཛོད་ཞིག་རལ་དུ་སོང་ན་དེའི་ནང་གི་རྒྱུ་ནོར་ཡང་བོར་བརླག་ཏུ་འགྲོ་བ་ནི་ཚང་མས་ལོས་ཤེས། དེས་ན། གོང་གསལ་གྱི་མི་འོས་པའི་ལྟ་ཚུལ་དེ་ནི་མཁྲིས་ནད་ཅན་ལ་གངས་རི་སེར་པོ་སྣང་བ་བཞིན། རང་ཉིད་བོད་སྐད་དང་བོད་ཡིག་ལ་རྨོངས་བས་རང་བློའི་དང་གར་མི་འགྲོ་བའི་ཕྱོགས་ལྷུང་གི་ལྟ་བ་ཁོ་ན་ལས་རྒྱུ་མཚན་གཞན་མ་མཆིས་སོ༎
༣.དེ་མིན་མི་རིགས་ཀྱི་སྐད་ཡིག་བྱ་བ་གཙིགས་འཛིན་བགྱིད་པའི་ལས་ཁུངས་དང་འགོ་ཁྲིད་པ། ཆེད་ལས་མི་སྣ་འགའ་ཞིག་གིས་བོད་སྐད་ཡིག་བེད་སྤྱོད་བྱེད་པར་མཐོང་ཆེན་དེ་འདྲ་མི་བྱེད་པའི་སྐོར་ཏེ། ད་ལྟ་བོད་རིགས་ས་ཁུལ་འགའ་ཞིག་གི་ལས་ཁུངས་དེ་རིགས་དང་འགོ་ཁྲིད་པ་དེ་རིགས་ལ་མཚོན་ན། བོད་སྐད་བེད་སྤྱོད་བྱ་དགོས་ཞེས་ཁ་བཤད་སྟོང་བའི་འཕྱོར་གཏམ་མང་བོ་སྨྲས་གྱུར་ཀྱང་། ལག་ལེན་དངོས་ཀྱི་ཁྲོད་དུ་དེ་འདྲའི་རྦད་སེམས་དབེན་པས་ཕན་པའང་དེ་འདྲ་ཞིག་སྣང་མ་ཐུབ། བེད་སྤྱོད་བྱེད་རྒྱུ་ནི་མི་རིགས་ཀྱི་སྐད་འདི་གོང་དུ་སྤེལ་བའི་རྨང་གཞི་ཡིན་ཅིང་། རྨང་གཞི་དེ་དོར་ན་གོང་དུ་སྤེལ་བར་རྟེན་གཞི་མེད་པས་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ཞེས་པ་ཚིག་སྟོང་ཁོ་ན་ལས་མ་འདས། དེ་ཡང་དཔེར་ན་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན་སོགས་ཀྱི་བྱ་བ་དངོས་ཀྱི་ནང་། བོད་སྐད་བོད་ཡིག་བེད་སྤྱོད་བྱེད་པའི་གོ་སྐབས་ཉུང་བ་དང་། གནས་ཚུལ་འདི་ཡིས་བོད་རིགས་མི་ཉུང་བ་ཞིག་དང་ལྷག་པར་དུ་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོའི་སེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། ཁོ་ཆོས་“རང་རྣམས་ཕྱིར་ལས་གནས་སུ་སོང་ན་བོད་སྐད་དང་བོད་ཡིག་གི་དགོས་མཁོ་ཤིན་ཏུ་ཆུང་སྟབས་དེ་ཉིད་སྦྱངས་ན་མདུན་ལམ་ལ་གནོད་”ཅེས་ཟེར། མདོར་ན། གོང་གསལ་གྱི་གནས་ཚུལ་སོགས་ལ་དམིགས་ནས་ད་སྐབས་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་སྐད་འདི་འཕེལ་རྒྱས་སུ་གཏོང་དགོས་ན། ཐོག་མར་བཀོལ་སྤྱོད་ཀྱི་གནད་དོན་འདི་ཉིད་ཐག་གཅོད་དགོས་ཞེས་པ་དང་། མི་རིགས་རང་གི་སྐད་འདི་བཀོལ་སྤྱོད་ལེགས་པོ་ཞིག་ཡོང་བར་བྱེད་ན། ཐོག་མར་འདི་ཕྱོགས་ཀྱི་བྱ་བ་གཙིགས་འཛིན་བགྱིད་པའི་ལས་ཁུངས་དང་འགོ་ཁྲིད་པ་མེད་མི་རུང་ཞེས་པ་དེ་ཡིན་ཞིང་། མིག་སྔའི་གནས་ཚུལ་དང་བསྟུན་ན་ལྟ་ཚུལ་འདི་ལ་བརྟག་དཔྱད་ཀྱི་ཆུ་ཚད་མཐོན་པོ་མངའ་ཞིང་། དེས་ཞིབ་འཇུག་གི་བྱ་བར་གཞོལ་འདོད་པ་རྣམས་ལ་བློ་སྒོ་ཡངས་པོར་འབྱེད་པའི་འཇུག་ངོགས་ཤིག་བསྟན་ཡོད་པར་གདོན་མི་ཟའོ༎
(གཉིས) ཕྱིས་སུ་ཇི་ལྟར་བེད་སྤྱོད་བྱ་ཚུལ།
འོ་ན་ཕྱིས་སུ་བོད་སྐད་བེད་སྤྱོད་བྱེད་པའི་ཐད་ལ་ལྟ་ཚུལ་གསར་བ་ཅི་ཡོད་ཅེ་ན། སྤྱིར་བློ་ཆུང་བདག་ལྟ་བུར་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་དང་སྨྲ་བའི་རོ་འཛིན་བསྐྱོད་པའི་བློ་གྲོས་སོགས་དབེན་པས་བསམ་འཆར་ཡ་མ་ཟུང་དུ་གྱུར་ཀྱང་། ལྷག་བསམ་རླུང་གིས་བསྐུལ་ཏེ་འདོད་བློ་འདི་ལྟ་བུ་ཞིག་དབང་མེད་དུ་ཤོར་བ་ནི།
༡.ཐ་སྙད་གསར་སྤེལ་བྱ་དགོས།
རང་རེའི་དུས་རབས་ནི། སྤྱི་ཚོགས་ཀྱི་འཕོ་འགྱུར་ཉིན་རེ་ལས་ཉིན་རེ་ཤིན་ཏུ་མྱུར་བའི་དུས་རབས་ཁྱད་པར་ཅན་ཞིག་ཡིན་པ་མངོན་སུམ་མཐོང་ཆོས་སུ་གྲུབ། འདི་ལྟ་བུའི་འཕོ་འགྱུར་ཆེ་ལ་མྱུར་བའི་དུས་སྐབས་འདིར་དེང་རབས་ཚན་རིག་ཞིབ་འཇུག་ལས་རིགས་སོ་སོ་ནས་སྣང་ཚུལ་གསར་བ་དང་ཆོས་ཉིད་གསར་བ་མུ་མཐུད་དུ་རྙེད་རྟོགས་བྱེད་པའི་ནང་། གྲངས་ཀྱིས་འཇིགས་པ་སྟེར་བའི་བྱ་དངོས་གསར་བ་མང་བོ་ཐོན་པ་ལ་དེ་མཐུན་གྱི་བོད་ཀྱི་ཐ་སྙད་གསར་བཟོས་དེའི་རྗེས་སུ་མ་ཟིན་པ་དང་། བཟོས་ཡོད་པ་དག་ཀྱང་ཁྱབ་གདལ་དང་བེད་སྤྱོད་བྱེད་མ་ནུས་པའམ་འགའ་རེ་བྱས་ཡོད་པ་ཕལ་ཆེར་མི་རིགས་གཞན་གྱི་སྐད་འདྲེས་མར་སྤྱོད་པའི་རྣམ་པ་ཅན་ཏུ་གྱུར། དེ་ཡང་སྔ་མ་གོང་དུ་བཤད་ཟིན་པ་ལྟར་རྒྱའི་སྐད་སོར་བཞག་བྱས་པའི་ཐ་སྙད་མང་བོ་བསྲེས་པའི་རྒྱ་མ་བོད་ཀྱི་སྐད་དུ་འགྱུར་བའི་སྐོར་དང་། བོད་རང་གིས་སྔ་དུས་ནས་བེད་སྤྱོད་བྱེད་ཀྱིན་ཡོད་པའི་དངོས་རྫས་ཀྱི་ཐ་སྙད་དོར་ནས་རྒྱ་སྐད་ཀྱིས་ཚབ་བྱེད་པའི་སྐོར་གཉིས་ཡོད་ལ། གནས་ཚུལ་འདི་རིགས་ལ་བརྟག་ན། སྔ་མ་ནི་རྒྱ་སྐད་ཀྱི་མིང་བོད་ལ་བསྒྱུར་བའི་ཐ་སྙད་ཡོད་ཀྱང་། རྒྱ་སྐད་འདི་དག་ཐོག་མ་བཀོལ་བའི་སྐབས་སུ་སྒྱུར་མིང་གཙིགས་སུ་མ་བཟུང་བའི་རྐྱེན་གྱིས། རྒྱ་སྐད་ཀྱི་རྗེས་མ་ཆོད་པར་ཞིང་འབྲོག་མང་ཚོགས་ཀྱི་ངག་ལ་ལོབས་སོང་བས་ད་ལྟ་བསྒྱུར་འདོད་ཀྱང་འགྱུར་དཀའ་བའི་གནས་སུ་འདུག ཕྱི་མ་ནི་བོད་སྐད་དུ་ཐ་སྙད་གསར་བཟོ་བྱེད་མི་དགོས་པར་གནའ་དུས་ནས་ཡོད་བཞིན་དུ་བེད་སྤྱོད་མི་བྱེད་པར་རྒྱ་སྐད་ཐད་ཀར་བཀོལ་བ་རེད། དེ་ནི་བོད་ཀྱི་སྐད་འདི་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་ཏུ་མ་མཐོང་བར་ཐ་སྙད་ལོག་བཟོའི་ལྟས་ངན་གྱི་གོམས་སྲོལ་ཆགས་པ་ཙམ་དུ་ཟད། དེ་མིན་གསར་བྱུང་མང་བོ་ཞིག་ལ་དུས་ད་ལྟའི་བར་དུ་བོད་སྐད་ཀྱི་ཐ་སྙད་ཞིག་མེད་པས། རྒྱ་སྐད་ཀྱི་རྗེས་འཇུག་ཏུ་མི་ཞུགས་ཀྱང་རེ་ཞིག་ཐབས་མེད་པར་ལྟར་གྱུར་འདུག་མོད། ཡིན་ནའང་དེ་ནི་ཡུན་རིང་གི་ཐབས་ཤིག་དང་གཏན་གྱི་བཀོད་ལེགས་ཤིག་མིན་པ་ཚང་མས་ཤེས་བཞིན་པ་རེད། རྗེ་བཙུན་ས་པཎ་གྱིས། “བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་བ་མ་སྦྱར་ན། དོན་མི་འགྲུབ་པ་མཐོང་ན། གསར་བ་སྦྱར་བ་མ་འགལ་མོད་”ཅེས་གསུངས་པ་ལྟར། རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་གི་མཁས་དབང་རྣམ་པས། ཐོག་མའི་སྐད་ཆའི་མ་ལག་དེའི་རྨང་གཞིའི་ཐོག་དངོས་པོ་སོ་སོའི་ཁྱད་ཆོས་དང་ནུས་པ། དེ་མིན་བཟོ་དབྱིབས་སོགས་ལ་བརྟེན་ནས་ཐ་སྙད་གསར་བའི་ཚིག་སྦྱོར་ཇི་ལྟར་བསྒྲུབས་ཚུལ་སོགས་ལ་ཞིབ་ཏུ་གཟིགས་ན། བདག་ཅག་ལ་དཀའ་གནད་འདི་དཀྲོལ་བའི་ཐབས་ལམ་ཡང་དག་ཅིག་བསྟན་ཡོད་དེ། དཔེར་ན། མཚམས་དང་སྤྲིན་གཉིས་ལྷན་དུ་སྦྲེལ་བ་ལས་མཚམས་སྤྲིན་ཞེས་པ་ཉི་མ་ཤར་ནུབ་མཚམས་ཀྱི་སྤྲིན་དམར་པོའི་མིང་དང་། ཡང་མཚམས་སྤྲིན་གྱི་དམར་བའི་ཁྱད་ཆོས་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐ་སྙད་སོགས་བཟོས་ཡོད་པ་དཔེར་ན། མཚམས་སྤྲིན་ཅན་ཞེས་པ་མེ་ཏོག་གི་ཡ་གྱལ་ཞིག་གི་མིང་དང་། གཞན་ཡང་ཆུ་དང་བྱ་གཉིས་ལྷན་དུ་སྦྲེལ་བ་ལས་ཆུ་བྱ་ཞེས་པ་ལྟ་བུ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པ་དང་། རིན་ལྟ་བུ་མིང་ཚིག་དང་ཆེན་པོ་ལྟ་བུ་ཁྱད་ཆོས་སམ་ཡོན་ཏན་གྱི་མིང་གཉིས་སྦྲེལ་བ་ལས་རིན་ཆེན་ཞེས་པ་ལྟ་བུའི་ཐ་སྙད་གཞན་ཞིག་འབྱུང་གི་ཡོད་པ་སོགས་ཀྱིས་མཚོན། གཞན་ཡང་ང་ཚོས་མིག་དཔེར་འོས་པའི་སྐད་རིགས་གཞན་གྱིས་རང་རང་གི་ཤེས་རིག་སྣ་ཚོགས་པའི་མཐུན་རྐྱེན་དུ་དགོས་ངེས་པའི་བརྡ་སྦྱོར་ཅི་རིགས་པ་དང་། ཐ་སྙད་ཀྱི་བྱེ་བྲག་གསར་བ་དུ་མ་དུས་བསྟུན་དུ་སྤེལ་ཚུལ་སོགས་ལ་ཞིབ་ཏུ་གཟིགས་ནའང་། ཟུར་བལྟའི་དཔྱད་གཞིར་འོས་པའི་གནས་མི་ཉུང་བ་ལས་བླང་བྱའི་ཐབས་འགའ་རེ་རྙེད་ཐུབ་སྙམ། མདོར་ན། ང་ཚོས་བོད་སྤྱིའི་མིང་ཚིག་ཞིབ་འཇུག་ཚོགས་པ་སོགས་བཙུགས་ནས། གནའ་དང་ད་ཡོད་ཀྱི་མིང་ཚིག་གཅིག་སྡུད་དང་། བོད་ལ་སྔར་ཡོད་ཀྱི་མིང་ཚིག་མི་སྤྱོད་པ་རྣམས་རིང་བཞིན་མི་རིགས་རང་གི་མིང་ཚིག་སྤྱོད་པའི་ཕྱོགས་སུ་བསྐུལ་བ་དང་། ལས་རིགས་སོ་སོའི་མིང་ཚིག་ཐ་སྙད་བཅས་མེད་པ་རྣམས་ནི། བོད་ཀྱི་ཐོག་མའི་སྐད་ཆའི་མ་ལག་དེའི་རྨང་གཞིའི་ཐོག་གཞན་ནས་བོད་སྐད་དུ་བསྒྱུར་བའམ་བོད་སྤྱི་ལ་ཁྱབ་པའི་ཐ་སྙད་གསར་བཟོ་བྱེད་ཅིང་། དེ་དག་ལ་བརྗོད་དོན་གསར་བ་ངེས་གཏན་བྱས་ཏེ་ཤེས་རིག་གསར་བ་སྤེལ་དགོས་པར་མ་ཟད། རྒྱ་ཆེའི་མང་ཚོགས་རྣམས་ལ་ཐ་སྙད་གསར་བ་དེ་རིགས་ངོ་སྤྲོད་བྱེད་ཐུབ་པའི་ཚིག་མཛོད་ཆེ་ཆུང་སྣ་ཚོགས་པ་སྤེལ་དགོས་སོ༎
༢.བོད་སྤྱི་འགྲོས་ཀྱི་སྐད་གཏན་ལ་དབབ་དགོས།
ད་ལྟའི་དུས་རབས་ནི་མི་རིགས་སོ་སོའི་སྲིད་འབྱོར་རིག་གསུམ་བཅས་དར་རྒྱས་སུ་གཏོང་བའི་བསྐལ་བ་བཟང་བོ་བཙལ་བས་མི་རྙེད་པ་དང་དྲངས་པས་མི་དྲོངས་པ་ཞིག་ཡིན་ལ། དུས་རབས་ཁྱད་པར་ཅན་འདིའི་ནང་དུ་བདག་ཅག་བོད་རིགས་རྣམས་སྔོན་ལྟར་གནའ་ལུགས་ཁོ་ནའི་སྟེང་དུ་གནས་ཐབས་མེད་ཅིང་གནས་པར་དཀའ་བའི་ཆོས་ཉིད་ཅན་ཞིག་ཡིན་པ་ནི་ཉིན་རེ་ལས་ཉིན་རེ་ཇེ་གསལ་དུ་འགྲོ་བཞིན་ཡོད། རྒྱུ་མཚན་དེར་བརྟེན་ང་ཚོས་དེང་དུས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་དགོས་མཁོར་གཞིགས་ན། བོད་སྤྱི་འགྲོས་ཀྱི་སྐད་ཅིག་ཆགས་རྒྱུ་ནི་ལྷག་པར་དུ་གལ་ཆེ་བ་དང་འགངས་ཆེ་བར་མཐོང་། དེ་ཡང་དེང་སང་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གང་གིས་བོད་སྤྱི་འགྲོས་ཀྱི་སྐད་ཆའི་རྨང་གཞི་བྱེད་པ་ལ། ཡུལ་གསུམ་དང་མཁས་པ་སོ་སོར་བཞེད་ཚུལ་མི་མཐུན་པ་མང་བོ་མཆིས་པ་མ་ཟད། རང་རང་གི་རིགས་ལམ་སྐྱོང་བའི་ལུང་ཡང་མང་བོ་དྲངས་ནའང་། དོན་དངོས་ཐོག་ཕན་པ་དེ་ཙམ་ཞིག་བྱུང་མེད་པ་ནི་ཚང་མས་མཁྱེན་གསལ་ལྟར་ཡིན། ཕྲན་གྱིས་བལྟས་ན་རང་རེའི་བོད་ཀྱང་མི་རིགས་གཞན་དང་འདྲ་བར་ཡུལ་སོ་སོའི་སྐད་ལུགས་འདྲ་མིན་སྣ་ཚོགས་སྣང་བ་དང་། དེ་དག་བར་སྒྲའི་འདོན་སྟངས་དང་ཐ་སྙད་འབོད་ཚུལ། ཚིག་སྒྲིག་སྟངས་སོགས་ཀྱི་ཁྱད་པར་ཅུང་མཆིས་ནའང་། བོད་མི་ཚང་མས་བོད་སྤྱི་འགྲོས་ཀྱི་སྐད་ཅིག་ཆགས་པ་ལ་རང་རང་གི་བློ་གྲོས་ཀྱི་མཐུ་དང་ཤེས་རབ་ཀྱི་རྩལ་བཏོན་ཏེ། འཚོ་བ་དངོས་ཀྱི་ནང་ནས་དེའི་ཕྱོགས་སུ་འབད་བརྩོན་བྱས་ན་དེ་ཡང་ཤིན་ཏུ་དཀའ་བའི་ལས་ཞིག་མ་ཡིན་སྙམ། དེ་བས། བོད་སྤྱི་འགྲོས་ཀྱི་སྐད་ཆ་ཞིག་ཆགས་དགོས་པའི་སྐོར་ལ་རང་གི་བསམ་འཆར་འགའ་བཏོན་ན།
(༡) ཁ་སྐད་དེ་ཡིག་སྐད་དང་ཐག་ཇེ་ཉེར་གཏོང་ཞིང་ཡུལ་སྐད་སོ་སོ་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཡིག་སྐད་ཀྱི་ཐོག་ནས་གཅིག་གྱུར་བྱ་དགོས། སྤྱིར་ཁ་སྐད་ཀྱིས་ཡིག་སྐད་དེ་ཉིད་འཐུས་ཚང་དང་ཆ་རྫོགས་ཤིག་ཡོང་བར་བྱེད་པ་དང་། ཡིག་སྐད་ཀྱིས་ཀྱང་ཁ་སྐད་དེ་ཉིད་ཚད་ལྡན་དང་ཚུལ་མཐུན་ཞིག་ཡོང་བར་བྱེད་པས། དེ་གཉིས་ཕན་ཚུན་འབྲལ་ཐབས་མེད་པ་ཞིག་ཡིན་པ་ཚང་མས་ལོས་ཤེས། རྒྱུ་མཚན་དེའི་ཕྱིར་མཁས་དབང་ཆབ་སྤེལ་སོགས་ཀྱིས་“ཁ་སྐད་དེ་རིམ་བཞིན་ཡིག་སྐད་དང་ཉེ་བའི་ཕྱོགས་སུ་བསྒྱུར་ཐུབ་དང་མི་ཐུབ་”ཅེས་དགོངས་འཆར་ལྷུག་པོར་བསྩལ་བ་སོགས་བླང་བར་བྱ་བའི་གནས་ཡིན་གྱི་བཏང་སྙོམས་སུ་བཞག་ན་མི་རིགས་སྙམ། ཁོ་བོས་“ཁ་སྐད་དེ་རིམ་བཞིན་ཡིག་སྐད་དང་ཉེ་བའི་ཕྱོགས་སུ་བསྐྱོད་རྒྱུ་”ཞེས་པའི་ཐབས་ལམ་ལ་རིགས་པ་དང་ལྡན་ཏེ། རྒྱུ་མཚན་ནི་ཁ་སྐད་ལ་ཡུལ་ལུང་སོ་སོའི་སྐད་ཀྱིས་ཤན་ཞུགས་པས་ཡུལ་ཕྱོགས་མི་གཅིག་པའི་མི་གཉིས་ཀྱིས་ཕན་ཚུན་བརྡ་སྤྲོད་པའི་ཚེ་བརྡ་འཕྲོད་དཀའ་བའི་གནས་སུ་གྱུར་འདུག་མོད། ཡིན་ནའང་རང་ཅག་གིས་སྤྱད་དང་སྤྱོད་བཞིན་ཡོད་པའི་ཡིག་སྐད་ཀྱིས་ཁ་སྐད་ཀྱི་ཞན་ཆ་དེ་སེལ་ཐུབ་པར་མ་ཟད། བོད་ཐུན་མོང་གིས་བརྗོད་ཐུབ་ཅིང་གོ་བར་ནུས་པའི་ཁྱད་འཕགས་ཀྱི་རང་བཞིན་ལྡན་པའི་ཕྱིར་རོ༎ ཡང་ཡུལ་སྐད་སོ་སོ་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཡིག་སྐད་ཀྱི་ཐོག་ནས་གཅིག་གྱུར་བྱ་དགོས་ཞེས་པ་ནི། གནའ་བོའི་སྐད་ལུགས་ཇི་མ་ཇི་བཞིན་དུ་གནས་དགོས་པའི་རྒྱུ་མཚན་མ་ཡིན་ཏེ། སྐད་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་སྐད་ཆའི་བྱེད་ནུས་ཀྱི་དབང་དུ་བཏང་ནའང་། དེ་ལྟར་གནས་ཐབས་མེད་ཅིང་གནས་པར་དཀའ་བའི་རང་བཞིན་ཅན་ཞིག་ཡིན། དེས་ན། ང་ཚོའི་བོད་ཀྱི་སྐད་ཆའི་འཕེལ་ཕྱོགས་ཀྱི་དགོས་མཁོར་གཞིགས་ན། དེ་ཉིད་འཇུན་བྱེད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལའང་དེ་མཐུན་གྱི་བླང་དོར་ཕྲན་ཙམ་བྱས་ཏེ་ཚགས་ཇེ་ཞིབ་ཏུ་གཏོང་དགོས་མིན་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱའོ༎ གཞན་ཡང་ད་ལྟ་ང་ཚོའི་ཡུལ་སྐད་སོ་སོ་ལ་ཁྱད་པར་མཆིས་ནའང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཡིག་སྐད་ལ་དེའི་ཁྱད་པར་མེད་དེ། རང་རེའི་གངས་ཅན་ལྗོངས་ཀྱི་མཁས་དབང་ཇི་རྙེད་ཅིག་གིས། རི་བོའི་གཏོས་དང་མཉམ་པའི་ལུང་རིགས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས་པ་གྲངས་ལས་འདས་པ་ཞིག་བརྩམས་ཡོད་ལ། དེ་དག་གི་རྩོམ་པ་བོ་ཨ་མདོ་བའམ་ཁམས་པ། དབུས་གཙང་བའང་རྒྱལ་རོང་བ་སོགས་གང་ཡིན་ལ་མི་བལྟོས་པར་བོད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ཡོད་ཕྱིན་ཚང་མས་ཧ་གོ་ཐུབ་པའི་ཁྱད་ཆོས་ལྡན་ཡོད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་འབྲེལ་བའི་ཡིག་སྐད་འདི་ལ་བོད་རིགས་ཡོངས་རྫོགས་གཅིག་མཐུན་གྱི་རྨང་གཞི་བརྟན་པོ་ཡོད་པ་ནི་ང་ཚོར་ལྡན་པའི་ཆ་རྐྱེན་བཟང་བོ་ཞིག་མ་ཡིན་ནམ། དེས་ན། ཁ་སྐད་དེ་ཡིག་སྐད་དང་ཐག་ཇེ་ཉེར་གཏོང་ཞིང་། ཡུལ་སྐད་སོ་སོ་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཡིག་སྐད་ཀྱི་ཐོག་ནས་གཅིག་གྱུར་བྱ་དགོས་པ་ལས། གྲུབ་མཐའི་ཆགས་སྡང་དང་ས་གནས་ཀྱི་འདུ་ཤེས་ཀྱི་དབང་དུ་སོང་ནས་རང་རློམ་གྱི་ལྟ་བས་རྩོད་གླེང་གི་གད་རྒྱངས་སྒྲོག་པས་ཅི་ཕན།
(༢) དབུས་གཙང་གི་སྐད་གདངས་ཀློག་ཚུལ་གཞིར་བཟུང་ཞིང་། ཡུལ་སྐད་སོ་སོའི་བཟང་རིགས་གཅིག་ཏུ་འདྲེས་པའི་རྨང་གཞིའི་ཐོག་བོད་ཡོངས་ཀྱིས་བརྗོད་ཐུབ་ཅིང་གོ་བར་ནུས་པའི་སྤྱི་སྐད་ཅིག་ཆགས་དགོས། གོང་དུ་བཤད་པ་ལྟར་ཡུལ་སྐད་ཆེན་པོ་གསུམ་མམ་བཞི་བོ་ལ་སྒྲའི་ཀློག་ཚུལ་དང་མིང་ངམ་ཐ་སྙད་འབོད་ཚུལ། ཚིག་གི་སྒྲིག་སྟངས་བཅས་ལ་ཁྱད་པར་མཆིས་ནའང་། གཙོ་བོ་ནི་སྒྲ་གདངས་ཀྱི་ཡང་ལྕི་དང་ཀློག་ཚུལ་སོགས་ཀྱི་ཁྱད་པར་ལ་ཐུག་པས། སྒྲ་གདངས་གཅིག་མཚུངས་སུ་གྱུར་ན་ཕན་ཚུན་ཕལ་ཆེར་ཧ་གོ་བར་འགྱུར་བ་ཁོ་ཐག་རེད། བདག་གི་བསམ་ཚོད་ལྟར་ན་དབྱངས་གསལ་སོགས་ཀྱི་སྒྲ་གདངས་ཀློག་ཚུལ་ནི་དབུས་གཙང་སྐད་ཀྱི་སྒྲ་གདངས་ཀློག་ཚུལ་གཞིར་བཟུང་ནས་གཏན་ལ་ཕབ་ན་ལེགས་སྙམ། རྒྱུ་མཚན་ནི་དབུས་གཙང་སྐད་གདངས་ཀློག་ཚུལ་དེ་སྐད་གདངས་འཕེལ་རྒྱས་ཀྱི་རྩ་བའི་ཁ་ཕྱོགས་དང་མཐུན་པར་མ་ཟད། ཡི་གེ་སོ་སོའི་སྐྱེ་གནས་དང་གནས་བབ་ལྡན་པའི་ང་རོ་ཡང་དག་པ་ཐོན་ཐུབ་པའི་ཕྱིར། གཞན་ཡང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ལྷ་ས་ནི་བོད་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་བར་གྱུར་པས། མདོ་ཁམས་ཀྱི་སྐྱེ་བོ་རྣམས་ཆོས་སར་སློབ་གཉེར་དང་གནས་མཇལ། དེ་མིན་ཚོང་ལས་སོགས་ཀྱི་ཆེད་དུ་ལྷ་སར་འཛོམས་ཏེ་དེའི་སྐད་ལ་བག་ཆགས་བཞག་དང་འཇོག་བཞིན་ཡོད། མ་ཚད་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་མི་རིགས་གཞན་པ་དང་། རྒྱལ་སྤྱིའི་བོད་རིག་པའི་མཁས་པ་རྣམས་ལས་མང་ཆེ་ཤོས་ཀྱིས་དབུས་གཙང་གི་སྐད་སློབ་སྦྱོང་བྱས་དང་བྱེད་བཞིན་ཡོད་པ་སོགས་ཀྱིས། དབུས་གཙང་གི་སྐད་གཞིར་བྱས་ནས་བོད་ཀྱི་སྤྱི་སྐད་ཅིག་ཆགས་པའི་མཐུན་རྐྱེན་དུ་གྱུར་ཡོད། འོ་ན་ཐ་སྙད་འབོད་སྟངས་དང་ཚིག་གི་སྒྲིག་སྟངས་སོགས་ཀྱང་དབུས་གཙང་གི་སྐད་དང་ཡོངས་སུ་བསྟུན་དགོས་སམ་ཞེས་དྲིས་ན། དེའང་མ་ཡིན་ཏེ་གོང་དུ་བཤད་མ་ཐག་པ་ལྟར་སྒྲ་གདངས་ཀློག་ཚུལ་གྱི་ཆ་མ་གཏོགས་ཕྱོགས་ཀུན་ནས་བསྟུན་དགོས་པའི་དོན་ནི་མ་ཡིན་ཏེ། དབུས་གཙང་གི་ཡུལ་སྐད་དུ་ཐ་སྙད་གང་མང་ཞིག་རང་སར་མ་གཏོགས་མི་སྤྱོད་པ་དང་། བྱ་ཚིག་གི་འགྱུར་བ་ལས་དུས་མཚོན་པ་རྣམས་ཚུལ་བཞིན་མི་སྤྱོད་པར་རོགས་ཚིག་དང་ཚིག་རྐང་ཇེ་རིང་དུ་བཏང་ནས་དུས་སོགས་སྟོན་པའི་སྲོལ་ཅིག་དར་འདུག་པས། དེ་རྣམས་ནི་ཡུལ་སྐད་གཞན་གྱི་རྣ་བར་སྙན་ཅིང་གོ་བདེ་བའི་ཐ་སྙད་དང་བོད་ཀྱི་བརྡ་སྤྲོད་མ་ལག་དང་མཐུན་པའི་ཚིག་སྦྱོར་སོགས་ལ་བསྟུན་དགོས། དེ་བས་ཡུལ་སྐད་ཀྱི་བཟང་རིགས་གཅིག་ཏུ་འདྲེས་པ་ཞེས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། མདོར་ན། གཙོ་བོར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱིས་གཅུན་པའི་འོག དབུས་གཙང་གི་སྐད་གདངས་ཀློག་ཚུལ་གཞིར་བཟུང་ཞིང་ཡུལ་སྐད་བཟང་རིགས་གཅིག་ཏུ་འདྲེས་པའི་རྨང་གཞིའི་ཐོག བོད་སྤྱི་ཡིས་བརྗོད་ཐུབ་ཅིང་གོ་བར་ནུས་པའི་སྤྱི་སྐད་ཅིག་ཆགས་དགོས་པ་ལས། དུས་རྟག་ཏུ་རང་རང་གི་ཡུལ་སྐད་དེ་མཆོག་ཏུ་བཟུང་ནས་ཡུལ་སྐད་གཞན་དག་ལ་མཐོང་ཆུང་དང་རྩིས་མེད་དུ་གཏོང་བ་ནི། གཞུང་ལུགས་དང་སྐད་རིགས་ཀྱི་ཆོས་ཉིད་ལ་དཔྱད་པ་ལྐོག་ཏུ་གྱུར་བའི་ཕྱོགས་ལྷུང་གི་ལྟ་བ་ཁོ་ནའོ༎ དེས་ན། ཁ་སྐད་དེ་གཙོ་བོར་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཡིག་སྐད་དང་ཐག་ཇེ་ཉེར་གཏོང་བ་དང་། དབུས་གཙང་གི་སྐད་ཀྱི་སྒྲ་གདངས་ཀློག་ཚུལ་གཞིར་བཟུང་ཞིང་ཡུལ་སྐད་ཀྱི་ལེགས་ཤོས་གཅིག་ཏུ་འདྲེས་པའི་བོད་ཐུན་མོང་གིས་བརྗོད་ཐུབ་ཅིང་གོ་བར་ནུས་པའི་སྤྱི་སྐད་ཅིག་ཆགས་རྒྱུར་འབད་པ་གངྒཱའི་རྒྱུན་བཟང་སྐྱོང་བར་རིགས་སོ༎
༣.མི་རིགས་རང་གི་སྐད་ཡིག་སློབ་གསོའི་མ་ལག་ཆ་ཚང་དུ་གཏོང་དགོས།
མི་རིགས་རང་གི་སྐད་ཡིག་འདི་འཕེལ་རྒྱས་སུ་གཏོང་ན། ཐོག་མར་མི་རིགས་རང་གི་སྐད་འདི་བེད་སྤྱོད་བྱེད་པའི་ཤེས་ལྡན་མི་སྣ་མང་བོ་སྐྱེད་སྲིང་བྱེད་དགོས་པར་བརྟེན། ང་ཚོས་བོད་ཀྱི་སྐད་ཡིག་སློབ་གསོ་དར་རྒྱས་གོང་འཕེལ་དུ་འགྲོ་བར་འབྲེལ་ཡོད་སྡེ་ཁག་ལ་དགེ་མཚན་ལྡན་པའི་རེ་བ་འདོན་དགོས། དེ་ཡང་དེང་སང་མི་རིགས་སྐད་ཡིག་སློབ་གསོར་ཞིབ་འཇུག་གི་སྤྲོ་བ་ལྡན་པའི་མཁས་པ་ཚོར་གཅིག་མཐུན་གྱི་ལྟ་ཚུལ་ཞིག་ཡོད་པ་ནི། མི་རིགས་ཀྱི་སློབ་གསོའི་མ་ལག་འཐུས་ཚང་ཆ་རྫོགས་ཤིག་ཏུ་བཏང་ན་ད་གཟོད་མི་རིགས་དེའི་སྐད་ཡིག་ལམ་སྐེད་ནས་ཆུད་ཟོས་སུ་མི་འགྲོ་བར་མ་ཟད། དེ་ཉིད་ཡར་རྒྱས་གོང་འཕེལ་ཏུ་འགྲོ་བའི་ཐབས་ལམ་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་པ་དེ་ཡིན། སློབ་གསོའི་མ་ལག་ཆ་ཚང་བ་དང་བསླབ་སྦྱང་དུ་འཇུག་པའི་ཐབས་བཟང་བོ་སོགས་ཀྱིས། མི་རིགས་རང་གི་སྐད་འདི་བཀོལ་སྤྱོད་བྱེད་མཁན་གྱི་ཤེས་ལྡན་མི་སྣ་འབུམ་ཕྲག་དུ་མ་བསྐྱང་བ་དང་ཆབས་ཅིག་མི་རིགས་ཧྲིལ་བོའི་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བས། སློབ་ཆུང་ནས་སློབ་འབྲིང་རིམ་བཞིན་སློབ་གྲྭ་ཆེན་མོའི་བར་འབྲེལ་ཆགས་ཤིང་རྒྱུན་མཐུད་པའི་བོད་ཀྱི་སྐད་ཡིག་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་ཆགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་དང་དགོས་ངེས་པ་ཞིག་ཡིན།
༤.བྱ་བ་དངོས་ཀྱི་ནང་བོད་སྐད་བེད་སྤྱོད་བྱེད་པའི་ཁོར་ཡུག་ཆེ་རུ་གཏོང་དགོས།
དེ་ནི་ད་སྐབས་སློབ་གྲྭ་མི་ཉུང་བ་ཞིག་གི་ནང་དུ་བོད་སྐད་དང་བོད་ཡིག་གི་སྦྱངས་འབྲས་བཟང་བའི་སློབ་མ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་མོད། ཡིན་ནའང་སྤྱི་ཚོགས་ཀྱི་བྱ་བ་དངོས་ཀྱི་ནང་བེད་སྤྱོད་ཚུལ་ལ་བལྟས་ན་དེ་དང་མི་མཐུན་པ་ཞིག་རེད། མ་ཚད་སློབ་གསོ་དང་དེའི་བྱེད་ནུས་བར་འགལ་བ་འབྱུང་རྐྱེན་ཡང་གནད་འདི་ལ་ཐུག་ཡོད་སྙམ། དོན་དངོས་དང་དྲང་ཐད་ནས་བཤད་ན། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན་བཅས་ཀྱི་བྱ་བའི་ནང་བོད་སྐད་དང་བོད་ཡིག་ནི་སྤྱོད་སྒོ་ཆུང་བས། བོད་སྐད་བོད་ཡིག་སྦྱངས་པའི་ཤེས་ཡོན་ཅན་རྣམས་ཕྱིར་ལས་གནས་སུ་ཡོང་ན་བློ་གྲོས་ཀྱི་མཐུ་དང་ཤེས་རབ་ཀྱི་རྩལ་བཏོན་པའི་གོ་སྐབས་དབེན་པ་རེད། དེ་ནི་རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་བྱ་བ་དང་འཚོ་བའི་ནང་བོད་སྐད་དང་བོད་ཡིག་ཉེ་བར་མཁོ་བའི་གནས་ཚུལ་དང་འོས་ཤིང་མཐུན་པ་ཞིག་ག་ལ་ཡིན། མ་ཟད་བོད་སྐད་ཡིག་བཀོལ་སྤྱོད་བྱེད་མི་ཐུབ་པའི་འགག་རྩའང་གཙོ་བོ་དེ་ལ་ཐུག་ཡོད། ཕྲན་གྱིས་བལྟས་ན། མི་རིགས་ཤིག་ལ་དེང་རབས་ཀྱི་ཚན་རིག་དང་རིག་གནས་ཀྱིས་ལུས་ལ་ནུས་རྩལ་རྒྱས་པ་དང་། མང་ཚོགས་ཡོངས་ཀྱི་ཧུར་བརྩོན་བསྐུལ་བའི་འདབ་གཤོག་ཅིག་ལྡན་དགོས་ན། ཐོག་མར་མི་རིགས་རང་གི་སྐད་ཆ་དང་ཡིག་གེར་བརྟེན་དགོས་པ་རེད། དེ་ཡང་ཁ་བཤད་ཙམ་གྱིས་མི་འགྲུབ་པར་དགོས་ངེས་ཀྱིས་གཙིགས་ཆེན་བྱས་ཏེ་གསར་འགྱུར་དྲིལ་བསྒྲགས་དང་རིག་གནས་སློབ་གསོ། འགྲིམ་འགྲུལ་དང་ཡིག་སྐྱེལ་གློག་འཕྲིན། ཞབས་འདེགས་ལས་རིགས་སོགས་ཀྱི་བྱ་བའི་ནང་དུ་བོད་སྐད་བོད་ཡིག་བེད་སྤྱོད་བྱས་ནས་སྤྱི་ཚོགས་ཀྱི་གོ་གནས་མཐོ་རུ་བཏང་ན། ད་གཟོད་གོང་གི་གནད་འགག་དེ་བསལ་ཐུབ་པར་མ་ཟད། བོད་སྐད་དང་བོད་ཡིག་སྦྱངས་བའི་མི་རྣམས་ཀྱིས་རང་གི་ཡོན་ཏན་གྱི་གཤོག་འདབ་བརྐྱངས་པའི་ཁོར་ཡུག་ཡངས་པོ་ཞིག་ཆགས་པར་ཐེ་ཚོམ་མེད་དོ༎
འདིར་སྨྲས་པ།
གངས་ཅན་འཆི་མེད་ལྷ་ཡི་རྫིང་རིང་ནས། །
སྐད་དང་ཡི་གེའི་ཁྲི་གདུགས་ཉི་མའི་འོད། །
བརྩེ་མེད་དུས་ཀྱི་གཟའ་ཡིས་མ་རེད་པར། །
འཛམ་གླིང་མཛེས་པའི་ཁྱོན་འདིར་བཀྲ་གྱུར་ཅིག །
 
བདག་བློའི་རྣམ་དཔྱོད་བྱེའུ་གཤོག་རྩལ་གྱིས། །
སྐད་དང་ཡི་གེའི་ནམ་འཕང་གཅོད་དཀའ་ཡང་། །
རང་དང་བསྐལ་མཉམ་འགའ་ཡི་བློ་ངོ་རུ། །
རྣམ་བཤད་འདི་འདྲ་འོས་སྙམ་བྲིས་པ་ལགས། །
 
【དཔྱད་གཞིའི་ཡིག་ཆ】
1.《语言学通论》,江苏教育出版社1990年出版。
2.སྐད་རིགས་ཀྱི་འབྱུང་ཁུངས་དང་ཁྱད་ཆོས། 《ཀྲུང་གོའི་བོད་ཀྱི་ཤེས་རིག》 ༡༩༨༩ལོའི་དེབ་དང་བོ།
3.བོད་པའི་སྐད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་དང་དུས་མཚམས་སོ་སོའི་སྐད་ཀྱི་གཞི་གདངས་ཁྱད་ཆོས་སྐོར། 《ཀྲུང་གོ་བོད་ཀྱི་ཤེས་རིག》 ༡༩༩༣ལོའི་དེབ་དང་བོ།
4.བོད་སྐད་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ལྟ་ཚུལ་འགའ་བརྗོད་པ། 《མཚོ་སྔོན་སློབ་གསོ》 ༡༩༩༡ལོའི་དེབ་བཞི་བ།
 
འཇམ་པོ། རྔ་བ་ཁུལ་རྔ་བ་རྫོང་བསེ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

相关热词搜索:

上一篇:༄༅།།ཡ་ཐོག་བོད་ཀྱི་གསར་འགྱུར་བརྒྱུད་བསྒྲགས་བྱེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།
下一篇:༄༅།།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞིབ་འཇུག་ལས་འཕྲོས་པའི་གཏམ་དཔྱིད།

分享到: