༄༅།།བོད་ལུགས་གསོ་བ་རིག་པ་ལས་མི་ལུས་ཀྱི་མཚན་ཉིད་བསྟན་པ།
2016年06月28日   来源:阿坝《藏学研究选编》   

【ནང་དོན་གནད་བསྡུས】འདིར་བོད་ལུགས་གསོ་བ་རིག་པའི་དགོངས་པ་ལྟར་དུ་མི་ལུས་ཀྱི་ཆགས་རིམ་དང་དེའི་མཚན་ཉིད་དེ། ཉེས་པ་དང་གནོད་བྱ་སོགས་ཀྱི་བྱེད་ལས་དང་ནུས་པ། དེ་དག་གི་གྲུབ་ཚུལ་སོགས་ཀྱི་བརྗོད་བྱ་གཙོ་བོར་བྱས་ནས། ཅི་ནུས་ཀྱིས་རང་གི་སློབ་སྦྱོང་དང་ཉམས་མྱོང་སོགས་ཀྱི་གྲུབ་འབྲས་ལ་བརྟེན་ཁུལ་བྱས་ཏེ། ཚིག་ཉུང་ལ་གོ་བདེ་བ། ལག་ལེན་དངོས་དང་མཐུན་ཞིང་གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་འདོན་པར་འབད་པར་བྱས་ཏེ་ཆེད་རྩོམ་འདི་སྤེལ་བ་ཡིན་ཀྱང་། བདག་ལ་བློ་གྲོས་དམན་ཞིང་འབད་བརྩོན་ཞན་པ་སོགས་ཀྱི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས་དཔྱོད་ལྡན་མཁས་དབང་རྣམས་ཀྱི་མདུན་ནས་དགོངས་དག་ཞུ་བ་ཡིན།
【བརྡ་ཆད་གཙོ་བོ】མི་ལུས།  མཚན་ཉིད།  ཉེས་པ།  གནོད་བྱ།  རྣམ་ཤེས།
          དེ་ཡང་གཞན་འགྲོ་བ་ཀུན་རྗེས་སུ་འཛིན་པ་མཆོག་དཔལ་ལྡན་གསོ་བ་རིག་པའི་དགོས་པ་དོན་གྱི་སྙིང་བོ་ནི་ཚེ་རིང་བར་གནས་པ་དང་། ནད་མེད་པར་བྱ་བའོ༎ དེ་གཉིས་ལས་ཆོས་དང་ནོར་དང་བདེ་བ་གསུམ་གྱི་འབྲས་བུ་རིམ་གྱིས་སྨིན་པར་འགྱུར་བ་ཡིན་ཞིང་། དེ་བས་ན་རྒྱུ་དེ་དག་བསྒྲུབ་པའི་ཕྱིར་དུ་གསོ་བར་བྱ་བའི་ཡུལ་ལམ་ནད་འཇུག་པའི་གཞི་ནི། ང་ཚོའི་གཟུགས་གཞིའི་ལུས་ཁམས་འདི་ཉིད་ཡིན་པའི་རྒྱུ་མཚན་གྱིས་ངེས་པར་དུ་ལུས་གྲུབ་ཚུལ་གྱི་རྣམ་གཞག་ཐོག་མར་ཤེས་དགོས་པ་ཞིག་ཡིན་པས། དེ་དང་དེའི་སྐོར་ལ་ངོས་འཛིན་དང་། ཞིབ་འཇུག ལག་ལེན། འཕེལ་རྒྱས་སུ་འགྲོ་བ་སོགས་ནི་ང་ཚོ་སྨན་དོན་མི་སྣ་ཀུན་གྱི་ཕྲག་ཐོག་ཏུ་བབས་པའི་འོས་འགན་དང་། ལྷག་བསམ་རྣམ་པར་དག་པའི་འབད་པ་ལྷོད་མེད་བགྱི་དགོས་པའི་གནད་ཅིག་ཡིན་པར་སེམས། དེས་ན་འདིར་བདག་གི་བློས་ཅི་ལྕོག་ཙམ་དུ་ཅུང་ཟད་འགོད་པར་བྱ་སྟེ། འདིར་མི་ལུས་ཀྱི་མཚན་ཉིད་བསྟན་པ་ཞེས་པ་ལ། ཆགས་ཚུལ་མདོར་བསྟན་པ་དང་། མཚན་ཉིད་རྒྱས་པར་བཤད་པ་གཉིས་སོ༎
དང་བོ།  ཆགས་ཚུལ་མདོར་བསྟན་པ།
དེ་ཡང་མི་ལུས་ཀྱི་ཕུང་བོ་འདི་ཉིད་ཆགས་པའི་རིམ་པ་དེ་ལ། ཐོག་མར་ཁམས་དཀར་དམར་གྱི་རྒྱུའི་ས་བོན་དེ་ཉིད་སྐྱེད་བྱེད་མའི་མངལ་དུ་ཞུགས་པ་ནས་སྨོས་ན་ལེགས་པར་སྙམ། དེས་ན་རྒྱུའི་ཡན་ལག་ཚོགས་པ་ཞེས་ཕ་མ་གཉིས་ཀྱི་ཁམས་དཀར་དམར་ལ་ཉེས་པ་མ་སྙོམས་པའི་ནད་ཀྱི་སྐྱོན་མེད་པ། བར་དོའི་རྣམ་པར་ཤེས་པ་ལས་ཉོན་གྱི་རླུང་གིས་བསྐུལ་ནས་མངལ་དུ་ཚོགས་པ། ཁུ་ཁྲག་སེམས་གསུམ་ལ་རང་ཆས་སུ་མཆིས་པའི་འབྱུང་བ་ལྔ་རྣམས་མཉམ་དུ་འཛོམས་པ་དེས། ད་གཟོད་མངལ་སྦྲུམ་པའི་རྒྱུ་རུང་བར་བཤད། དེ་བས་ན་ཁུ་ཁྲག་སེམས་གསུམ་གྱི་མངལ་འཛིན་ཁམས་ཀྱི་ས་བོན་ནས་འགོ་རྩམ་སྟེ་མིའི་ལུས་པོ་འདི་རིམ་པར་འཕེལ་རྒྱས་བྱུང་བ་ཞིག་རེད། དེ་ལའང་མའི་མངལ་དུ་ཡན་ལག་ཚོགས་པའི་རྒྱུའི་ས་བོན་བཟུང་བའི་སྐད་ཅིག་མ་དེ་ནས་གཡོ་བ་དང་། སྐྱོད་པ། དྲོད་གཤེར་ལ་སོགས་པ་འབྱུང་བ་ལྔའི་བྱེད་ལས་ལ་བརྟེན་ནས་རྨ་ལ་ཤའུ་སྐྱེས་ཏེ་རྨ་སོས་པ་ལྟར། རྒྱུའི་ས་བོན་གྱི་རྫས་ཕྲན་རྡུལ་གྱི་གྲངས་ཀ་འཕེལ་རྒྱས་སུ་སོང་བ་སྟེ་ས་བོན་གྱི་རྡུལ་གཅིག་གཉིས་སུ་ཕྱེ། གཉིས་བཞི་རུ་གྱེས། བཞི་བརྒྱད་སོགས་སུ་གྱུར་ནས་ཆེར་རྒྱས་ཤིང་མངལ་སྦྲུམ་པ་ཡིན། སྐབས་འདིར་གཟུགས་དབྱིབས་དང་བྱེད་ནུས་སོགས་ལ་ཁྱད་པར་གྱི་དབྱེ་བ་ཆེན་པོ་མེད་ནའང་གོང་གི་འབྱུང་བ་ལྔའི་བྱེད་ལས་དང་། ཀུན་གཞིའི་རྣམ་ཤེས་ལས་སྤྲོས་པའི་སྲོག་རླུང་སོགས་ཀྱི་རྟེན་འབྲེལ་ལས་རླུང་རྣམས་ལ་གཙོ་ཆེར་བརྟེན་པས། མངལ་གནས་སྦྲུམ་རྟེན་གྱི་ཕྲ་ཕུང་རྡུལ་རྫས་ལ་འཕེལ་རྒྱས་བྱུང་སྟེ་རིམ་པར་དེའི་ཁ་དོག་དང་། བྱེད་ནུས་གཟུགས་དབྱིབས་སོགས་སྣ་ཚོགས་སུ་འགྱུར་བ་དང་ཆབས་ཅིག་ཏུ་ལུས་ཟུངས་སོ་སོ་དང་། ཕུང་གྲུབ་སོ་སོ་རིམ་པར་འབྱུང་སྲིད་པ་ཡིན། དེར་བརྟེན་དོན་ལྔ་དང་སྣོད་དྲུག དབང་བོ་ལྔ་སོགས་མི་ལུས་ཀྱི་གྲུབ་ཆ་སོ་སོ་བ་ཆགས་པ་ཡིན་ནོ༎
ས་བོན་དེ་དག་གི་རྒྱུ་ལས་འབྲས་བུ་འབྱུང་ཚུལ་ཡང་། མ་ཡི་མངལ་དུ་ས་བོན་ཆགས་ཤིང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ལས། རུས་པ་དང་། ཀླད་པ། རྒྱུངས་གཞུང་དབང་རྩའི་མ་ལག་དང་བཅས་པ་ནི་ཕ་ཡི་ཁུ་བས་སྐྱེད་པ་དང་། དེ་བཞིན་དུ་ཤ་དང་། ཁྲག དོན་སྣོད། ཁྲག་རྩའི་ཡལ་ཕྲན་དང་བཅས་པ་ནི་མའི་ཟླ་མཚན་ནམ་ཁམས་དམར་གྱིས་བསྐྱེད་པ་ཡིན། དེ་ལྟར་མངལ་འཇུག་གི་རྣམ་པར་ཤེས་པ་དེ་ལས་མིག་ལ་སོགས་པའི་དབང་བོ་ལྔ་དང་། དེ་ལ་བརྟེན་ནས་རྣམ་པར་ཤེས་པ་ཚོགས་དྲུག་པོ་རྣམས་བསྐྱེད་པ་ཡིན་ཞེས་བསྟན་པ་འདི་ནི་འགྲེལ་བ་སྔ་མ་དག་གི་བཞེད་སྲོལ་ལྟར་བཞག་པ་ལས། ཞིབ་ཏུ་དཔྱད་ན་འགྲེལ་ལུགས་འདི་ནི་ཤས་ཆེ་བའམ་ཁྱབ་ཆེ་བའི་དབང་དུ་གསུངས་པ་ཡིན་གྱི། ཕ་མའི་ས་བོན་རང་རྐྱང་གིས་གོང་བཤད་ཀྱི་ལུས་ཟུངས་སོགས་རེ་རེ་ནས་སྐྱེད་ཅེས་འདོད་པ་མི་རིགས་ཏེ། རུང་བའི་རྒྱུ་བཤད་པའི་སྐབས་སུའང་ཁུ་ཁྲག་སེམས་གསུམ་རོ་གཅིག་ཏུ་འདྲེས་པའི་ཞེས་གསུངས་ཡོད་དེ། རོ་གཅིག་ཏུ་འདྲེས་ཟིན་པའི་བདག་ཉིད་ཅན་དེ་སླར་ཡང་སོ་སོར་འབྱེད་ནས་ལུས་ཟུངས་སོགས་ཀྱི་གྲུབ་ཆ་སོ་སོ་བ་བསྐྱེད་ཅེས་པ་ག་ལ་ཡིན། དེ་ནི་རྒྱུའི་ཡན་ལག་ཚོགས་ཤིང་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་ཅན་ལ་ཀུན་གཞིའི་རྣམ་ཤེས་ལས་སྤྲོས་པའི་སྲོག་རླུང་སོགས། ལས་ཀྱི་རླུང་བྱེ་བྲག་པ་དུ་མའི་རྟེན་འབྲེལ་གྱིས་བསྐུལ་ཏེ་ལུས་ཟུངས་དང་། དབང་བོ་སོགས་རིམ་པས་བསྐྱེད་པ་ཞིག་ཡིན། དེ་ཡང་ལུས་ཟུངས་དང་། དབང་བོ། དེ་དག་གི་དབྱིབས། ཁ་དོག  གྲངས། བྱེད་ལས་སོགས་འབྱུང་བ་ཡང་། ཉེས་གསུམ་འབྱུང་བ་རྣམས་ཀྱི་བྱེད་ལས་ཀྱིས་སྐྱེད་པ་ལོས་ཡིན་ཡང་། གཙོ་བོ་ལས་རླུང་གི་བྱེད་ལས་ལ་བརྟེན་ནས་འབྱུང་བ་ཡིན་པ་ཤེས་པར་བྱའོ༎
གཞན་ཡང་བཤད་མ་ཐག་པའི་མངལ་འཇུག་གི་སེམས་ཅན་དེ་འབྱུང་བ་རྣམས་ཀྱི་ནུས་པའམ་ཡོན་ཏན་གྱིས་ཀྱང་སྐྱེད་པར་བྱེད་དེ། གང་ལྟར་ཞེ་ན། འབྱུང་བ་ས་ཡི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཤ་དང་། རུས་པ་སོགས་སྲ་བརྟན་གྱི་ཆ་ཤས་རྣམས་དང་། ལྷག་པར་དུ་སྣའི་དབང་བོའི་དབང་རྟེན་དང་། དེའི་ཡུལ་དྲི་མནམ་པའི་ཚོར་ཤེས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་པ་ཡིན། དེ་བཞིན་དུ་འབྱུང་བ་ཆུ་ཡི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཁྲག་དང་། ཆུ་སེར། རླན་གཤེར་གྱི་ཆ་ཤས་རྣམས་དང་། ལྷག་པར་དུ་ལྕེའི་དབང་བོའི་དབང་རྟེན་དང་། དེའི་ཡུལ་རོ་དྲུག་པོ་མྱང་བའི་ཚོར་ཤེས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་པ། འབྱུང་བ་མེའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་དྲོད་ཀྱི་ཆ་ཤས་རྣམས་སྐྱེད་ཅིང་ཟུངས་སོགས་སྨིན་པ་དང་། པགས་མདོག་གསལ་ལ་གཟི་མདངས་རྒྱས་པར་བྱེད་པ་དང་། ལྷག་པར་དུ་མིག་གི་དབང་བོའི་དབང་རྟེན་དང་། དེའི་ཡུལ་གཟུགས་རྣམས་མཐོང་བའི་ཚོར་ཤེས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་པ། འབྱུང་བ་རླུང་གི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཕྱི་ནང་ལ་རྒྱུ་བའི་དབུགས་དང་རླུང་གི་ཆ་ཤས་རྣམས་དང་། ལྷག་པར་དུ་ལུས་ཀྱི་དབང་བོའི་དབང་རྟེན་གཟུགས་གཞིའི་སྐྱི་ལྤགས་ཀྱི་ཁྱོན་ཀུན་དང་། དེའི་ཡུལ་རེག་བྱ་ཚ་གྲང་འབུར་འཇམ་སོགས་ཚོར་ཤེས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་པ། འབྱུང་བ་ནམ་མཁའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཆ་ཀུན་ལ་རྒྱུ་བའི་སྲོག་ཟུངས་དྲི་མ་སོགས་ཀྱི་ལམ་བུ་ག་ཕྲ་རགས་རྣམས་དང་། ལྷག་པར་དུ་རྣ་བའི་དབང་བོའི་དབང་རྟེན་དང་། དེའི་ཡུལ་སྒྲ་ཐོས་པའི་ཚོར་ཤེས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་པའོ༎
དེ་ལྟར་སྨོས་པའི་མིག་སོགས་དབང་བོ་དང་། ཤ་རུས་སོགས་ཕུང་གྲུབ་དང་མ་ལག་རྣམས་ཆགས་པའི་གནས་ཚུལ་འདི་དག་ནི། སྐར་མ་ཆུ་ཚོད་ནས་ཉིན་ཞག་རེ་རེ་བཞིན་རིམ་གྱིས་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་ལས་རླུང་རྣམས་ཀྱིས་བསྒྱུར་ཞིང་། ཟླ་བ་དགུའི་བར་དག་ཏུ་འཕེལ་ཞིང་རྒྱས་ལ་སྨིན་པར་བྱས་པ་ཡིན། དེར་མ་ཟད་ཡེ་ནས་གོམས་ཤིང་འདྲིས་པའི་བག་ཆགས་ཟབ་མོ་སུབ་ཏུ་མེད་པ་དེས་བྱ་བ་ཕྲ་རགས་ཐམས་ཅད་དེ་ལྟར་དུ་སྣང་ཞིང་དེར་འཇུག་པར་འབད་པས། འགྲོ་བ་རང་རིགས་ཀྱི་མི་ལུས་ཉིད་དུ་ལྷག་ཆད་མེད་པར་འཕེལ་ཞིང་རྒྱས་པ་ཡིན་ནོ༎
དེ་ལ་ཡང་མངལ་གནས་ཀྱི་གནོད་བྱ་རྣམས་སྐྱེད་ཅིང་ཆེར་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ནི་མངལ་གནས་རང་ཉིད་ཀྱི་ལྟེ་བ་ཁོ་ན་ཡིན་ཏེ། དེ་ནི་ལུས་ཆགས་པའི་གྲུབ་ཆ་དང་བོའང་ཡིན། ལྟེ་བ་དེས་ཐོག་མར་མངལ་གནས་ཀྱི་སྟོད་སྨད་རྩ་འདབ་རྣམས་སྐྱེད་པའི་གཞི་བྱེད་པར་མ་ཟད། མ་ཡི་འཚོ་བཅུད་དྭངས་མ་དང་གསོ་རླུང་སོགས་ཀྱི་རྫས་ཆ་རྣམས་བསྡུ་ལེན་དང་མཁོ་སྤྲོད་བྱས་ཏེ་མངལ་འཕེལ་བའི་རྒྱུ་བྱེད་བཞིན་ཡོད། དེའང་འཚོ་བཅུད་དྭངས་མ་སོགས་ཐོག་མར་མའི་དྭངས་མ་ལེན་པའི་རྩའམ་ཁྲག་རྩའི་འཁོར་རྒྱུག་ལ་བརྟེན་ནས་བསམ་སེའུ་དང་། དེ་ནས་བུ་སྣོད་གཡས་གཡོན་གྱི་རྩ་མིག་རྣམས་སུ་སོང་ཞིང་། རྩ་དེ་དག་མངལ་གནས་ཀྱི་ལྟེ་བ་དང་འབྲེལ་ནས་མཆིས་པར་བརྟེན་སྦྲུམ་སྲིང་ངམ་སྦྲུམ་རྟེན་གྱི་གནོད་བྱ་གནོད་བྱེད་ཀྱི་ཁམས་ཐམས་ཅད་རྣམ་པ་ཀུན་ཏུ་རྒྱས་ཤིང་སྨིན་པར་བྱེད་པ་ཡིན། མདོར་ན་དེ་ལྟ་བུའི་རྒྱུ་དང་། རྐྱེན། འབྱུང་བའི་བྱེད་ལས་ཐམས་ཅད་ཆ་ཚང་བ་དང་། ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ཚུལ་མཐའ་དག་གཅིག་ཏུ་འཛོམས་ཤིང་འདུས་པ་ལས་རིགས་རྒྱུད་ལུས་ཀྱི་མྱུ་གུ་གཟུགས་ཀྱི་ཕུང་བོ་འདི་ཉིད་མའི་མངལ་དུ་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཡིན་ནོ༎
གཉིས་པ།  མཚན་ཉིད་རྒྱས་པར་བཤད་པ།
འདིར་ལུས་ཀྱི་མཚན་ཉིད་ལའང་གནོད་བྱ་ཁམས་ཀྱི་མཚན་ཉིད་དང་། གནོད་བྱེད་ཉེས་པའི་མཚན་ཉིད་གཉིས། དེ་ཡང་ལུས་ཞེས་པ་འདི་ནི། རང་བཞིན་ཐ་མལ་དུ་གནས་པའི་རླུང་མཁྲིས་བད་ཀན་གསུམ་དང་། ལུས་ཟུངས་བདུན། དྲི་མ་གསུམ་ལ་སོགས་པ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་། གཅིག་མེད་ནའང་མི་རུང་བའི་ཚུལ་དུ་དང་བོ་ཆགས། བར་དུ་གནས། མཐར་འཇིག་པ་སོགས་ཀྱི་བརྒྱུད་རིམ་མཐའ་དག་གི་རྩ་བའི་གཞི་དེ་ནི་གནོད་བྱ་ཁམས་དང་། གནོད་བྱེད་ཉེས་པ་འདི་གཉིས་ཀྱི་བྱེད་ནུས་འགུལ་བསྐྱོད་ལ་རག་ལུས་པའི་ཕྱིར་ལུས་ཞེས་བརྗོད་པ་ཡིན་ནོ༎
སྤྱིར་མཚན་ཉིད་ཅེས་པ་ཡང་། མཚོན་བྱའི་དངོས་པོ་གང་ལའང་ཐུན་མོང་མིན་པའི་ཁྱད་ཆོས་ཀྱི་མཚོན་བྱ་དང་ལྡན་པ་ཞིག་ལ་བྱ་སྟེ། ཁྱད་ཆོས་དེ་དང་ལྡན་པའི་མཚོན་བྱ་དེ་ཉིད་གཞན་དང་མ་འདྲེས་པའི་སྒོ་ནས་མཚོན་ཐུབ་པས་ན་མཚན་ཉིད་ཅེས་བརྗོད་པ་ཡིན་ལ། འདིར་གནོད་བྱ་ཁམས་ཞེས་པའང་། ཉེས་པ་རླུང་མཁྲིས་བད་ཀན་གྱིས་གནོད་འཚེ་གཏོང་བའི་ཡུལ་མང་བོའི་སྤྱི་མིང་ཞིག་ཡིན་ལ། དེ་ནི་གནོད་པར་བྱ་བའི་ཡུལ་ཡིན་པས་ན་གནོད་བྱ་ཞེས་བརྗོད་པ་དང་། དཔེར་ན་གནོད་བྱ་ནི་ཕོ་བྲང་ཆེན་པོ་ཞིག་དང་འདྲ་ལ། དེར་བརྟེན་པའི་ཉེས་པ་རྣམས་ནི་ཕོ་བྲང་དེའི་ཁོང་དུ་བྱ་བ་བྱེད་མཁན་གྱི་མི་ཚོགས་དང་གཅིག་མཚུངས་སུ་གནས་པ་ཡིན། དེ་ཡང་རྐྱེན་གྱིས་རྣམ་པར་མ་གྱུར་པའི་ཚེ་མཐུན་པའི་ལས་བྱེད་པ་དང་། གལ་ཏེ་རྐྱེན་གང་རུང་དང་འཕྲད་ནས་རྣམ་པར་གྱུར་ན་མི་མཐུན་པའི་ལས་ཞེས་གནོད་པར་བྱེད་པ་ཡིན་པས་དེ་ལྟར་དུ་ཤེས་པར་བྱ་བ་དང་། དེ་ལྟ་བུའི་གནོད་བྱ་ཁམས་ཀྱི་མཚན་ཉིད་ཀྱི་རྣམ་གཞག་བཤད་པ་ལ་གནོད་བྱ་སོ་སོའི་དབྱེ་བ་དང་། གནོད་བྱ་སོ་སོའི་བྱེད་ལས། གནོད་བྱ་དེ་དག་འབྱུང་བའི་རྒྱུའི་གཙོ་བོ་མེ་དྲོད། ཞལ་བྱུང་འབྱུང་ལྔའི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་ལྔ་རྒྱས་ཚུལ་ཏེ་བཞིའི་སྒོ་ནས་བསྟན་པ་ཡིན།
༡.གནོད་བྱ་སོ་སོའི་དབྱེ་བ། གནོད་བྱ་སོ་སོའི་དབྱེ་བ་ལ་ལུས་ཟུངས་དང་། དྲི་མ་གཉིས་ཡིན་ཏེ། ལུས་ཟུངས་ཀྱི་དབྱེ་བ་ནི་ཟས་སྐོམ་གྱི་དྭངས་མ་དང་། དེའི་དྭངས་མ་ཁྲག དེའི་དྭངས་མ་ཤ དེའི་དྭངས་མ་ཚིལ། དེའི་དྭངས་མ་རུས། དེའི་དྭངས་མ་རྐང་། དེའི་དྭངས་མ་ཁུ་བ་བཅས་བདུན་དང་། དྲི་མ་ལ་ཟས་ཀྱི་སྙིགས་མ་བཤང་བའི་དྲི་མ་དང་། སྐོམ་གྱི་སྙིགས་མ་གཅིན་པ་དང་། རྔུལ་གྱི་དྲི་མ་སྟེ་གསུམ། གཞན་ཡང་ཕོ་བའི་བད་ཀན་དང་། སྣོད་ཀྱི་མཁྲིས་པ། མིག་སྣ་སོགས་ཀྱི་དྲི་མ། སོ་སན་བ་སྤུ་སོགས་ལུས་ཟུངས་ཀྱི་དྲི་མ་རྣམས་ཀྱང་འདིའི་ཁུངས་སུ་གཏོགས་པ་ཡིན།
༢.གནོད་བྱ་སོ་སོའི་བྱེད་ལས། གནོད་བྱ་སོ་སོའི་བྱེད་ལས་ནི། གནོད་བྱ་དེ་དག་རེ་རེའི་རྒྱུན་ལྡན་གྱི་ནུས་པས་ལུས་ཀྱི་གཟུགས་གཞི་དང་། ཚེ་སྲོག་འགུལ་སྐྱོད་ལ་སྲུང་འཛིན་དང་། འཕེལ་རྒྱས་བྱེད་པ་ཡིན། དང་བོ་ཟས་སྐོམ་གྱི་འཚོ་བཅུད་དྭངས་མ་དེས་ནི། ལུས་ཟུངས་གཞན་རྣམས་འཕེལ་རྒྱས་ཀྱི་རྩ་བའི་གཞི་བྱེད་ཅིང་། ལྷག་པར་དུ་རུས་པའི་ཁྲག་རྩི་ལྷ་བ་དང་ཟུང་དུ་འབྲེལ་ནས་གཙོ་བོ་ཁྲག་སྐྱེད་པའི་རྒྱུ་ཆར་བྱས་ཏེ་མཆིན་པའི་གནས་སུ་ཁྲག་ཏུ་གྱུར་པ་ཡིན། ཁྲག་གིས་ནི་ལུས་ཀྱི་གནོད་བྱ་སོ་སོའི་ཡུལ་དུ་འགྲོ་ཞིང་བརླན་པའི་ཆ་སྐྱེད་ཅིང་། ཁྱད་པར་དུ་ཚེ་སྲོག་གི་རྟེན་བྱེད་པར་མ་ཟད། ཤ་ཡི་ཟུངས་སྐྱེད་པའི་དྭངས་མ་མཁོ་འདོན་བྱེད་པ་ཡིན། ཤ་ཡིས་ནི་ལུས་སྟོད་སྨད་ཀྱི་རུས་པའི་སྒྲོམ་གཞི་ཀུན་ལ་འདག་ཞལ་ལྟར་གཡོགས་ནས། ལུས་ཀྱི་འགུལ་སྐྱོད་སྣ་ཚོགས་ལ་གང་མོས་ཀྱི་ནུས་པ་འདོན་པ་དང་། གཞན་དོན་སྣོད་སོགས་ཀྱང་སྐྱེད་པ་མ་ཟད། ཚིལ་གྱི་ཟུངས་སྐྱེད་པའི་དྭངས་མ་མཁོ་འདོན་བྱེད་པ་ཡིན། ཚིལ་གྱིས་ནི་ལུས་ཀྱི་ཆ་ཀུན་ལ་སྣུམ་པར་བྱེད་ཅིང་། པགས་པ་སོགས་མཉེན་ཞིང་འཇམ་ལ་མདངས་དང་ལྡན་པར་བྱེད། ལྷག་པར་དུ་ལུས་དྲོད་སྲུང་འཛིན་དང་གྲང་ལྷགས་སྔོན་འགོག་གི་ནུས་པ་འདོན་ཐུབ་པ་མ་ཟད། རུས་པའི་ཟུངས་སྐྱེད་པའི་དྭངས་མ་མཁོ་འདོན་བྱེད་པ་ཡིན། རུས་པས་ནི་ལུས་ཀྱི་གཟུགས་གཞི་མི་ཞིག་པར་འདེག་སྐྱོར་བྱེད་ཅིང་ཕུང་བོའི་སྒྲོམ་གཞིར་གྱུར་ཏེ་ལུས་དབྱིབས་སྲུང་འཛིན་བྱེད་པ་དང་། ལྷག་པར་དུ་ལུས་སྲ་ཞིང་བརྟན་པར་བྱས་ཏེ་གལ་ཆེའི་དབང་བོ་དུ་མ་ཁོང་དུ་སྦས་པའི་ཚུལ་གྱིས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ནུས་པ་འདོན་པ་མ་ཟད། རྐང་མར་གྱིས་ནི་ལུས་ཀྱི་ཕུང་གྲུབ་སོ་སོ་འཚོ་བའི་བཅུད་དུ་གྱུར་ནས་ལུས་ལ་སྟོབས་ཤུགས་རྒྱས་པ་དང་། ལྷག་པར་དུ་ཁུ་བ་སྐྱེད་པའི་དྭངས་མ་མཁོ་འདོན་བྱེད་པའི་ནུས་པ་དང་ལྡན་པ་ཡིན། ཁུ་བས་ནི་ལུས་སྤྱི་ལ་བཀྲག་མདངས་སམ་གཟི་མདངས་སྐྱེད་ཅིང་། ཁྱད་པར་དུ་བུ་འཛིན་པའི་ས་བོན་གྱི་ཁམས་དཀར་དམར་མཁོ་འདོན་བྱེད་པ་ཡིན་ནོ༎
དེ་བཞིན་དུ་བཤང་བས་ནི་ཕོ་བར་བསྟེན་པའི་ཟས་སྐོམ་རྣམས་མྱག་བཞུ་དྭངས་སྙིགས་ཕྱེད་མ་ཟིན་བར་དུ་ཕྱིར་འདོར་དུ་མི་འཇུག་པར་གནས་སྡོད་ཀྱི་རྟེན་བྱེད་པ་དང་། སྙིགས་མ་རྣམས་རུལ་ཞིང་སྨིན་རྗེས་ཕྱིར་གཏོང་བ་ཡིན། གཅིན་པས་ནི་འཁོར་རྒྱུགས་ཀྱི་ལམ་ལ་བརྟེན་པའི་ལུས་ཟུངས་དང་ཕུང་གྲུབ་སོ་སོའི་གསར་རྙིང་བརྗེ་ལེན་གྱི་སྙིགས་མ་ཁག་ཅིག་ཕྱིར་འདོར་བར་བྱེད་ཐུབ་པ་ཡིན། རྔུལ་གྱིས་ནི་པགས་པའི་ཆ་ཤས་ཐམས་ཅད་མཉེན་པར་བྱེད་ཅིང་བ་སྤུའི་བུ་ག་མི་འགག་པར་སྲུང་བ་དང་། བ་སྤུ་བརྟན་པར་བྱེད་པ་བཅས་ཀྱི་ནུས་པ་དང་ལྡན་ནོ༎
གཞན་ཡང་སྙིགས་མའམ་དྲི་མ་སྟེ། ཁྲག་གི་སྙིགས་མ་སྣོད་མཁྲིས་པའི་གཤེར་ཁུ་ཡིན་པ་དེས་ནི་ཚིགས་མིག་རྣམས་འགུལ་བདེ་བ་ལ་འཇམ་འདྲེད་ཀྱི་རྩི་ལྟ་བུའི་ཆུ་སེར་མཁོ་འདོན་བྱེད་པ་དང་། ཕོ་བར་བསྟེན་པའི་ཟས་སྐོམ་རྣམས་འཇུ་བ་ལ་མཁྲིས་པའི་ཟགས་ཆུ་མཁོ་སྤྲོད་བྱས་ཏེ་འཇུ་བྱེད་མེ་ཡི་སྟོབས་སྐྱེད་པ་བཅས་ཡིན། དེ་མིན་སོ་སེན་སོགས་ཕྲ་མོ་རྣམས་དྲི་མའི་རིགས་ཁག་ཅིག་གི་བྱེད་ལས་རྣམས་བཤད་པ་སྐབས་སུ་བབས་ཀྱང་། དགོས་པ་ཆེར་མ་མཐོང་བས་རེ་ཞིག་སྤང་བ་ཡིན་ནོ༎
༣.གནོད་བྱ་དེ་དག་འབྱུང་བའི་རྒྱུའི་གཙོ་བོ་མེ་དྲོད་དང་། གནོད་བྱ་དེ་དག་འཕེལ་ཞིང་རྒྱས་པར་བྱེད་པའི་རྒྱུའི་གཙོ་བོ་ཡང་ཕོ་བའི་མེ་དྲོད་ཉིད་ཡིན་པར་བཤད་ལ། ཕོ་བའི་མེ་དྲོད་ཟེར་བ་དེ་ནི་ཕོ་བར་བསྟེན་པའི་ཟས་སྐོམ་ཅི་རིགས་མཆིས་པ་མཐའ་དག་མྱག་བཞུ་དྭངས་སྙིགས་ཕྱེས་ཏེ་གནོད་བྱ་སོ་སོའི་ངོ་བོར་སྨིན་པར་བྱེད་པའི་རྒྱུའི་གཙོ་བོ་གང་ཡིན་པ་དེ་ལ་བཏགས་པ་ཞིག་ཡིན་ཏེ། དབྱེ་ན་རིགས་གསུམ་དུ་འདུ་བས་མེ་དྲོད་རྣམ་གསུམ་ཡང་ཟེར། དེ་ནི་བད་ཀན་མྱག་བྱེད་དང་། མཁྲིས་པ་འཇུ་བྱེད། རླུང་མེ་མཉམ་བཅས་ཡིན་ནོ༎
བད་ཀན་མྱག་བྱེད་ནི་གཙོ་བོར་མ་ཞུ་བའི་ཡུལ་ཕོ་བར་གནས་པ་དང་། མཁྲིས་པ་འཇུ་བྱེད་ནི་གཙོ་བོར་ཞུ་དང་མ་ཞུའི་བར་རྒྱུ་མར་གནས་པ་ཡིན། དེ་བཞིན་དུ་རླུང་མེ་མཉམ་ནི་གཙོ་ཆེར་ཞུ་བའི་གནས་ལོང་ལ་གནས་པ་ཡིན་ཞེས་གནས་ཐ་དད་དུ་གསུངས་ནའང་། ཁོ་ཚོའི་བྱེད་ལས་ལ་ཧ་ཅང་འབྲེལ་བ་དམ་པོ་ཡོད་པར་བརྟེན་ཕ་མ་གཅིག་པའི་སྤུན་ལྟར་ཕན་ཚུན་རམ་འདེགས་དང་། ལས་སྣོན་བརྗེ་རེས་བྱེད་བཞིན་བསྟེན་བྱའི་ཟས་སྐོམ་དེ་ལེགས་པར་འཇུ་རུ་བཅུག་ནས་དྭངས་སྙིགས་སོ་སོར་བྱས། སྙིགས་མ་རྒྱུ་མ་སོགས་ཀྱི་ཡུལ་ནས་སྐ་སླ་གཉིས་སུ་ཕྱེས་ཏེ། སྐ་བ་བཤང་བར་འགྱུར་རྗེས་གཉེ་མར་བརྒྱུད་དེ་ཕྱིར་འདོར་བ་དང་། སླ་བ་ནི་རྒྱུ་གྲོགས་ཀྱི་རྩ་ཞེས་རྒྱུ་མ་སོགས་ཀྱི་ལྡེབས་ངོས་ནས་ཧ་ཅང་ཕྲ་བའི་རྩ་ཕྲན་གྲངས་མེད་པ་ཞིག་གྱེས་ཡོད་པའི་བུ་ག་རྣམས་ལ་འདོད་པ་རིགས་ལ། དེ་དག་རྒྱུ་ཚིལ་སོགས་ཀྱི་གསེབ་ན་དྲ་བ་ལྟར་འབྲེལ་ཞིང་། དེའི་སྦུབས་ལམ་རྣམས་ནས་རྒྱུ་བར་བྱས་ཏེ་འཁོར་སྐྱོད་ལམ་དུ་ཞུགས་ཏེ་ལུས་ཀྱི་ཕྱི་ནང་ལ་འཁོར་བར་འཁོར་ནས། མཐར་མཁལ་མར་བརྒྱུད་ལྒང་བའི་ནང་དུ་གསོག་པ་ཡིན། ཚུལ་དེ་དག་ནི་ཟས་སྐོམ་གྱི་མྱག་བཞུ་བྱེད་པའི་སྙིགས་མའི་བགྲོད་ཚུལ་ཡིན་ལ། དེ་ནི་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་སོགས་ཀྱི་འགྱུར་ཚུལ་ཡང་། གོང་བཤད་ལྟར་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་ལ་བརྟེན་པའི་འཚོ་བཅུད་དྭངས་མ་དེ་ཕོ་བ་སོགས་ཀྱི་ལྡེབས་རྩ་ཕྲ་མོ་སྟེ་དྭངས་མ་ལེན་པའི་རྩ་ཕྲན་རྣམས་བརྒྱུད་ཅིང་། དེ་ནས་བྱང་ཁོག་གི་འཁོར་ལམ་དུ་ཞུགས་པའི་མཐར་མཆིན་པའི་གནས་སུ་སླེབས་པ་ཡིན། མེ་དྲོད་རྣམ་གསུམ་གྱི་ཆ་ཤས་དང་བྱེད་ལས་ཕྲ་མོས་ལུས་ཟུངས་ཐམས་ཅད་དུ་ཁྱབ་པ་ཡིན་པས། འཚོ་བཅུད་ཀྱི་དྭངས་མའི་ཆ་རྣམས་མཆིན་པའི་གནས་ནས་ཁྲག་ཏུ་བསྒྱུར་ཞིང་། ཁྲག་གི་ཟུངས་དེ་འཁོར་རྒྱུག་གི་ལམ་ལ་བརྟེན་ནས་ཤའི་གནས་སུ་སླེབས་པ་དང་མཉམ་དུ་ད་ལྟའི་ཁྲག་གི་དྭངས་མའི་ཆ་རྣམས་ཤས་ཉེར་ལེན་ལ་བརྟེན་ནས་ཤ་རུ་བསྒྱུར་ཞིང་། ཤ་དེའང་དྭངས་སྙིགས་གཉིས་སུ་ཕྱེས་པའི་དྭངས་མའི་ཆ་རྣམས་འཁོར་རྒྱུག་གི་ལམ་ལ་བརྟེན་ནས་ཚིལ་གྱི་གནས་སུ་སླེབས་པ་དང་མཉམ་དུ་ཚིལ་གྱིས་ཉེར་ལེན་ལ་བརྟེན་ནས་ཚིལ་གྱི་ཟུངས་སུ་བསྒྱུར་བ་ཡིན། དེ་བཞིན་དུ་ཚིལ་གྱི་དྭངས་མའི་ཆ་རྣམས་ཀྱང་འཁོར་རྒྱུག་གི་ལམ་ལ་ཞུགས་ཏེ་རུས་པའི་གནས་སུ་སླེབས་པའི་ཚེ་རུས་པས་ཉེར་ལེན་ལ་བརྟེན་ནས་རུས་པའི་ཟུངས་སུ་བསྒྱུར་བ་ཡིན། རུས་ཀྱི་དྭངས་མའི་ཆ་རྣམས་ཀྱང་འཁོར་རྒྱུག་གི་ལམ་ལ་ཞུགས་ཏེ་རྐང་གི་གནས་སུ་སླེབས་པ་ན་རྐང་གིས་ཉེར་ལེན་ལ་བརྟེན་ནས་རྐང་གི་ཟུངས་སུ་བརྒྱུར་བ་ཡིན། དེ་ལྟར་རྐང་ལའང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མའི་ཆ་རྣམས་འཁོར་རྒྱུག་གི་ལམ་ལ་ཞུགས་ཏེ་ཁུ་བའི་གནས་སུ་སླེབས་པ་ན་ཁུ་བས་ཉེར་ལེན་ལ་བརྟེན་ནས་ཁུ་བའི་ཟུངས་སུ་བརྒྱུར་ནས་བསམ་སེའུའི་ནང་དུ་གསོག་པ་ཡིན། ཁུ་བ་ལའང་དྭངས་སྙིགས་ཕྱེས་པའི་དྭངས་མ་དེ་འཁོར་རྒྱུག་གི་ལམ་ལ་བརྟེན་ནས་ལུས་ཀྱི་སྟོད་སྨད་སོགས་ཆ་ཀུན་ལ་བཀྲག་མདངས་དང་གཟི་མདངས་བསྐྱེད་ནས་ལུས་ཟུངས་ཀྱི་མཐར་རྫོགས་པ་ཡིན། དཔེར་ན་ནད་མེད་ཐ་མལ་བ་ཞིག་གི་འཁོར་རྒྱུག་གི་ལམ་དུ་རྒྱུ་བའི་ཁྲག་གི་ཐིགས་པ་ཞིག་ལ་མཚོན་ན། དེའི་ཁྲོད་དུ་ད་ལྟ་བཤད་མ་ཐག་པའི་ལུས་ཟུངས་རྣམས་ཀྱི་དྭངས་མ་སོ་སོའི་རྡུལ་གྱི་རང་བཞིན་རྣམས་ལུས་ཟུངས་ཕྱི་མ་ཕྱི་མ་རྣམས་སྐྱེད་བྱེད་ཀྱི་ཚུལ་དུ་གནས་ཡོད་པ་ཡིན། དྭངས་མའི་རྡུལ་དེ་དག་འཁོར་རྒྱུག་གི་ལམ་གང་སར་སོང་ཚེ་ལུས་ཟུངས་རང་རང་གིས་རང་ལ་མཁོ་བའི་དྭངས་མ་བསྡུ་ལེན་བྱས་ཏེ་རང་གི་ཟུངས་སུ་བསྒྱུར་བ་མ་ཟད། སླར་ཡང་དྭངས་སྙིགས་ཕྱེས་ཏེ་དྭངས་མ་རྣམས་ལུས་ཟུངས་ཕྱི་མ་ཕྱི་མའི་རྒྱུར་མཁོ་འདོན་དང་། སྙིགས་མ་རྣམས་ཕྱིར་དོར་བ་ཞིག་ཡིན། དེ་ལྟར་གནོད་བྱ་སོ་སོའི་བར་གྱི་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་དང་། ལས་སྣོན་བརྗེ་རེས། གསར་རྙིང་འདོར་ལེན་བཅས་བྱས་ནས་ལུས་ཟུངས་འཕེལ་རྒྱས་དང་། ལུས་ཁམས་རྒྱུན་ལྡན་ཞིག་སྲུང་འཛིན་བྱེད་པ་ཡིན། དེ་ལྟ་བུའི་མེ་དྲོད་འདི་ནི་ཟས་སྐོམ་ཐམས་ཅད་འཇུ་བར་བྱེད་པའི་གཙོ་བོའམ་རྩ་བའི་གཞིར་གྱུར་པ་མ་ཟད། ད་དུང་གནོད་བྱ་དང་གནོད་བྱེད་དེ་དག་རང་རང་གི་དྲོད་ཀྱི་ཆ་ཤས་དང་། ལུས་ཟུངས་ཀྱི་འགྱུར་ཚུལ་སོགས་ཐམས་ཅད་མེ་དྲོད་འདི་ཉིད་ལ་རག་ལས་པ་ཡིན། དེས་ན་ཐ་མལ་རྒྱུན་ལྡན་གྱི་གོ་སྐབས་འབྱུང་བ་དང་། ལས་ལ་བརྩོན་པ། གཟི་མདངས་རྒྱས་ཤིང་ཚེ་འཕེལ་བ་སོགས་ཀྱི་སྟོབས་དང་ནུས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ༎
དེ་ལྟར་བཤད་བྱ་ཉིད་ཀྱི་ནུས་པ་སྟོབས་དང་ལྡན་པར་གྱུར་ནས་བཤད་ཟིན་པ་ལྟར་ཟས་སྐོམ་རྣམས་ལེགས་པར་འཇུ་ཞིང་དྭངས་མ་རྣམས་ཟུངས་སུ་སྨིན་པ་མ་ཟད། སྙིགས་མ་རྣམས་ཐུར་དུ་འགྲོ་ཞིང་བདེ་བླག་ཏུ་ཕྱིར་འདོར་ནུས་པ་ཡིན། གལ་ཏེ་འཇུ་བྱེད་མེ་དྲོད་ཀྱི་ནུས་སྟོབས་ཞན་ན་ནི། བསྟེན་བྱའི་ཟས་སྐོམ་རྣམས་འཇུར་མི་ནུས་པས་གང་ཟོས་པ་དེ་མ་སྨིན་པར་ངོ་བོ་ཉིད་ཕྱིར་འབྱུང་བ་དང་། ཡང་ན། གྱེན་ཐུར་གང་དུ་ཡང་འགྲོར་མི་ནུས་པར་ཕོ་བར་བསྒོང་ཞིང་སྦོས་རྫང་བྱེད་པ་དག་གི་མངོན་ཚུལ་འབྱུང་གཤིས། ལུས་ཟུངས་དང་། གཟི་མདངས། ལུས་ཀྱི་སྟོབས་ཤུགས་སོགས་འགྲིབ་པར་འགྱུར་བ་ཡིན། འོ་ན་ང་ཚོས་གནས་ལུགས་དེ་དག་ངེས་པར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཕོ་བའི་མེ་དྲོད་དང་འཚམ་པའི་ཡང་ལ་དྲོ་བའི་རིགས་ཀྱི་ཟས་སྐོམ་དང་སྤྱོད་ལམ་བསྟེན་པ་དང་། སྨན་ཡང་སེ་འབྲུ་ལྔ་བ་སོགས་མེ་དྲོད་སྐྱེད་ཅིང་ཉེས་པ་སྙོམས་པའི་རིགས་གཏོང་བ་བཅས་ལ་འབད་དེ་ཕོ་བའི་མེ་དྲོད་བསྲུང་བར་བྱ་དགོས། དེ་ལྟར་ཡིན་ན་ལུས་ཀྱི་སྟོབས་དང་ཚེ་ཡུན་རིང་དུ་གནས་ཏེ། འཇིག་རྟེན་འཚོ་བའི་བྱ་རིམ་ལ་འཇུག་སླ་བ་སོགས་ཀྱི་དགེ་མཚན་དུ་མ་དང་ལྡན་པ་ཡིན་ནོ༎
༤ .ཞར་བྱུང་འབྱུང་ལྔའི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་ལྔ་རྒྱས་ཚུལ། སྤྱིར་འཇིག་རྟེན་གྱི་དངོས་པོ་ཕྲ་རགས་ཐམས་ཅད་འབྱུང་ལྔར་མ་བརྟེན་པ་གཅིག་ཀྱང་མེད་ཅེས་གསུངས་པ་ལྟར། ཟས་སྐོམ་སྨན་གྱི་རིགས་ཀུན་ཀྱང་དེ་ལྟར་དུ་གནས་པ་ལོས་ཡིན་ཏེ། འོན་ཀྱང་ཟས་སྐོམ་སོགས་ཀྱི་རིགས་སོ་སོ་ལ་སྐྱེད་བྱེད་འབྱུང་ལྔའི་ཤས་ཆེ་ཆུང་ལ་ཧ་ཅང་ཁྱད་པར་ཆེ། དེར་བརྟེན་རྫས་སོ་སོ་ལ་རོ་དང་ནུས་པ་སོགས་ཀྱི་ཐད་ནས་ཁྱད་པར་གྱི་དབྱེ་བ་མང་དུ་འབྱུང་གི་ཡོད་ལ། གང་ལྟར་ཞེ་ན། འབྱུང་བ་ས་ཆུས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་སོགས་ཀྱི་རོ་མངར་བ་ཡིན། ནུས་པ་ལྕི་བ། རྟུལ་བ། འཇམ་པ་སོགས་འབྱུང་བ་ཡིན། དེ་བཞིན་དུ་འབྱུང་བ་མེ་ས་གཉིས་ཀྱིས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་སོགས་ཀྱི་རོ་སྐྱུར་བ་འབྱུང་བ་དང་། ནུས་པ་ཚ་བ། རྣོ་བ། རྟུལ་བ་སོགས་འབྱུང་བ་ཤས་ཆེ་བ་ཡིན། འབྱུང་བ་ཆུ་དང་མེ་གཉིས་ཀྱིས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་སོགས་ཀྱི་རོ་ལན་ཚ་བ་དང་། ནུས་པ་འཇམ་པ། ཚ་བ། རྣོ་བ་སོགས་འབྱུང་བ་ཤས་ཆེ་བ་ཡིན། དེ་ལྟར་ཆུ་རླུང་གཉིས་ཀྱིས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་སོགས་ཀྱི་རོ་ཁ་བ་ཡིན་ལ། ནུས་པ་བསིལ་བ། འཇམ་པ། ཡང་བ། གཡོ་བ་སོགས་འབྱུང་བ་ཤས་ཆེ་བ་ཡིན། འབྱུང་བ་མེ་རླུང་གཉིས་ཀྱིས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་གྱི་རོ་ཚ་བ་དང་། ནུས་པ་ཚ་བ། རྣོ་བ། རྩུབ་པ་སོགས་འབྱུང་བ་ཤས་ཆེ་བ་ཡིན། དེ་བཞིན་དུ་འབྱུང་བ་ས་རླུང་གཉིས་ཀྱིས་ཤས་ཆེ་བར་སྐྱེད་པའི་ཟས་སྐོམ་སོགས་ཀྱི་རོ་བསྐ་བ་ཡིན། ནུས་པ་ལྕི་བ་དང་རྟུལ་བ་རྩུབ་པ་སོགས་འབྱུང་བ་ཤས་ཆེ་བ་ཡིན་ནོ༎
གཞན་ཡང་འབྱུང་བ་གསུམ་འདྲེས་དང་། བཞི་འདྲེས་སོགས་ཀྱི་རིགས་པ་ལས་རོ་ཡང་གཉིས་འདྲེས་དང་། གསུམ་འདྲེས་སོགས་ཀྱི་དབྱེ་བ་རིགས་པས་འགྲེ་བར་བྱའོ༎
དེ་ལྟར་རོ་དྲུག་པོ་གང་དང་གང་ལྡན་པའི་ཟས་སྐོམ་དེ་དག་ལ་འབྱུང་བ་དེ་དང་དེའི་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་ཡིན་པས། རང་རང་སོ་སོ་དང་རིགས་མཐུན་པའི་ལུས་ཀྱི་འབྱུང་བ་ལྔ་བོ་འཕེལ་ཞིང་རྒྱས་པ་ཡིན། ལུས་ཀྱི་འབྱུང་ལྔའི་ནུས་སྟོབས་ལ་འཕེལ་རྒྱས་བྱུང་ན་གནོད་བྱ་ལུས་ཟུངས་ཀྱི་འགྱུར་ཚུལ་དང་དེའི་འཁོར་རྒྱུག་སོགས་ཀྱི་ཉེར་ལེན་བདེ་བླག་ཏུ་འགྲུབ་ཐུབ་པ་མ་ཟད། གནོད་བྱེད་ཉེས་པའི་མཚན་ཉིད་ལའང་འཕེལ་ཟད་སོགས་ཀྱི་སྐྱོན་མི་འབྱུང་བར་རྣམ་པར་ཐ་མལ་དུ་གནས་ཤིང་ཚུལ་བཞིན་གྱི་ལས་བྱེད་པ་ཡིན། དེ་ལྟར་ལུས་ཀྱི་འབྱུང་བ་རྒྱུན་ལྡན་དུ་གནས་པའི་བྱེད་ལས་སོ་སོ་བས་ལུས་ཟུངས་དང་། དབང་བོ། བརྟེན་པ་རྣམ་ཤེས་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་རྣམས་རེ་རེ་ནས་གསོ་ཞིང་སྐྱེད་པ་དང་། ཐ་མལ་རྒྱུན་ལྡན་གྱི་ལུས་ཁམས་སྲུང་འཛིན་བྱེད་ཐུབ་པ་ཡིན། དེའི་རྣམ་གཞག་གི་རིམ་པ་གསལ་བོ་ཞིག་གོང་གི་མིའི་ལུས་ཆགས་པའི་རིམ་པ་བསྟན་པ་ཞེས་པའི་སྐབས་ནས་བཤད་ཟིན་པས་འདིར་མི་སྤྲོ། དེ་ལྟར་ཟས་སྐོམ་སྨན་ལ་སོགས་པ་རྫས་ཐ་དད་པ་གང་ལ་ཡང་ཤས་ཆེ་ཆུང་ཙམ་མ་གཏོགས་འབྱུང་བ་ལྔ་བོ་མ་ཚང་བ་མེད་སྟབས་དེས་ལུས་ཀྱི་འབྱུང་བ་གང་ཡང་ཞེས་རང་རང་གི་ཁམས་དང་མཐུན་པ་རྣམས་ཆ་ཆ་ནས་འཕེལ་ཞིང་རྒྱས་པ་ཡིན་ནོ༎
གཉིས་པ་གནོད་བྱེད་ཉེས་པ། འདིར་གནོད་བྱེད་ཟེར་བ་ནི། ལུས་ཁམས་གསོ་སྐྱོང་དང་། ཚེ་སྲོག་འགུལ་སྐྱོད་ཀྱི་ནུས་པ་སྲུང་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ལ་བཤད་པ་ཡིན། དེས་ནི་གནོད་བྱ་ཁམས་ཀྱི་རིམ་པ་རྣམས་ཆགས་ནས་བཟུང་དེ་དང་ལྷན་སྐྱེས་སུ་གྲུབ་ཅིང་། གཟུགས་གཞི་འཕེལ་རྒྱས་དང་། འཚོ་བ་བརྟན་སྲུང་བྱེད་པའི་ནུས་པ་ཆེན་པོ་ཞིག་འདོན་བཞིན་ཡོད་པ་ཡིན། འོན་ཀྱང་གནོད་བྱེད་ཅེས་མིང་ཆགས་པ་ནི། ནམ་ཞིག་རྐྱེན་དང་འཕྲད་པའི་འབྲས་བུ་ལ་དགོངས་ནས་བཏགས་པའི་མིང་ཞིག་ཡིན་པ་སྟེ། གང་ཞེ་ན། གནས་སྐབས་ཤིག་ལ་གནོད་བྱའི་གྲོགས་སུ་འགྱུར་བའི་སྣང་ཚུལ་འགའ་རེ་མཐོང་ན་ཡང་། རྐྱེན་ཞིག་གིས་རྣམ་པར་གྱུར་ན་ལུས་ཟུངས་དྲི་མ་དང་བཅས་པར་གནོད་ཅིང་འཚེ་བ་དང་། ལུས་སེམས་ལེགས་པར་འཚོ་བའི་བདེ་བ་འཕྲོག་པར་བྱེད་པས་ན་གནོད་བྱེད་ཅེས་བཏགས་པ་ཡིན། དེ་ལྟར་བཤད་པའི་གནོད་བྱེད་དེ་ལའང་གནོད་བྱེད་ཉེས་པའི་དབྱེ་བ་དང་གྲུབ་ཚུལ། ཉེས་པ་གསུམ་ཤས་ཆེ་ཆུང་གིས་ལུས་ཀྱི་རང་བཞིན་གྲུབ་ཚུལ། ཉེས་པ་གསུམ་གྱི་མཚན་ཉིད་དང་བྱེད་ལས་གཉིས་གཅིག་ཏུ་བསྡུས་ནས་བསྟན་པ་དང་གསུམ་མོ༎
༡.གནོད་བྱེད་ཉེས་པའི་དབྱེ་བ་དང་གྲུབ་ཚུལ། གནོད་བྱེད་ཉེས་པའི་དབྱེ་བ་ལ་གཙོ་ཆེ་བའི་དབང་དུ་བྱས་ན་རྒྱུ་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་ལས་རིམ་པར་འབྲས་བུ་རླུང་། མཁྲིས། བད་ཀན་གསུམ་འབྱུང་བ་ཡིན་མོད། འོན་ཀྱང་ཉེས་གསུམ་སོ་སོའི་ནང་ལའང་བྱེད་ལས་ཐ་དད་པ་དང་། གནས་ཡུལ་སོགས་ཀྱི་ཁྱད་པར་ལས་རླུང་ལ་དབྱེ་ན་སྲོག་འཛིན་དང་། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་བཅས་ལྔ་དང་། མཁྲིས་པ་ལ་འཇུ་བྱེད་དང་། མདངས་སྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་བཅས་ལྔ་དང་། དེ་བཞིན་དུ་བད་ཀན་ལ་རྟེན་བྱེད་དང་། མྱག་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་བཅས་ལྔ་སྟེ། ལྔ་གསུམ་བཅོ་ལྔའི་གྲངས་སུ་དབྱེ་བའོ༎
དེ་སྐད་བཤད་པའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་རང་རང་གི་གནས་ས་དང་། ལྡང་ཚད་སོགས་ལས་རྣམ་པ་གཞན་དུ་མ་གྱུར་པར་རང་རང་གི་གནས་སུ་ཚད་གཞི་དང་མཐུན་པར་རྒྱུན་ལྡན་དུ་གནས་པར་གྱུར་ན། གཟུགས་གཞི་འདི་ཉིད་ནད་མེད་བདེ་བར་གནས་ཤིང་ཁམས་འཚོ་བ་དང་། ཚེ་སྲོག་འགུལ་སྐྱོད་ཀྱི་བྱ་བ་ལ་གྲོགས་བྱེད་ཅིང་སྲུང་སྐྱོབ་བྱེད་པ་ཡིན། གལ་ཏེ་ཉེས་པ་སོ་སོའི་གནས་ས་དང་ལྡང་ཚད་སོགས་ལས་རྣམ་པར་གྱུར་ན་མི་མཐུན་པའི་ལས་བྱེད་པ་ཡིན་པས། ལོག་པའི་ལས་ཞེས་ནད་དུ་གྱུར་ནས་ལུས་ཟུངས་དྲི་མ་དང་བཅས་པའི་གནོད་བྱ་རྣམས་གཟིར་ཞིང་འཚེ་བར་བརྟེན་མཐར་ལུས་ཀྱང་འཇོམས་པར་འགྱུར་བ་ཡིན་ནོ༎
ད་ལྟ་འདིར་བཤད་པའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་མིའི་ལུས་ལ་གང་ནས་བྱུང་ངམ་གང་ལྟར་གྲུབ་ཅེས་སྙམ་ན། སྤྱིར་ལུས་ཟུངས་སོ་སོའི་ཁམས་ལ་རླུང་མཁྲིས་བད་ཀན་གྱི་ཆ་ཤས་ཕྲ་མོས་མ་ཁྱབ་པ་མེད་ལ། དེས་ན་ཕ་ཡི་ཁུ་བ་དང་། མ་ཡི་ཁམས་དམར་གཉིས་ལའང་ཉེས་པ་གསུམ་གྱི་ཆ་ཤས་ཕྲ་མོ་རེ་གནས་དགོས་པ་ཡིན། རྒྱུའི་ས་བོན་དེ་གཉིས་ཚོགས་པ་ཉིད་ནས་བར་དོའི་རྣམ་ཤེས་ཀྱང་ལས་ཉོན་གྱི་དབང་གིས་ཕྲལ་དུ་མངལ་ལ་འཇུག་པར་བྱེད་ཅིང་། ལས་ཉོན་རྣམ་ཤེས་གསུམ་པོ་གཅིག་ཏུ་ཚོགས་པ་དེ་ལ་མའི་ལུས་ཀྱི་འབྱུང་བ་ལྔ་དང་། ལས་རླུང་ཕྲ་མོ་སོགས་ཀྱི་བྱེད་ལས་ལ་བརྟེན་ནས་སྦྲུམ་རྟེན་གྱི་གཞི་ཆགས་པ་ཡིན་པས། དང་བོ་ལས་ཉོན་གྱི་རང་རྒྱུད་ལ་ཡེ་ནས་གྲུབ་པའི་དུག་སུམ་རྒྱུ་འབྲས་དང་བཅས་པ་ལ་ཕ་མའི་ས་བོན་གྱི་རང་རྒྱུད་ལ་གནས་པའི་ཉེས་གསུམ་གྱི་ཆ་ཤས་ཕྲ་མོ་རྣམས་ཀྱང་རང་རང་གི་རིགས་སུ་ཕན་ཚུན་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་འདྲེས་ཏེ་ཉེ་རྒྱུ་རླུང་མཁྲིས་བད་ཀན་གྱི་ཐ་སྙད་ཙམ་བྱུང་བ་མ་ཟད། མའི་ལུས་ཀྱི་འབྱུང་བ་ལྔའི་ཡོན་ཏན་ཕྲ་མོ་རྣམས་ཀྱིས་ཀྱང་རང་དང་ཆོས་མཚུངས་ཀྱི་སྦྲུམ་རྟེན་ཉེས་པའི་ཆ་རྣམས་རེ་རེ་ནས་འཚོ་ཞིང་སྐྱེད་པར་བྱེད་པས་ན། མཐར་དབྱེ་བ་བཅོ་ལྔ་དང་མཚན་ཉིད་ཉི་ཤུའི་རྣམ་པ་ཅན་གྱི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་དུ་སྨིན་པའོ༎
༢. ཉེས་པ་གསུམ་ཤས་ཆེ་ཆུང་གིས་ལུས་ཀྱི་རང་བཞིན་གྲུབ་ཚུལ། སྤྱིར་ན་མིའི་ལུས་ཀྱི་ཕུང་བོ་འདི་ཉིད་ཉེས་པ་གསུམ་པོའི་བྱེད་ལས་ཐུན་མོང་གིས་གྲུབ་པ་ཞིག་ཡིན་རུང་། ལུས་ཁམས་ཀྱི་རང་བཞིན་དང་། དབྱིབས་ཁ་དོག་སོགས་ལ་གཅིག་མཚུངས་མིན་པའི་མངོན་ཚུལ་དུ་མ་ཞིག་འབྱུང་བཞིན་འདུག་ལ། དེའི་རྒྱུ་མཚན་ཡང་། ཐོག་མར་ལུས་ཆགས་པའི་རྒྱུའི་གཙོ་བོ་ཁུ་ཁྲག་སེམས་གསུམ་ལ་རང་ཆས་སུ་མཆིས་པའི་ཉེས་པ་གསུམ་པོར་ཤས་ཆེ་ཆུང་མ་སྙོམས་པ་དང་། མའི་ལུས་ཀྱི་རླུང་མཁྲིས་བད་ཀན་གྱི་བྱེད་ལས་ལའང་ཆ་མ་སྙོམས་པ། ལུས་ཁམས་འདི་ཉིད་མའི་མངལ་དུ་སྦྲུམ་པའི་བར་རྣམས་སུ་མའི་ཟས་སྐོམ་དང་། སྤྱོད་ལམ་སོགས་ཀྱི་རྐྱེན་གྱིས་སྦྲུམ་རྟེན་བུའི་ཉེས་པ་གསུམ་དང་། ལུས་པོའི་འཕེལ་ཚུལ་སོགས་ཀྱི་སྐྱེ་ལུགས་ལ་འགྱུར་ལྡོག་མང་བོ་ཞིག་འབྱུང་སྲིད་པ་ཡིན་པས། འདིར་རགས་ཙམ་དབྱེ་ན་ལུས་ཀྱི་རང་བཞིན་མི་འདྲ་བ་བདུན་དུ་གནས་པ་ཡིན་ནོ༎
དེ་ཡང་ཁུ་ཁྲག་སེམས་གསུམ་གྱི་རྒྱུའི་ས་བོན་ལ་རླུང་གི་ཤས་ཆེ་བ་དང་། མའི་ལུས་ཀྱི་ཉེས་པ་ལ་རླུང་གི་སྟོབས་ཆེ་བ། ཡང་ན། མའི་ཟས་སྤྱོད་ཡང་ལ་རྩུབ་པའི་རིགས་བསྟེན་དྲགས་པ་སོགས་ལས་སྐྱེས་པའི་མི་རྣམས་ནི་རླུང་གི་རང་བཞིན་ཅན་དང་། དེ་བཞིན་ཁུ་ཁྲག་སེམས་གསུམ་གྱི་རྒྱུའི་ས་བོན་ལ་མཁྲིས་པའི་ཤས་ཆེ་བ་དང་། མའི་ལུས་ཁམས་ཀྱི་ཉེས་པ་ལ་མཁྲིས་པའི་སྟོབས་ཆེ་བ། གཞན་ཡང་མའི་ཟས་སྤྱོད་རྣོ་ཞིང་ཚ་བའི་རིགས་བསྟེན་དྲགས་པ་སོགས་ལས་སྐྱེས་པའི་མི་རྣམས་ནི་མཁྲིས་པའི་རང་བཞིན་ཅན་གྱི་མི་དང་། ཡང་ཁུ་ཁྲག་སེམས་གསུམ་གྱི་རྒྱུའི་ས་བོན་ལ་བད་ཀན་གྱི་ཤས་ཆེ་བ་དང་། མའི་ལུས་ཁམས་ཀྱི་ཉེས་པ་ལ་བད་ཀན་གྱི་སྟོབས་ཆེ་བ། དེ་མིན་མའི་ཟས་སྤྱོད་ལྕི་ལ་སྣུམ་པའི་རིགས་སོགས་བསྟེན་དྲགས་པ་ལས་སྐྱེས་པའི་མི་རྣམས་ནི་བད་ཀན་གྱི་རང་བཞིན་ཅན་གྱི་མི་ཡིན་པ་སྟེ་རྐྱང་བ་གསུམ་དང་། དེ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་བྱེད་ལས་རྣམས་གཉིས་འདྲེས་ཏེ་བྱེད་ལས་ཀྱི་རིགས་གཉིས་ཙམ་མཉམ་པར་གནས་པ་ཤས་ཆེ་ཞིང་། དེ་དག་གིས་སྐྱེད་པའི་མི་རྣམས་ནི་ལྡན་པའི་རང་བཞིན་ཅན་གྱི་མི་ཡིན་ཏེ། དེ་ནི་རླུང་མཁྲིས་གཉིས་ཀྱི་རང་བཞིན་ཅན་དང་། བད་མཁྲིས་གཉིས་ཀྱི་རང་བཞིན་ཅན། བད་རླུང་གཉིས་ཀྱི་རང་བཞིན་ཅན་ཏེ་ལྡན་པ་གསུམ་དང་། དེ་བཞིན་དུ་གོང་གི་རྐྱང་བ་གསུམ་པོའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་བྱེད་ལས་རྣམས་ཀྱིས་ཆ་མཉམ་པར་སྐྱེད་པའི་མི་རྣམས་ནི་འདུས་པའི་རང་བཞིན་ཅན་གྱི་མི་ཡིན་པ་སྟེ་དབྱེ་བ་བདུན་ནོ༎
གཞན་ཡང་འདིར་བཤད་ལུས་ཀྱི་རང་བཞིན་གང་ཡིན་ལ་མ་ལྟོས་པར་མྱག་བཞུ་དྭངས་སྙིགས་འབྱེད་པའི་ཕོ་བའི་མེ་དྲོད་ལའང་རང་བཞིན་གྱི་དབྱེ་བ་བཞིར་ཕྱེ་བ་ཡིན་ཏེ། གང་ལྟར་ཞེ་ན། མེ་དྲོད་རྣམ་གསུམ་གྱི་ཟས་སྐོམ་སོགས་འཇུ་བའི་ནུས་སྟོབས་དེ་སྐབས་རེར་ཆེ་བ་དང་། སྐབས་རེར་ཆུང་བར་འགྱུར་བ་ནི་མི་སྙོམས་པ་སྟེ། དེ་ནི་མེ་མཉམ་རླུང་གི་བྱེད་ལས་ཤས་ཆེ་བ་ཡིན་པས། རླུང་གི་རང་བཞིན་ཅན་གྱི་ཕོ་བའི་མེ་དྲོད་ཟེར་བ་དང་། དེ་བཞིན་མེ་དྲོད་རྣམ་གསུམ་གྱི་ཟས་སྐོམ་འཇུ་བའི་ནུས་པ་སྟོབས་ཆེ་ལ་རྣོ་བ་སྟེ། དེ་ནི་མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཤས་ཆེ་བ་ཡིན་པས། མཁྲིས་པའི་རང་བཞིན་ཅན་གྱི་ཕོ་བའི་མེ་དྲོད་ཟེར་བ་དང་། དེ་ལྟར་ཕོ་བའི་མེ་དྲོད་ཀྱི་ཟས་སྐོམ་འཇུ་བའི་ནུས་སྟོབས་ཆུང་ཞིང་ཞན་པ་སྟེ། དེ་ནི་བད་ཀན་མྱག་བྱེད་ཀྱི་བྱེད་ལས་ཤས་ཆེ་བ་ཡིན་པས། བད་ཀན་གྱི་རང་བཞིན་ཅན་གྱི་ཕོ་བའི་མེ་དྲོད་ཟེར་བ་དང་། མེ་དྲོད་རྣམ་གསུམ་གྱི་ཟས་སྐོམ་སོགས་འཇུ་བའི་ནུས་སྟོབས་དེ་ཆེ་ཆུང་བར་མར་འགྱུར་བས་མཉམ་པ་སྟེ། དེ་ནི་མེ་དྲོད་གསུམ་གའི་བྱེད་ལས་ཆ་མཉམ་དུ་ཚོགས་པ་ཡིན་པས། འདུས་པའི་རང་བཞིན་ཅན་གྱི་ཕོ་བའི་མེ་དྲོད་ཟེར་བ་དང་བཞིའོ༎
དེ་མིན་ཕོ་ལོང་རྒྱུ་མ་སོགས་ཀྱི་སྣོད་རྣམས་ལའང་ལྟོ་བ་ཞེས་རང་བཞིན་གསུམ་དུ་ཕྱེ་བ་ཡིན་ཏེ། གང་ལགས་ཤེ་ན། ཟས་སྐོམ་འཁྲུ་སྨན་གང་གིས་ཀྱང་འཁྲུ་དཀའ་བའམ་མི་ནུས་པས་སྲ་བ་ལ་རླུང་གི་རང་བཞིན་ཅན་གྱི་ལྟོ་བ་ཟེར་བ་དང་། དེ་བཞིན་ཟས་སྐོམ་ཤིན་ཏུ་འཇུ་སླ་བའི་རིགས་ཅུང་ཟད་ཙམ་གྱིས་ཀྱང་མྱུར་དུ་འཁྲུ་བས་སྙི་བ་སྟེ་མཁྲིས་པའི་རང་བཞིན་ཅན་གྱི་ལྟོ་བ་ཟེར་བ་དང་། དེ་ལྟར་ཟས་སྐོམ་རྣོ་རྟུལ་རན་པ་དང་། མང་ཉུང་རན་པ་ཙམ་གྱིས་འཁྲུ་ཐུབ་པ་ཙམ་ཡིན་པས་སྲ་སྙི་བར་མ་སྟེ་བད་ཀན་གྱི་རང་བཞིན་ཅན་གྱི་ལྟོ་བ་ཟེར་བ་དང་གསུམ་མོ༎
༣. ཉེས་པ་གསུམ་གྱི་མཚན་ཉིད་དང་བྱེད་ལས། དེ་ལ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་བོ་སྤྱིར་བཤད་པ་ནི། ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་མཚན་ཉིད་ཀྱི་ཆ་དང་། དེའི་བྱེད་ལས་ཀྱི་ནུས་པ་མཐའ་དག་ལུས་ཁམས་འདི་ཉིད་ཀྱི་སྟོད་སྨད་ཀུན་ལ་ཁྱབ་ཅིང་གནས་པ་དང་། ཉེས་པ་དེ་དག་ལ་བརྟེན་ནས་ལུས་ཁམས་འགུལ་སྐྱོད་དང་། ལུས་དྲོད་སྲུང་འཛིན། ཟས་སྐོམ་མྱག་བཞུ་སོགས་གཟུགས་གཞི་འདི་ཉིད་སྐྱེ་གནས་འཇིག་གསུམ་གྱི་བྱ་བ་ཕྲ་རགས་ཐམས་ཅད་དེར་རག་ལས་པ་ཡིན་ནོ༎
གཉིས་པ་བྱེ་བྲག་ཏུ་བཤད་པ་ལས། དང་བོ་ཉེས་པ་རླུང་གི་མཚན་ཉིད་ཀྱི་ཟུར་ལ། ཡང་བ་དང་། རྩུབ་པ། གཡོ་བ། ཕྲ་བ། གྲང་བ། སྲ་བ་བཅས་ཁྱད་ཆོས་དྲུག་དང་ལྡན་པ་དེ་དཔྱི་དང་སྐེད་པ་སོགས་སྨད་ན་གནས་པ་ཤས་ཆེ་ཡང་། གཙོ་བོ་ཀླད་པ་དང་། རྒྱུངས་གཞུང་དབང་རྩ། སྙིང་ཁམས། ཤ་སྒྲིམ། རུས་པ་སོགས་ལ་རྒྱུ་ཞིང་། དེར་བརྟེན་ནས་ལུས་ཁམས་འགུལ་སྐྱོད་དང་། བཟའ་བཏུང་འཁྱུར་མིད། བཤང་གཅི་བཀག་གཏོང་། འདོད་པའི་ཆགས་པ་སྐྱེ་བ། ཁྲག་གི་འཁོར་སྐྱོད་བཅས་དང་། ད་དུང་དབུགས་འབྱིན་རྔུབ་དང་། ངག་གི་སྨྲ་བརྗོད། ལུས་ཤུགས་འདོན་པ་སོགས་གལ་ཆེའི་བྱེད་ལས་མང་བོ་ཞིག་འདོན་སྤེལ་བྱེད་པའོ༎
དཔེར་ན། དཔལ་ལྡན་རྒྱུད་ཀྱི་དགོངས་པ་ལྟར། མཚན་ཉིད་ཡང་གཡོ་ཕྲ་བ་སོགས་གཙོ་ཆེ་བའི་རླུང་སྲོག་འཛིན་ཞེས་པ་དེ་གཙོ་བོ་སྤྱི་བོ་སྟེ་དོན་དངོས་ལ་ཀླད་གཞུང་དུ་གནས་པར་བྱས་ཏེ་གྲེ་བ་དང་བྲང་གཞུང་སོགས་ཀྱི་དབང་རྩའི་རྒྱུད་རྣམས་སུ་རྒྱུ་བར་བྱས་ནས་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ། མཆིལ་མ་འདོར་བ། ཧབ་སྦྲིད་དང་སྒྲེག་པ་རྒྱག་པ། ཤེས་རབ་ཀྱི་བློ་རྩེ་རྣོ་ཞིང་མིག་སོགས་དབང་བོ་ལྔའི་ཚོར་ཤེས་རང་བཞིན་གསལ་བར་བྱེད་པ་དང་། ཀླད་པའི་ཚོར་ཤེས་བྱིན་གཏོང་གི་གནས་ཚུལ་སྙོམས་སྒྲིག་དང་ཀླད་དབང་སྲུང་འཛིན་སོགས་ཀྱི་ནུས་པ་འདོན་པ་ཡིན། དེ་བཞིན་དུ་ཡང་བ། ཕྲ་བ། སྲ་བ་སོགས་ཀྱི་མཚན་ཉིད་གཙོ་ཆེ་བའི་གྱེན་རྒྱུའི་རླུང་ཟེར་བ་དེ་གཙོ་བོ་བྲང་གཞུང་དུ་གནས་ཏེ་སྣའི་དབང་བོ་དང་། ལྕེ། ལྐོག་མ་སོགས་ཀྱི་དབང་རྩའི་རྒྱུད་རྣམས་སུ་རྒྱུ་ཞིང་སྨྲ་བརྗོད་ཚིག་གི་གདངས་འབྱིན་པ་དང་། ལུས་ལ་རྩོལ་ཤུགས་ཀྱི་ནུས་པ་སྐྱེད་པ་དང་། བློའི་དྲན་ཤེས་ཀྱི་དབང་བོར་གསལ་ཆ་འདོན་པ། གཞན་ཡང་ལུས་སྟོབས་དང་གཟི་མདངས་བཅས་རྒྱས་པར་བྱེད་པ་སོགས་ཀྱི་གལ་ཆེའི་ནུས་པ་དུ་མ་ཞིག་འདོན་པའོ༎
ཡང་མཚན་ཉིད་ཀྱི་ཟུར་ཡང་གཡོ་ཕྲ་བ་སོགས་ཀྱི་ཆ་གཙོ་ཆེ་བའི་རླུང་ཁྱབ་བྱེད་ཟེར་བ་དེ་གཙོ་བོ་སྙིང་ཁམས་ལ་གནས་ཏེ་ལུས་ཀྱི་རྩའི་ཡལ་ཕྲན་མཐའ་དག་ལ་རྒྱུ་བར་བྱས་ནས་ཡན་ལག་གི་བརྐྱང་བསྐུམ་དང་། ཁྲག་རྒྱུན་འཁོར་རྒྱུག འཚོ་བཅུད་དྭངས་མ་ལུས་ཟུངས་སོ་སོར་སྐྱེར་འདྲེན་བྱེད་པ་མ་ཟད། ད་དུང་གློ་བ་སོགས་དབུགས་ལམ་དག་ནས་བརྒྱུད་པའི་གསོ་རླུང་དྭངས་མ་སོགས་ཀྱང་འཁོར་སྐྱོད་ལམ་དུ་གཞུག་པ་དང་། ཚེ་སྲོག་དང་ལུས་པོའི་འགུལ་བསྐྱོད་ཀྱི་བྱ་བ་ཕལ་ཆེ་བའི་ནུས་པ་མཁོ་འདོན་བྱེད་པ་ཡིན་ནོ༎
དེ་ལྟར་མཚན་ཉིད་ཀྱི་ཟུར་ཡང་རྩུབ་ཕྲ་བ་སོགས་ཀྱི་ཆ་གཙོ་ཆེ་བའི་རླུང་མེ་མཉམ་ཟེར་བ་དེ་གཙོ་བོ་ཕོ་བ་ལ་གནས་ནས་རྒྱུ་མ་ལོང་ལ་སོགས་པ་ནང་ཁྲོལ་གྱི་རྩ་རྒྱུད་ཀུན་ཏུ་འགྲོ་ཞིང་། ཟས་སྐོམ་ལ་འཇུ་རྩི་ཟགས་ཐོན་དང་མྱག་བཞུ་དྭངས་སྙིགས་འབྱེད་པ་མ་ཟད། སྤུས་ཚད་གང་ལེགས་ཀྱི་དྭངས་མ་སྨིན་པར་བྱས་ཏེ་ལུས་ཟུངས་ཀྱི་རིམ་པ་དང་། གཟུགས་གཞི་རྒྱས་ཤིང་སྨིན་པར་བྱེད་པ་སོགས་ཀྱི་ནུས་པ་ཆེས་ཆེར་འདོན་བཞིན་ཡོད་དོ༎
མཚན་ཉིད་ཀྱི་ཟུར་ཡང་གཡོ་གྲང་བ་ཕྲ་བ་སོགས་གཙོ་ཆེ་བའི་རླུང་ཐུར་སེལ་ཟེར་བ་དེ་གཙོ་བོ་གཞང་དང་གཉེ་མ་སོགས་ལ་གནས་ཏེ་ལོང་དང་། ལྒང་བའི་སྦུབས་ལམ་ཁག གསང་བ། བརླ་སོགས་ཀྱི་རྩའི་རྒྱུད་ཀུན་ཏུ་རྒྱུ་ཞིང་། ཁུ་ཁྲག་དང་བཤང་གཅི་རྣམས་འབྱིན་སྡོམ་བྱེད་པ་མ་ཟད། བུད་མེད་ཡིན་ན་མངལ་སྦྲུམ་པ་དང་། ཕྲུ་གུ་སྨིན་པའི་བར་དུ་འཛིན་ཞིང་སྨིན་རྗེས་བཙའ་བ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པའོ༎
གཉིས་པ་ཉེས་པ་མཁྲིས་པའི་མཚན་ཉིད་ཀྱི་ཟུར་སྣུམ་པ་དང་། རྣོ་བ། ཚ་བ། ཡང་བ། དྲི་མནམ་པ། འཁྲུ་བ། གཤེར་བ་བཅས་ཁྱད་ཆོས་བདུན་དང་ལྡན་པ་དེ་མཆིན་པ་དང་མཁྲིས་པ་སོགས་བར་ན་གནས་པ་ཤས་ཆེ་ཞིང་། གཙོ་བོ་རྒྱུ་མ་དང་། མཆིན་པ། མཁྲིས་པ། ཁྲག་ལ་སོགས་པར་རྒྱུ་ཞིང་། དེར་བརྟེན་ནས་ལུས་ཁམས་ཀུན་ལ་འཁོར་རྒྱུག་གི་ལམ་ནས་ཟུངས་ཁྲག་རྒྱུ་བར་བྱས་ཏེ་ལུས་ཁམས་དྲོད་ཀྱི་རང་བཞིན་དང་། ཕོ་བའི་མེ་དང་བཅས་གསོ་ཞིང་འཇུ་བྱེད་ཀྱི་ནུས་སྟོབས་རྒྱས་པར་བྱེད་པ། ལྟོགས་སྐོམ་གྱི་ཚོར་བ་མྱོང་བར་བྱེད་པ་དང་། བཟའ་བཏུང་དང་དུ་ལེན་པ། དྭངས་མ་སོགས་རང་རང་གི་གནས་སུ་འདྲེན་པ་དང་། གསར་རྙིང་གི་དངོས་པོ་རྣམས་བརྗེ་ལེན་བྱེད་པ། པགས་པའི་མདོག་གསལ་ཞིང་མདངས་རྒྱས་པར་བྱེད་པ་མ་ཟད། ད་དུང་བློ་སྟོབས་དང་སྙིང་སྟོབས་སོགས་སྐྱེད་པར་བྱེད་པའི་ནུས་པ་ཁྱད་པར་བ་འདོན་སྤེལ་བྱེད་པ་ཡིན་ནོ༎
དེ་ལ་ཡང་མཁྲིས་པའི་མཚན་ཉིད་ཀྱི་ཟུར་ཚ་བ་དང་། རྣོ་བ། གཤེར་བ་སོགས་གཙོ་ཆེ་བའི་མཁྲིས་པ་འཇུ་བྱེད་ཟེར་བ་དེ་གཙོ་བོ་ཞུ་མ་ཞུའི་བར་ཞེས་སྣོད་རྒྱུ་མའི་རྒྱུད་དང་། གཞན་མཆིན་པ་དང་སྣོད་མཁྲིས་པ་དག་ལ་གནས་ཤིང་། མཆིན་མཁྲིས་ཀྱི་རྩ་ལམ་དེ་རྒྱུ་སོར་བཅུ་གཉིས་དང་འབྲེལ་ནས་ཟས་སྐོམ་འཇུ་བའི་འཇུ་རྩི་ཟགས་ཐོན་བྱེད་པ་དང་ཆབས་ཅིག་ཏུ་ཟས་སྐོམ་རྣམས་ཞུ་བར་བྱེད་ཅིང་དྭངས་སྙིགས་འབྱེད་བདེ་བར་བྱས། མེ་དྲོད་ཀྱི་ཆ་ཤས་ཐམས་ཅད་སྐྱེད་ཅིང་ལུས་ཟུངས་སོ་སོ་སྨིན་པར་བྱེད་པ་མ་ཟད། མདངས་སྒྱུར་སོགས་མཁྲིས་པ་གཞན་བཞི་ལ་གྲོགས་དང་སྟོབས་སྐྱེད་པའི་ནུས་པ་འདོན་པ་ཡིན་ནོ༎
དེ་བཞིན་དུ་མཚན་ཉིད་ཀྱི་ཟུར་ཚ་བ་དང་། སྣུམ་པ། དྲི་མནམ་པ་སོགས་ཀྱི་ཁྱད་ཆོས་གཙོ་ཆེ་བའི་མཁྲིས་པ་མདངས་སྒྱུར་ཟེར་བ་དེ་གཙོ་བོ་མཆིན་པའི་ཡུལ་ལ་གནས་ཏེ་ཟས་སྐོམ་བཅུད་ཀྱི་དྭངས་མ་ལ་ལས་སྣོན་བྱས་ཏེ་ཁྲག་ལ་སོང་ཞིང་མདོག་དམར་བོར་བསྒྱུར་བ་དང་། སྣོད་མཁྲིས་པ་སེར་བོར་བསྒྱུར་བ། དེ་ལྟར་ལུས་ཟུངས་དྲི་མ་ཀུན་གྱི་ཁ་དོག་སོ་སོར་བསྒྱུར་བའི་ནུས་པ་འདོན་པ་ཡིན། ཡང་མཚན་ཉིད་ཀྱི་ཟུར་རྣོ་བ། ཡང་བ། ཚ་བ་སོགས་ཀྱི་ཁྱད་ཆོས་གཙོ་ཆེ་བའི་མཁྲིས་པ་སྒྲུབ་བྱེད་ཟེར་བ་དེ་གཙོ་བོ་སྙིང་དང་སྲོག་རྩའི་དབང་བོར་གནས་ནས། ང་རྒྱལ་དྲེགས་པའི་སྣང་བ་སྐྱེ་ཞིང་། གཞུང་དྲང་ལ་ཁོག་རྒྱ་ཡངས་པ་དང་། བློ་གྲོས་ཀྱི་འཇུག་པ་མྱུར་ཞིང་བློ་རྩེ་རྣོ་ལ་བློ་བརྟན་པ་བཅས་དང་། གཞན་ཡང་ཡིད་དུ་འོང་བའི་འདོད་དོན་ཅི་རིགས་མཐའ་དག་འབད་པས་སྒྲུབ་ཏུ་འཇུག་པ་དང་། བརྩོན་འགྲུས་ཀྱི་ཤུགས་སྐྱེད་པ་སོགས་ཀྱི་ནུས་པ་འདོན་པ་རེད། དེ་ལྟར་མཁྲིས་པའི་མཚན་ཉིད་ཀྱི་ཟུར་རྣོ་བ། གཤེར་བ། སྣུམ་པ་སོགས་གཙོ་ཆེ་པའི་མཁྲིས་པ་མཐོང་བྱེད་ཅེས་པ་གཙོ་བོ་མིག་ཟུང་གི་དབང་རྟེན་དག་ལ་གནས་ཤིང་། ལས་ནི་ཕྱི་རོལ་ཡུལ་གྱི་དངོས་པོའི་གཟུགས་དབྱིབས་ཁ་དོག་དང་བཅས་པ་རྣམས་དང་། དེ་དག་གི་འགྱུར་ལྡོག་དང་འགུལ་སྐྱོད་ཀྱི་རྣམ་འགྱུར་སོགས་མཐོང་བར་བྱེད་པ། མདོར་ན་གཟུགས་སྤྱི་བྱེ་བྲག་དང་བཅས་པ་ཐམས་ཅད་སོ་སོ་ནས་གསལ་ཞིང་ཚོར་བ་བྱེད་པའི་ནུས་པ་འདོན་བཞིན་ཡོད། དེ་བཞིན་མཁྲིས་པའི་མཚན་ཉིད་ཀྱི་ཟུར་སྣུམ་པ། གཤེར་བ། དྲི་མནམ་པ་སོགས་གཙོ་ཆེ་བའི་མཁྲིས་པ་མདོག་གསལ་ཟེར་བ་དེ་གཙོ་བོ་ལུས་ཀྱི་པགས་པའི་ཁྱོན་ཡོངས་ལ་གནས་ཏེ་བྱེད་ལས་ནི། པགས་པ་འཇམ་ལ་མཉེན་པོར་ཆགས་པ་དང་། མདོག་དཀར་ལ་དམར་བའི་ཉམས་དང་བཅས་ཏེ་བཀྲག་མདངས་གསལ་བར་བྱེད་པ་མ་ཟད། ད་དུང་ལུས་ཀྱི་དྲི་མ་ཁ་ཤས་(རྔུལ་ཆུ་དང་། པགས་ཤུ། བ་སྤུ་ལྟ་བུ་)ཕྱིར་འདོར་ཞིང་རེག་བྱ་ཚོར་བ་དང་། ལུས་དྲོད་སྙོམས་སྒྲིག་བྱེད་པ་སོགས་ལ་ནུས་པ་ངེས་ཅན་ཞིག་འདོན་ཐུབ་པའོ༎
གསུམ་པ་ཉེས་པ་བད་ཀན་གྱི་མཚན་ཉིད་ཀྱི་ཟུར་སྣུམ་པ་དང་། བསིལ་བ། ལྕི་བ། རྟུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་བཅས་ཁྱད་ཆོས་བདུན་དང་ལྡན་པ་དེ་ཀླད་པ་དང་རྒྱུངས་གཞུང་སོགས་ལུས་ཀྱི་སྟོད་ན་གནས་པ་ཤས་ཆེ་ཡང་གཙོ་བོ་ལྕེ་འོག་མཆིལ་མའི་གཤེར་རྨེན་དང་། ཕོ་མཚེར། གཤེར་མ། མཁལ་ལྒང་སོགས་ལ་རྒྱུ་ཞིང་། དེར་བརྟེན་ནས་ཟས་སྐོམ་མྱག་བཞུ་བྱེད་པའི་སྣོད་ཀྱི་འགུལ་ཤུགས་དང་། གཤེར་མའི་ཟགས་ཆུ་བཅས་མཁོ་འདོན་བྱེད་ཅིང་། ལུས་པོའི་ཆུ་ཁམས་ཀྱི་གཤེར་གཟུགས་མཁོ་སྤྲོད་དང་། ལྕེ་ལ་སོགས་པ་དབང་ལྔའི་ཚོར་ཤེས་ནུས་པ་སྲུང་འཛིན་བྱེད་པ་མ་ཟད། ད་དུང་ལུས་ཤ་རྒྱས་ཤིང་བློ་སེམས་བརྟན་པ་དང་། གཉིད་ལོག་པ་སོགས་ཀྱི་ནུས་པ་འདོན་གྱི་ཡོད་པ་རེད། དེ་ལ་ཡང་བད་ཀན་མཚན་ཉིད་ཀྱི་ཟུར་བསིལ་བ། ལྕི་བ། འབྱར་བག་ཅན་སོགས་ཀྱི་ཁྱད་ཆོས་ཤས་ཆེ་བའི་བད་ཀན་རྟེན་བྱེད་ཟེར་བ་དེ་གཙོ་བོ་བྲང་རུས་དང་བྲང་ལྡེབས་ཕྱི་ནང་བཅས་ལ་གནས་ནས་སྣ་ལྕེ་མཁལ་མ་སོགས་འབྲེལ་ཡོད་དབང་བོ་དག་ལ་རྒྱུ་ཞིང་། བྱེད་ལས་ནི་བད་ཀན་ལྷག་མ་གཞན་བཞི་བོར་སྟོབས་སྐྱེད་པའི་རྟེན་བྱེད་ཅིང་། ལུས་པོའི་ཁྱོན་ལ་རླན་གཤེར་ཆུའི་ཁམས་མཁོ་འདོན་གྱི་བྱ་བ་གཙོ་བོར་བྱེད་པ་སོགས་ཀྱི་ནུས་པ་འདོན་པ་ཡིན། གཞན་བད་ཀན་མཚན་ཉིད་ཀྱི་ཟུར་སྣུམ་པ། རྟུལ་བ། འབྱར་བག་ཅན་སོགས་ཀྱི་ཁྱད་ཆོས་གཙོ་ཆེ་བའི་བད་ཀན་མྱག་བྱེད་ཟེར་བ་དེ་གཙོ་བོ་ཟས་མ་ཞུ་བའི་མཚམས་ཞེས་ཕོ་བ་ལ་གནས་ཤིང་། མཆིལ་མའི་ཟགས་ཆུ་དང་ཕོ་བའི་ཟགས་ཆུ་སོགས་མཁོ་སྤྲོད་བྱས་ཏེ་བསྟེན་བྱའི་ཟས་སྐོམ་མཐའ་དག་ཞིབ་མོར་མྱག་ཅིང་འདྲུལ་དུ་བཅུག་རྗེས་རྒྱུ་སོར་བཅུ་གཉིས་སོགས་ཞུ་བའི་ལམ་གྱི་སྒོ་ཕྱེས་ཏེ་འགྲོ་རུ་འཇུག་པ་ཡིན། དེ་ལྟར་བད་ཀན་མཚན་ཉིད་ཀྱི་ཟུར་བསིལ་བ། འཇམ་པ། བརྟན་པ་སོགས་ཀྱི་ཁྱད་ཆོས་གཙོ་ཆེ་བའི་བད་ཀན་མྱོང་བྱེད་ཅེས་པ་དེ་གཙོ་བོ་ལྕེའི་དབང་བོའི་དབང་རྟེན་ལ་གནས་ཏེ་རོ་འཛིན་དབང་རྩ་རྣམས་ལ་རྒྱུ་ཞིང་། ལས་ནི་ཟས་སྐོམ་སོགས་ཀྱི་ཁམས་ལ་ཡོད་པའི་མངར་སྐྱུར་ལན་ཚ་སོགས་རྩ་བའི་རོ་དྲུག་དང་། དེའི་དབྱེ་བ་ཕྲ་བ་ཐམས་ཅད་མ་འདྲེས་པར་སོ་སོར་ཚོར་ཞིང་ཉམས་སུ་མྱོང་བ་བཅས་ཀྱི་ནུས་པ་འདོན་པ་ཡིན། ཡང་བད་ཀན་མཚན་ཉིད་ཀྱི་ཟུར་འཇམ་པ། བསིལ་བ། སྣུམ་པ་སོགས་གཙོ་ཆེ་བའི་བད་ཀན་ཚིམ་བྱེད་ཟེར་བ་དེ་གཙོ་བོ་ནམ་ཚོང་ཡན་ཆད་དེ་མགོ་ལ་གནས་ནས་མིག་དང་། རྣ་བ། སྣ་སོགས་ཀྱི་དབང་རྩའི་རྒྱུད་སོ་སོར་རྒྱུ་ཞིང་། ལས་ནི་མིག་སོགས་དབང་བོ་རང་རང་གི་ཡུལ་གཟུགས་སོགས་ལོངས་སུ་སྤྱོད་པར་གྱུར་པའི་ཚེ། རེ་རེ་ནས་གསལ་བོར་མཐོང་ཞིང་ཚོར་ཤེས་དབང་བོ་ཚིམ་པར་བྱེད་པ་སོགས་ཀྱི་ནུས་པ་འདོན་པ་ཡིན། བད་ཀན་མཚན་ཉིད་ཀྱི་ཟུར་འཇམ་པ། བརྟན་པ། འབྱར་བག་ཅན་སོགས་ཀྱི་ཁྱད་ཆོས་གཙོ་ཆེ་བའི་བད་ཀན་འབྱོར་བྱེད་ཟེར་བ་དེ་གཙོ་བོ་ལུས་སྟོད་སྨད་ཀྱི་ལྷུ་ཚིགས་མཐའ་དག་གི་ཚིགས་མཚམས་སུ་གནས་ཤིང་། ལས་ནི་རུས་པའི་དུམ་བུ་རྣམས་ཕན་ཚུན་འབྲེལ་ནས་ཡན་ལག་སོགས་གཅིག་ཏུ་འབྱོར་བ་མ་ཟད། ཚིགས་མཚམས་དེ་དག་རྣམས་ནས་རྐྱང་སྐུམ་བྱེད་པ་དང་། ལུས་ཀྱི་འགུལ་སྐྱོད་སྣ་ཚོགས་བྱེད་པ་ལ་བསྐུལ་འདེད་དང་། འགུལ་སྟངས་དེ་དག་སྲུང་འཛིན་བྱེད་པ་བཅས་ཀྱི་ནུས་པ་འདོན་པའོ༎
དེ་ལྟར་བཤད་པའི་གནོད་བྱ་ཁམས་དང་། གནོད་བྱེད་ཉེས་པ། རྟེན་པ་རྣམ་ཤེས་དང་བཅས་པ་གཅིག་ཏུ་ཚོགས་ཤིང་རང་རང་སོ་སོའི་རྒྱུན་ལྡན་བྱེད་ལས་ཀྱིས་ལུས་ཁམས་གཟུགས་གཞིའི་གནས་ལུགས་དང་མཐུན་པར་འཚོ་བ་སྐྱེད་སྲིང་བྱེད་པ་བཅས་ནི། ནད་མེད་བདེ་ཐང་གི་ལུས་ཉིད་དུ་གྲུབ་པའི་གཞི་རྩ་ཡིན་ནོ༎
 
ལྷ་པ། ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་བོད་ལུགས་སྨན་ཁང་དུ་ཡོན་ཀྲང་གི་འགན་འཛིན་ལས་དོན་སྒྲུབ་བཞིན་ཡོད།

相关热词搜索:

上一篇:༄༅།།རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་བྱུང་བ་མདོ་ཙམ་བརྗོད་པ།
下一篇:最后一页

分享到: