༄༅། །སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ་སོགས་རགས་ཙམ་གླེང་བ།
2016年07月01日   来源:阿坝《藏学研究选编》   

འོད་ཟེར་འཚོ།
ནང་དོན་གནད་བསྡུསདཔྱད་རྩོམ་འདིར་སྒྱུ་རྩལ་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་དམིགས་ནས། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ་དང་ཚད་གཞི། དགེ་མཚན་སོགས་ཀྱི་ཐད་ལ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་དགོངས་པ་དག་གཞིར་བཟུང་བའི་ཐོག  རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་དཔྱད་པ་ཟབ་མོ་གནང་ཡོད།
བརྡ་ཆད་གཙོ་བོལོ་ཙཱ།  སྒྱུ་རྩལ་རྩོམ་རིག
   རྣམ་དཔྱོད་རིག་པའི་གཏེར་བདག་འཇམ་མགོན་བླ་མ་དང་། །འཛམ་གླིང་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ། །གངས་ཅན་འགྲོ་བའི་མིག་གཅིག་ལོ་ཆེན་བེེ་རོ་སོགས། །མཚུངས་མེད་མཁས་མཆོག་དག་གི་ཞབས་པད་སྤྱི་བོས་འདུད། །ཤེས་བྱ་མ་ལུས་མཁྱེན་མཛད་ཡེ་ཤེས་འབར་བའི་སྐུ། །ཕུལ་བྱུང་མཚར་སྡུག་ལང་ཚོའི་དཔལ་སྒེག་འཇམ་པའི་དབྱངས། །འགྲན་བྲལ་བདེ་སྟོང་མཛེས་སྡུག་གཅིག་འདུས་མཚོ་བྱུང་མ། །མ་ལྟར་བརྩེ་བས་བདག་ལ་རྩོམ་པའི་སྤོབས་པ་སྩོལ། །ཅེས་མི་ཕྱེད་དད་པའི་སོར་བཅུ་སྙིང་ཁར་སྦྱར་ནས་བརྗོད་འདོད་ཚིག་གི་འདབ་བརྒྱ་ལྷུག་པོར་གྲོལ་བའི་སྨོན་འདུན་གྱི་མདུན་མ་བསུས་ཏེ་གླེང་བར་བྱ་བ་ནི། སྤྱིར་ཁ་བའི་རྡུལ་མང་བརྩེགས་པའི་རབ་དཀར་ཤེལ་གྱི་ཐེམ་སྐས་དང་མཚུངས་པའི་ས་འཛིན་དག་གིས་ཕྱོགས་བཞིར་སྤྲས་ཤིང་། འདོད་དགུའི་དངོས་གྲུབ་འབྱིན་པའི་ནོར་འཛིན་གྱི་དཀྱིལ་འཁོར་ཡངས་པའི་བསིལ་ལྡན་སཱ་ལའི་ཞིང་མཆོག་སྟེ། བདག་ཅག་ཁ་བ་ཅན་གྱི་ཡུལ་གྲུ་འདིར་འགྲོ་བ་མིའི་རིགས་རྒྱུད་བྱུང་བ་ནས་བཟུང་། ཐུན་མོང་ཡིན་པའི་སྐད་ཆ་དང་། ཀུན་སྤྱོད། ཆོས་ལུགས་དང་གོམས་གཤིས། བཟའ་བཏུང་དང་འདུ་ཤེས་སོགས་རིམ་བཞིན་ཆགས་པ་ཡིན་ལ།  དེ་ཡང་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་འཇམ་མགོན་བླ་མ་དམ་པ་ཐོན་མི་བཀའ་དྲིན་ཅན་གྱིས་བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེའི་སྦྱོར་ཀློག་གི་སྲོལ་བཏོན་པ་ནས་བཟུང་། གྲགས་པའི་བ་དན་དཀར་པོ་འཛམ་གླིང་གི་ཡང་རྩེར་བསྐྱོད་པའི་མཁས་གྲུབ་ལོ་པཎ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་བྱོན་ཞིང་། དེ་དག་གིས་རྒྱལ་བའི་བཀའ་བསྟན་གཙོར་བྱས་པའི་ཆོས་དཔེ་དང་སྨན་གཞུང་། བཟོ་ཚད་དང་སྐར་རྩིས་སོགས་ཀྱི་རིག་གཞུང་། གཞན་ཡང་སྙན་ངག་དང་སྒྲུང་གཏམ། ཟློས་གར་དང་རྟོགས་བརྗོད་སོགས་བོད་སྐད་དུ་བསྒྱུར་བ་དང་གསར་དུ་བརྩམས་པས། དེང་སྐབས་འཛམ་གླིང་རིག་གནས་ཀྱི་དགའ་ཚལ་ཡངས་མོ་འདིར་གཞན་གྲངས་མི་འཇོག་པའི་བཅུ་ཕྲག་རིག་པའི་འདབ་སྟོང་རྣམ་པར་གྲོལ་ཏེ། གླིང་བཞི་གླིང་ཕྲན་ཀུན་གྱི་སྐྱེ་བོ་དག་གིས་ཡིད་སྨོན་གྱི་འགྲམ་ཆུ་ལྡིང་ཞིང་། བསྔག་བརྗོད་ཀྱི་མེ་ཏོག་མཆོད་པའི་གནས་སུ་གྱུར་བ་འདི་ནི་ཡིག་སྒྱུར་གྱི་གསེར་ཟམ་བརྒྱུད་པའི་འབྲས་བུ་རེད་ཅེས་བརྗོད་ཀྱང་འུད་བསྟོད་དུ་མི་འགྱུར་རོ།། དེས་ན་འདིར་སྔོན་བྱོན་ལོ་ཙཱ་བ་དག་གི་གདམས་ངག་གཞིར་བཟུང་ཐོག རང་ཉིད་ཀྱིས་བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་ལ་ཡིག་སྒྱུར་གྱི་བྱ་བར་འབད་ཁུལ་བྱས་པའི་ཉམས་མྱོང་དང་སྦྲགས་ནས། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ་དང་ཚད་གཞི་སོགས་རགས་ཙམ་གླེང་བར་བྱ་སྟེ།
དང་པོ།  སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ།
   དེ་ཡང་མཁས་པའི་དབང་བོ་ཀརྨ་པ་རང་བྱུང་རྡོ་རྗེས། སྦྱང་བརྩོན་བྱེད་པའི་གང་ཟག་གིས་ཐོག་མར་རིག་པ་གང་དུ་འཇུག་བྱའི་གཞུང་དེའི་མིང་དོན་རྣམས་ཁོང་དུ་ཆུད་པར་བྱས་ནས་ད་གཟོད་ལག་ལེན་ལ་ཕྱོགས་ན་ཤིན་ཏུ་འབྲེལ་ཆགས་སོ།། ཞེས་གསུངས་པས། འདིར་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་ཞེས་པའི་མིང་དོན་དེ་དཔྱིས་ཕྱིན་པ་ཞིག་ཁོང་དུ་ཆུད་ཕྱིར་ཡང་ཐོག་མར་ལོ་ཙཱ་ཞེས་པའི་མཚན་ཉིད་ལ་ཅུང་ཙམ་དཔྱད་པའི་དགོས་པ་ཡོད་དེ།
༡. ལོ་ཙཱ་ཞེས་པའི་མཚན་ཉིད་ལ་རགས་ཙམ་དཔྱད་པ།
   སྤྱིར་ལོ་ཙཱ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཏེ་བོད་སྐད་དུ་བསྒྱུར་ན། སྐད་གཉིས་སྨྲ་བ་ཞེས་པའི་དོན་ཡིན་ལ། དེ་ནི་སྐད་དང་ཡི་གེ་མི་གཅིག་པའི་མི་རིགས་སོ་སོའམ་རྒྱལ་ཁབ་སོ་སོའི་བར་དུ་ཕན་ཚུན་བསམ་བློ་བརྗེ་རེས་དང་། གནས་ཚུལ་རྒྱུས་ལོན། ལག་རྩལ་སྤེལ་རེས། རིག་གནས་ཁྱབ་གདལ་སོགས་ཀྱི་ཐད་ལ་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན་པས། འགྲོ་བ་མིའི་རིགས་ལ་སྐད་ཆ་ཡོད་པ་ནས་བཟུང་ལོ་ཙཱ་ཞེས་པའི་བྱེད་སྒོ་དེའང་སྐབས་བསྟུན་གྱིས་དར་བ་ཡིན་སྙམ། ལོ་ཙཱའི་གསེར་ཟམ་བརྒྱུད་ནས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདིའང་ཉིན་བཞིན་གོང་འཕེལ་དང་འཐུས་ཚང་དུ་གྱུར་བ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ཡིན་མོད། འོན་ཀྱང་ལོ་ཙཱ་ཞེས་པའི་ཐ་སྙད་འདིའི་སྒྲ་དོན་གྱི་གོ་བ་ལེན་སྟངས་ལ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ལོ་ཆེན་དག་གིས་བཞེད་ཚུལ་མི་འདྲ་བ་འགའ་རེ་ཡོད་དེ། དཔེར་ན་སྒྲ་རིག་སྨྲ་བས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་སྐད་བརྡ་སྤོར་བ་ལའོ།། ཞེས་དང་། འབྲེལ་འདྲིས་རིག་པ་སྨྲ་བ་དག་གིས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་བརྡ་འཕྲིན་སྤོར་བ་ལའོ།། ཞེས་དང་། བརྡ་རྟགས་རིག་པ་སྨྲ་བས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་བརྡ་རྟགས་སྤོར་བ་ལའོ།། ཞེས་པ། སྒྱུ་རྩལ་རྩོམ་རིག་སྨྲ་བ་དག་གིས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་རྩོམ་ལུས་དང་རྩོམ་གཤིས་སྤོར་བ་ལའོ།། ཞེས་པ་དང་། འགྲོ་བ་མིའི་རིག་གནས་སྨྲ་བ་རྣམས་ཀྱིས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་རིག་གནས་སྤོར་བ་ལའོ།། ཞེས་པ་ལ་སོགས་ཏེ་རིག་པ་སྨྲ་བའི་གྲུབ་མཐའ་མི་འདྲ་བའི་དབང་གིས་ལོ་ཙཱ་ཞེས་པའི་བྱེད་སྒོ་ལ་མཚན་ཉིད་མི་འདྲ་བ་རེ་བཞག་ཡོད་མོད། འོན་ཀྱང་འདོད་ཚུལ་དེ་དག་ལ་ཕྱོགས་བསྡུས་ཀྱི་སྒོ་ནས་དཔྱད་ན། ལོ་ཙཱ་ཞེས་པའི་བྱེད་སྒོའི་འཇུག་ཡུལ་ནི་སྐད་ཡིག་རིགས་གཉིས་ཡན་ཡིན་པ་དང་། ལོ་ཙཱ་ཞེས་པའི་བྱེད་སྒོའི་འཇུག་ཚུལ་ནི་མ་ཡིག་གི་བརྗོད་དོན་བསྐྱར་མཚོན་བྱེད་པའི་ཀླད་ཤུགས་ཀྱི་རྩོལ་བ་ཞིག་ཡིན་པ། ལོ་ཙཱ་ཞེས་པའི་བྱེད་སྒོའི་དམིགས་ཡུལ་ནི་སྐད་ཡིག་མི་གཅིག་པའི་མི་རིགས་བར་གྱི་རིག་གནས་དང་། བསམ་བློ། བརྡ་འཕྲིན་སོགས་ཕན་ཚུན་བརྗེ་རེས་བྱེད་པ་ཡིན། ལོ་ཙཱ་ཞེས་པའི་བྱེད་སྒོའི་འབྱུང་ཁུངས་ནི་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་མི་རྣམས་ཀྱི་བསམ་བློ་གཅིག་གྱུར་གྱི་རེ་འདུན་ལས་བྱུང་བ་ཡིན་པ་བཅས་གསལ་བོར་རྟོགས་ཐུབ། ཨུ་རུ་སིའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཧུའུ་ཏ་ལོ་ཧྥུ་ཞེས་པས། ལོ་ཙཱ་ཞེས་པ་ནི་ནང་དོན་ལ་བསྒྱུར་བཅོས་མི་བྱེད་པའི་ཆ་རྐྱེན་འོག   སྐད་རིགས་ཤིག་གི་ངག་སྦྱོར་ལ་བརྟེན་ནས་བསྐྲུན་པའི་ཐོན་རྫས་དེ་སྐད་རིགས་གཞན་ཞིག་གི་ངག་སྦྱོར་གྱི་ཐོན་རྫས་སུ་བསྒྱུར་བའི་བྱ་རིམ་ཞིག་ཡིན། ཞེས་གསུངས་པ་དང་། ཨ་རིའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་གྲགས་ཅན་སྐུ་ཞབས་ནེ་ཏ་ཞེས་པས་ཀྱང་ལོ་ཙཱའི་མཚན་ཉིད་བརྗོད་སྐབས་སྔ་གཞུག་ཏུ་འདི་ལྟར་བཀོད་ཡོད་དེ། ལོ་ཙཱ་ཞེས་པ་ནི་སྒྲ་དོན་དང་རྩོམ་ལུས་སོགས་མ་ཡིག་དང་ཆེས་མཚུངས་ཤིང་བསྟུན་པའི་འགྱུར་ཡིག་གི་ཚིག་སྦྱོར་ལ་བརྟེན་ནས་བརྡ་འཕྲིན་བསྐྱར་མཚོན་བྱེད་པ་ལའོ།། ཞེས་དང་། རྗེས་སུ་ཡང་ཁོང་རང་ཉིད་ཀྱིས་མཚན་ཉིད་དེ་འདི་ལྟར་བཅོས་ནས་བཀོད་ཡོད་དེ། ལོ་ཙཱ་ཞེས་པ་མ་ཡིག་དང་ཆེས་མཚུངས་ཤིང་མཐུན་པའི་ཚིག་སྦྱོར་གྱི་སྒོ་ནས་བརྡ་འཕྲིན་བསྐྱར་མཚོན་བྱེད་པ་སྟེ། དེར་བརྗོད་དོན་གཙོར་འཛིན་དགོས་ལ་རྩོམ་ལུས་ཀྱང་དོར་མི་རུང་། ཞེས་གསུངས་མྱོང་། མཁས་པ་འདི་དག་གི་ལྟ་བ་ལ་མ་ཡིག་གི་ནང་དོན་ནམ་བརྡ་འཕྲིན་བསྐྱར་མཚོན་བྱེད་རྒྱུ་དེ་ལོ་ཙཱའི་དམིགས་ཡུལ་ཉག་གཅིག་ཏུ་བཟུང་བ་ལས། མ་ཡིག་གི་བསམ་བློའི་རང་བཞིན་དང་། མཛེས་དཔྱོད་རིན་ཐང་། རྩོམ་གཤིས་དང་རྩོམ་ཉམས་ལ་སོགས་པར་དཔྱད་པ་དེ་འདྲ་ཞིབ་མོ་མཛད་མེད།  དེ་ཡང་བློ་དམན་བདག་གི་ལྟ་ཚུལ་ལ་ལོ་ཙཱའམ་ཡིག་སྒྱུར་ཞེས་པ་ནི་སྒྱུར་བྱེད་སྐད་དང་ཡིག་གེའི་ཕྱིའི་རྣམ་པ་ཁོ་ན་ཙམ་མིན་པར། མ་ཡིག་གི་བརྗོད་དོན་ཧྲིལ་བོ་སྟེ། མ་ཡིག་ལས་མཚོན་པའི་རྩོམ་གཤིས་དང་རྩོམ་རྣམ། བསམ་བློ། རིག་གནས། བརྡ་འཕྲིན།  མཛེས་དཔྱོད་ཀྱི་རིན་ཐང་ལ་སོགས་པ་གང་ཅིའི་ཐད་ནས་ཀྱང་འགྱུར་ཡིག་ལོངས་སུ་སྤྱོད་པའི་ཀློག་པ་པོ་རྣམས་ལ་མ་ཡིག་དངོས་སུ་བཀླགས་པ་ལྟ་བུའི་མྱོང་ཚོར་སྟེར་དགོས་པས། དེ་ནི་བརྡ་འཕྲིན་བསྐྱར་མཚོན་དང་བརྡ་རྟགས་སྤོར་བ་ཙམ་གྱི་ལས་སླ་བོ་ཞིག་ཅིས་ཀྱང་མིན། དེས་ན་ལོ་ཙཱ་ཞེས་པ་ནི་སྐད་ཡིག་ཅིག་ཏུ་བཀོད་ཟིན་པའི་བརྗོད་བྱ་ཧྲིལ་བོ་དེ་སྐད་ཡིག་གཞན་ཞིག་གི་བརྡ་སྤྲོད་དང་ཚིག་སྦྱོར་གྱི་ལུགས་དང་མཐུན་པའི་སྒོ་ནས་བསྐྱར་མཚོན་བྱ་ཅི་ཐུབ་བྱེད་པའི་ཀླད་ཤུགས་ཀྱི་རྩོལ་བ་ལས་བྱུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན་པར་སྙམ། དེའི་ཕྱིར་ལོ་ཙཱའམ་ཡིག་སྒྱུར་གྱི་བྱ་བ་འདི་ནི་ཤེས་བྱ་སྣ་མང་དང་འབྲེལ་བའི་ཀླད་ཤུགས་ངལ་རྩོལ་ཁྱད་པར་བ་ཞིག་ཡིན་ནོ།།
༢. སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ་བརྗོད་པ།
   འདིར་བཤད་པའི་སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྣང་བརྙན་སྐྲུན་པ་དང་། འཚོ་བ་ཚུར་སྣང་བྱེད་པའི་སྒྱུ་རྩལ་གྱི་ཐབས་ཤེས་ཤིག་ཡིན་ལ། དེ་ཡང་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ལགས་དོར་ཞི་ཚང་གི་སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལཞེས་བྱ་བ་རུ། བརྗོད་བྱ་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། བདེན་དོན་བརྗོད་པ་དང་། དྲང་བོར་བརྗོད་པ་གཙོ་བོར་བྱེད་པའི་རྩོམ་རིག་གཅིག་དང་། བརྗོད་བྱ་མངོན་སུམ་གྱི་ཚུལ་དུ་རྟོགས་པ་དང་། རྟོག་བཏགས་བརྗོད་པ་དང་། འཁྱོག་བརྗོད་གཙོ་བོར་བརྗོད་པའི་རྩོམ་རིག་གཅིག་སྟེ། རྩོམ་རིག་ངོ་བོ་ཐ་དད་པ་གཉིས་སུ་དབྱེ་བ་ཞེས་པའི་ཕྱི་མའི་ཁོངས་སུ་གཏོགས་པའི་རྩོམ་རིག་ལ་གོ་དགོས་ཏེ། དེ་ནི་ཚིག་གམ་ངག་གི་སྒྱུ་རྩལ་གྱི་སྒོ་ནས་རྟོག་བཟོས་ཀྱི་འཇིག་རྟེན་བསྐྱར་བཞེངས་བྱེད་པའི་སྒྱུ་རྩལ་ཞིག་ཡིན་པས། དེའི་རྗོད་བྱེད་ཚིག་གི་ཕྲེང་བས་དངོས་པོའི་སྤྱི་མཚན་བརྗོད་པ་ཙམ་མ་ཡིན་པར་དེ་ལས་ལྷག་པའི་མི་རྣམས་ལ་སེམས་འགུལ་ཐེབས་ཤིང་མཛེས་དཔྱོད་ཀྱི་མྱོང་ཚོར་སྟེར་བའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པ་ཞིག་ཡིན། དེར་བརྟེན་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་ནི་རིག་གཞུང་དཔྱད་བརྗོད་དང་ཆབ་སྲིད་ངེས་དོན་བརྗོད་པའི་ཡིག་ཆ་སོགས་ཀྱི་ལོ་ཙཱ་ལྟ་བུ་ཐ་སྙད་སྤྱི་མཚན་པ་འགའི་སྤྱིར་བཏང་གི་གོ་དོན་བསྒྱུར་བ་ཙམ་གྱིས་མི་ཆོག་པར། བསྒྱུར་བྱའི་མ་ཡིག་གི་ཐོག་མཐའ་བར་གསུམ་གྱི་བརྗོད་དོན་ཧྲིལ་བོར་གཞིགས་ནས་ཚིག་སྦྱོར་གྱི་སྒྱུ་རྩལ་དང་། བརྗོད་འདོད་ཀྱི་བསམ་བློ། སྤྱི་ཚོགས་རིག་གནས་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་ཤེས་རྟོགས་གང་ལེགས་བྱས་རྗེས། ནང་དོན་དང་རྣམ་པ་ཀུན་གྱི་ཆ་ནས་ཆད་ལྷག་འཁྲུལ་གསུམ་མེད་པར་མ་ཡིག་དང་ཤིན་ཏུ་མཚུངས་པའི་འགྱུར་ཞིག་ཐོན་ཅི་ཐུབ་བྱ་དགོས་ཏེ། དེ་ནི་གསར་རྩོམ་གྱི་ཆ་དང་བསྐྱར་མཚོན་གྱི་ཆ་སྟེ་ཕྱོགས་ཆ་གཉིས་ལྡན་གྱི་ཀླད་ཤུགས་ཀྱི་རྩོལ་བ་འགལ་འདུ་ཅན་ཞིག་ཡིན་ཞེས་བརྗོད་ཆོག་སྟེ། བསྒྱུར་བྱའི་དོན་ཇི་བཞིན་མཚོན་ཆེད་མ་ཡིག་གི་རྗེས་འདེད་དྲགས་ན་འགྱུར་ཡིག་ཏུ་ཚིག་སྦྱོར་གྱི་ཁ་མི་གསལ་བའམ་བརྗོད་མི་བདེ་བར་གྱུར་ནས་སྒྱུ་རྩལ་གྱི་ཉམས་ཐོན་དཀའ་བ་དང་། འགྱུར་ཡིག་གི་ཚིག་སྦྱོར་ཁ་གསལ་ཞིང་བརྗོད་བདེ་བའི་ཐད་ལ་འབད་ཆེ་ན་མ་ཡིག་གི་དོན་ཡོངས་སུ་མཚོན་དཀའ་བའམ་ཡང་ན་ལོ་ཙཱའི་བློ་བཟོའི་དྲི་མ་དང་ལྡན་པར་འགྱུར་བས། མི་རྣམས་ཀྱི་ངག་རྒྱུན་དུ། བསྒྱུར་རྩོམ་ནི་བུད་མེད་བཞིན་ཏེ། མཛེས་ན་བློ་མི་ཐུབ།  བློ་ཐུབ་ན་མཛེས་མི་ལྡན། ཞེས་པའི་བཤད་སྲོལ་འདི་ཡང་གནས་ལུགས་མེད་པ་ཞིག་མིན།  གལ་ཏེ་བློ་ཐུབ་ཅིང་མཛེས་ཉམས་ལྡན་པའི་འགྱུར་མ་ཞིག་ཐོན་དགོས་ན། མ་ཡིག་གི་བརྗོད་དོན་ལ་གོ་བ་གཏིང་ཟབ་མོ་ཞིག་ལེན་པའི་དཔྱད་གསུམ་གྱི་བློ་དང་ལྡན་ཞིང་། འགྱུར་ཡིག་གི་ཚིག་སྦྱོར་ཕུན་སུམ་ཚོགས་པ་སྤེལ་ནུས་པའི་རྩོམ་རྩལ་དང་ལྡན་པའི་ལོ་ཙཱ་བ་ཞིག་ཡིན་དགོས་པ་མ་ཟད། བསམ་པའི་ཀུན་སློང་དང་འཚོ་བའི་ཉམས་མྱོང་སོགས་ཀྱི་ཐད་ནས་ཀྱང་མ་ཡིག་གི་རྩོམ་པ་པོའི་ཡིད་སེམས་དང་འོ་ཆུ་གཅིག་ཏུ་འདྲེས་ཤིང་འགྱུར་མ་ལོངས་སུ་སྤྱོད་པའི་ཀློག་པ་པོ་དག་གི་སེམས་ཁམས་དང་མཚུངས་པའི་ཀུན་སློང་ལྡན་དགོས། དེའི་ཕྱིར་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་ནི་སྐད་ཡིག་རིགས་གཅིག་གི་སྒོ་ནས་རང་གི་བརྗོད་འདོད་ཀྱི་འཚོ་བ་དེ་རང་དགར་རྟོགས་བཟོ་ཅི་རིགས་བྱེད་ཆོག་པའི་གསར་རྩོམ་གྱི་བྱ་བ་དང་མི་འདྲ་བར། བརྗོད་བྱའི་དོན་ལ་མ་ཡིག་གི་བཀག་རྒྱ་ཐེབས་ཤིང་རྗོད་བྱེད་ཚིག་ལ་འགྱུར་ཡིག་གིས་ཚོད་འཛིན་བྱེད་པས། དེ་ནི་རང་དབང་དང་བྲལ་བའི་འཐབ་འཛིང་གི་བྱ་བ་ཞིག་དང་མཚུངས་ཏེ།  དབྱིན་ཇིའི་སྙན་ངག་པའམ་ལོ་ཙཱ་བ་ཆེན་མོ་ཏི་ལེ་ཏན་གྱིས། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་ནི་ལྕགས་སྒྲོག་བརྒྱབ་ནས་ཐག་རྩེད་བྱེད་པ་ལྟ་བུའོ།། ཞེས་གསུངས་པ་ལའང་གནས་ལུགས་མེད་པ་ཞིག་མིན། སྐད་ཡིག་རིགས་གཉིས་ཁོང་དུ་ཆུད་པ་ཙམ་གྱིས་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བར་འཇུག་མི་ནུས་ཏེ། སྐྱེས་སྟོབས་ཀྱི་རིག་པ་གསལ་ཞིང་ངག་སྒོ་ཡངས་པ། མྱོང་ཐོབ་ཀྱི་འཚོ་བའི་ཉམས་མྱོང་སྣ་ཚོགས་དང་ལྡན་པ་སྟེ་སྒྱུ་རྩལ་ཕུན་སུམ་ཚོགས་པའི་རྒྱུ་གསུམ་དང་ལྡན་ཞིང་། བསྒྱུར་བྱ་མ་ཡིག་གི་བརྗོད་དོན་ཇི་བཞིན་རྟོགས་པའི་གཟུ་བོའི་བློ་དང་ལྡན་ལ། སྒྱུར་བྱེད་འགྱུར་ཡིག་གི་རྩོམ་རྩལ་ཕུལ་དུ་བྱུང་བ་བཅས་ཏེ། མ་ཡིག་དང་འགྱུར་ཡིག་གཉིས་པོར་ཐོགས་རྡུགས་མེད་པར་དབང་དུ་འབྱོར་ཞིང་། སྐྱེས་སྦྱངས་ཀྱི་བློ་རིག་གསལ་ཞིང་ངག་སྒོ་ཡངས་པ། མྱོང་ཐོབ་ཀྱི་འཚོ་བར་བྱུང་བ་བཅས་ནི་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་བ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་དུ་བརྩི་ཆོག དེར་བརྟེན་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་ནི་གསར་རྩོམ་ལས་ཀྱང་དཀའ་ཁག་ཆེ་བའི་ཀླད་ཤུགས་ཀྱི་རྩོལ་བ་ཞིག་ཡིན་ཏེ། རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་གྱི་ཞལ་ནས་ཀྱང་། ངས་རྒྱུན་པར་ལོ་ཙཱའི་བྱ་བ་འདི་ནི་མ་མཐར་རྩོམ་གཞིའི་སྒྲིག་བཀོད་སོགས་ལ་འདང་རྒྱག་མི་དགོས་པར་གསར་རྩོམ་ལས་དཀའ་ཁག་ཆུང་བ་ཞིག་ཡིན་པར་འདོད་མོད།  འོན་ཀྱང་ལོ་ཙཱའི་བྱ་བ་ལ་དངོས་སུ་ཞུགས་སྐབས་དཀའ་གནད་མང་བོ་དང་འཕྲད་མྱོང་། དཔེར་ན་ཐ་སྙད་དམ་བྱ་ཚིག་གཅིག་བརྗོད་མི་ཤེས་ཚེ། གསར་རྩོམ་གྱི་སྐབས་སུ་ཐ་སྙད་གཞན་རེ་བཀོད་ཆོག་མོད། ལོ་ཙཱ་བྱེད་སྐབས་དེ་ལྟར་གཡོལ་མི་ཆོག་པར་ཅིས་ཀྱང་བསམ་བློ་ཡང་ཡང་བཏང་ནས་མགོ་འཁོར་མིག་འཁྲུལ་དུ་གྱུར་ཀྱང་ད་དུང་འོས་ཤིང་འཚམ་པའི་ཐ་སྙད་ཅིག་མ་རྙེད། ཅེས་གསུངས་མྱོང་། 
   སྒྱུ་རྩལ་རྩོམ་རིག་ནི་ཚིག་གམ་ངག་གི་སྒྱུ་རྩལ་ལ་བརྟེན་ནས་འཚོ་བ་ཞིབ་འབྲི་བྱེད་པའི་སྒྱུ་རྩལ་གྱི་ཐབས་ཤེས་ཞིག་སྟེ། དེའི་ཁྱད་ཆོས་གཙོ་བོ་ནི་མཛེས་དཔྱོད་ཀྱི་རྣམ་པའི་སྒོ་ནས་འཚོ་བ་དང་རང་བྱུང་ཁོར་ཡུག་སོགས་ལ་གདེང་འཇོག་བྱེད་པ་ཡིན་མོད། འོན་ཀྱང་མི་རིགས་མི་འདྲ་བ་ལ་ཆ་མཚོན་ནས་བཤད་ན། རང་རང་གི་འཚོ་བའི་ཁོར་ཡུག་དང་། རིག་གནས་གོམས་སྲོལ་སོགས་མི་འདྲ་བའི་དབང་གིས། མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་གཅིག་མཚུངས་ཤིག་མིན་པ་སྨོས་མ་དགོས་པ་རེད།  དེར་བརྟེན་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་བ་ནི་མ་ཡིག་དང་འགྱུར་མའི་བར་གྱི་འགལ་འདུ་སྣ་ཚོགས་སེལ་བའི་བར་འདུམ་པ་ལྟ་བུ་ཡིན་པས། གལ་ཏེ་ང་ཚོ་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་ལ་འཇུག་སྐབས། ར་མདས་ཇག་པའི་རྗེས་འདེད་པ་ལྟ་བུ་གཡོ་གཟུར་སྤུ་ཙམ་ཡང་མེད་པར་མ་ཡིག་གི་ཚིག་འབྲུ་རེ་རེ་བཞིན་འགྱུར་ཡིག་ཏུ་ཕབ་བསྒྱུར་བྱས་ན། དེ་ནི་མ་རྩོམ་འགྱུར་ཡིག་གི་དུར་ཁྲོད་དུ་གསོན་སྦས་བྱེད་པ་དང་མཚུངས་པར་འགྱུར། རྒྱུ་མཚན་ནི་སྒྱུ་རྩལ་གྱི་རྣམ་པ་གང་ཞིག་ཡིན་རུང་རྩོམ་པ་པོའི་བསམ་བློ་དང་བརྩེ་དུང་། དགའ་སྐྱོ་དང་ཆགས་སྡང་གི་འདུ་ཤེས་ངེས་ཅན་ཞིག་བརྗོད་དོན་དང་ཚིག་སྦྱོར་གྱི་ཁྲོད་ན་ཁྲག་རྒྱུན་ལྟར་དུ་རྒྱུ་སྟེ། ཁྲག་རྒྱུན་དེ་ནི་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་འདུ་ཤེས་ལས་བྱུང་བ་ཞིག་ཅིས་ཀྱང་ཡིན་དགོས། སྒྱུ་རྩལ་གྱི་བརྩམས་ཆོས་ཡོད་དོ་ཅོག་གི་ཐོག་མའི་འབྱུང་ཁུངས་ནི་འཚོ་བ་ཡིན་མོད། འོན་ཀྱང་དེ་ནི་འཚོ་བ་དངོས་ཐད་ཀར་ཇི་བཞིན་དུ་རི་མོར་ཕབ་པ་ལྟ་བུ་མིན་ཏེ། རྒྱ་ནག་གི་ཡིག་གཟུགས་རི་མོ་བ་གྲགས་ཅན་ཀྲིན་པན་ཆའོ་ཡིས་སྨྱུག་མ་འབྲི་བའི་གོ་རིམ་དེ་མཐོང་ཡུལ་གྱི་སྨྱུག་མ་དང་། རྟོག་བཏགས་ཀྱི་སྨྱུག་མ་” “གཟུགས་རིས་ཀྱི་སྨྱུག་མ་ཞེས་རྣམ་པ་གསུམ་དུ་བཀོད་ནས་འཚོ་བ་དངོས་དང་སྒྱུ་རྩལ་བརྩམས་ཆོས་བར་གྱི་ཁྱད་པར་གསལ་བོར་མཚོན་ཡོད། འདིར་བཤད་པའི་མཐོང་ཡུལ་གྱི་སྨྱུག་མ་དང་། རྟོག་བཏགས་ཀྱི་སྨྱུག་མ་ ནི་དངོས་ཡོད་ཀྱི་འཇིག་རྟེན་དང་རྩོམ་པ་པོའི་མཛེས་དཔྱོད་འདུ་ཤེས་སམ་ཡིད་འགྱུར་ལས་བྱུང་བའི་རང་སྣང་གི་འཇིག་རྟེན་གཉིས་གཞི་གཅིག་ཏུ་འདྲེས་པ་ལས་གྲུབ་པའི་བློ་ཁམས་ཤིག་ལ་གོ་དགོས། གཟུགས་རིས་ཀྱི་སྨྱུག་མ་ཞེས་པ་ནི་སྒྱུ་རྩལ་གྱི་ཐབས་རྩལ་སྣ་ཚོགས་སྤྱད་ནས་རང་གི་བློ་སེམས་དང་བརྩེ་དུང་སོགས་མཚོན་པར་བྱེད་པའི་སྣང་བརྙན་ཏེ། དེ་ནི་ཡིད་འགྱུར་ཁྱད་གཟུགས་སུ་བཀོད་པའི་སྒྱུ་རྩལ་སྣང་བརྙན་ནམ་ཡང་ན་གསར་གཏོད་ལས་བྱུང་བའི་སྒྱུ་རྩལ་གྱི་མཛེས་ཉམས་ཤིག་ཡིན་ཞེས་བརྗོད་ཀྱང་ཆོག དེས་ན་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདིར་མཚོན་ན།  དེའི་མཐོང་ཡུལ་གྱི་སྨྱུག་མ་ནི་མ་ཡིག་དང་། རྟོག་བཏགས་ཀྱི་སྨྱུག་མ་ནི་འགྱུར་ཡིག་ལོངས་སུ་སྤྱོད་པའི་མི་རིགས་དེའི་མཛེས་དཔྱོད་ཀྱི་འདུ་ཤེས་གཞིར་བཟུང་ནས་མ་ཡིག་གི་བརྗོད་དོན་ལ་གདེང་འཇོག་བྱེད་པའི་བློ་ཁམས། གཟུགས་རིས་ཀྱི་སྨྱུག་མ་ནི་མ་ཡིག་གི་རྩོམ་པ་པོའི་མཛེས་དཔྱོད་ཀྱི་འདུ་ཤེས་དང་དགའ་སྐྱོ་ཆགས་སྡང་ལ་གཞིགས་ནས་མ་ཡིག་གི་བརྗོད་དོན་ཧྲིལ་བོར་གོ་བ་གཏིང་ཟབ་ཅིང་ཡང་དག་པ་ཞིག་ལོན་པར་བྱས་རྗེས། འགྱུར་ཡིག་གི་ཀློག་པ་པོ་རྣམས་ཀྱི་མཛེས་དཔྱོད་ཀྱི་བློ་ཁམས་དང་བསྟུན་པའི་སྣང་བརྙན་བསྐྱར་བཞེངས་བྱས་པའི་འགྱུར་ལ་གོ་བར་བྱས་ན་མི་འགྲིག་རྒྱུ་མེད་པར་སྙམ་སྟེ། ཨ་རིའི་ལོ་ཆེན་ནེ་ཏས། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་འདི་མཐར་གཏུགས་ནས་བཤད་ན། དེ་ནི་ཡང་བསྐྱར་གསར་དུ་གཏོད་པ་ཞིག་ཡིན་གྱི། ཡང་བསྐྱར་ཐོན་སྐྱེད་བྱེད་པ་ཞིག་མིན། ཞེས་གསུངས་པ་ལྟར་རོ།། གོང་དུ་འཆད་ཟིན་པའི་དོན་རྣམས་མདོར་བསྡུས་ནས་བཤད་ན་ཚིག་གཉིས་ལས་མ་འདས་ཏེ། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་གཅིག་ན་བསྐྱར་མཚོན་གྱི་ཆ་དང་ལྡན་པས་ཡིད་ཀྱི་འཆར་བརྙན་རྣམས་མ་རྩོམ་གྱི་སྣང་བརྙན་དང་གཅིག་མཚུངས་ཡིན་དགོས་པ་དང་། གཉིས་ན་གསར་གཏོད་ཀྱི་ཆ་དང་ལྡན་པའི་རྗོད་བྱེད་ཚིག་གི་ཕྲེང་བའི་ཉམས་འགྱུར་སོགས་ཕུན་སུམ་ཚོགས་པ་ཞིག་ཡིན་དགོས་སོ།།
གཉིས་པ།  སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་དགེ་མཚན།
   དེ་ཡང་རྩོམ་རིག་སྒྱུ་རྩལ་ལ་ཆ་མཚོན་ནས་བཤད་ན། དེའི་མཚོན་ཐབས་གཙོ་བོ་ནི་འཚོ་བའི་ཁྲོད་ཀྱི་བྱ་དངོས་དང་གནས་ལུགས་སོགས་ཚིག་སྦྱོར་གྱི་སྒྱུ་རྩལ་ལ་བརྟེན་ནས་སྣང་བརྙན་འབྲི་བཞེངས་བྱེད་པ་དང་། རྩོམ་པ་པོའི་ཡིད་འགྱུར་དེ་ཁྱད་གཟུགས་སུ་དྲངས་ནས་ཕྱིར་མཚོན་བྱེད་པ་ཡིན་པས། དེ་ནི་འཚོ་བ་དངོས་ལས་ཁྱད་དུ་འཕགས་པ་ཞིག་ཡིན་གྱི། འཚོ་བ་འདྲ་བཟོ་བྱེད་པའམ་རང་བྱུང་ལ་ལད་མོ་བྱེད་པ་ཙམ་མིན། དེར་བརྟེན་དངོས་ཡོད་ཀྱི་འཚོ་བའི་རྣམ་པ་ཞིག་ནས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཏུ་འགྱུར་བའི་གསར་གཏོད་ཀྱི་བརྒྱུད་རིམ་ནང་དུ་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ལྟ་བ་དང་ཆགས་སྡང་གི་ཚོར་བ་སོགས་འདྲེས་ཡོད་དེ། རྩོམ་རིག་རྣམ་བཤདལས། རྩོམ་རིག་གི་གསར་རྩོམ་ནི་བློའི་རྩོལ་བ་ཁྱད་པར་བ་ལས་བྱུང་ཞིང་ཤེས་པར་བྱ་བའི་རིག་གནས་གཞན་དང་ཡང་མི་འདྲ་བར་རྩོམ་པ་པོས་མཐོང་སྣང་གི་འཇིག་རྟེན་ལ་བློས་མྱོང་བ་དང་ཚོར་བ། ཞིབ་དཔྱོད་ཕྲ་ཞིབ་བགྱིས་ནས་རང་ཉིད་ཀྱི་མཚོན་བྱའི་འཇིག་རྟེན་ཏེ་ཇི་ལྟར་རྟོགས་པའམ། དེ་ལྟ་བུའི་ཤེས་རྟོགས་དེ་སྐད་ཆའམ་ངག་གི་སྦྱར་བ་ཁྱད་པར་བ་ལ་དྲངས་ནས་གཞན་ལ་བསྒྲགས་ཤིང་རང་གཞན་གཉིས་ཀར་བློ་ཡིད་ཚིམ་པའམ་བདེ་བ་སྟེར་བའི་རྐྱེན་དུ་འགྱུར་བ་ཞིག་དང་། དེ་ཡང་སྒྱུ་རྩལ་སྤྱི་དང་འདྲ་བར་ཡུལ་གྱི་འཇིག་རྟེན་ལ་མཛེས་པ་ཞིག་སྟེ། དེ་ནི་དངོས་ཡོད་ཀུན་རྫོབ་ཀྱི་འཇིག་རྟེན་འདི་མཐོང་ཐོས་མྱོང་བ་བགྱིས་པའི་གཞིར། མཛེས་དཔྱོད་ཀྱི་ཚོར་འདུ་ཕྲ་མོ་ཡུལ་གྱི་མཛེས་པ་མཐོང་ཞིང་མྱོང་བ་མ་ཟད། སླར་ཡང་མཛེས་པའི་ཆོས་སམ་ཡིད་ཁམས་གསར་བ་ཞིག་བསྐྲུན་ནས་དེ་ལས་ཐོན་པའི་མཛེས་པ་དེས་མི་རྣམས་ཀྱི་ཡིད་འཕྲོག་པར་བྱེད་ལ། དེ་ནི་འཇིག་རྟེན་ལ་ངོས་འཛིན་དང་ཤེས་རྟོགས་གསར་བ་བྱུང་བར་བྱེད་པའི་གཞི་མ་སྟེ་སྐད་ཆའི་གཟུགས་སུ་ཤར་བ་ཅན་ཞིག་ཡིན། (《རྩོམ་རིག་རྣམ་བཤདཀྱི་ཤོག་ངོས་༡༡༦—༡༡༧) ཞེས་བརྗོད་པ་ལྟ་བུ་སྟེ། རྩོམ་རིག་སྒྱུ་རྩལ་ནི་རྒྱལ་ཁབ་བམ་མི་རིགས་ཤིག་གིས་འཇིག་རྟེན་གྱི་བྱ་དངོས་རྣམས་ལ་མཐོང་ཐོས་མྱོང་དཔྱད་བྱས་པའི་འབྲས་བུ་ཕྱིར་མངོན་པའི་སྒྱུ་རྩལ་གྱི་ཐབས་ཤེས་ཤིག་ཡིན་ལ། ཚད་ངེས་ཅན་ཞིག་གི་སྒོ་ནས་བཤད་ན། དེ་ནི་རྩོམ་པ་པོས་མི་རིགས་ཤིག་གི་ཚབ་བྱས་ཏེ། སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་གཞིར་བཟུང་ནས། ཁྱད་དུ་འཕགས་པའི་སྤྱོད་ལམ་དང་བླ་ན་མེད་པའི་བསམ་བློ་དེ་སྒྱུ་རྩལ་གྱི་ཉམས་འགྱུར་དང་བསྟུན་ནས་ཀློག་པ་པོའི་སྤྱོད་ཡུལ་དུ་སྤེལ་བ་ཡིན་པས། ཕུལ་དུ་བྱུང་བའི་སྒྱུ་རྩལ་རྩོམ་རིག་ཅིག་ལ་མཚོན་ན། དེའི་སྤྱི་ཚོགས་ཀྱི་ཕན་ནུས་ནི་མི་རྣམས་ཀྱི་མཛེས་དཔྱོད་ཀྱི་འདུན་མ་སྐོང་བ་དང་། བཟང་ངན་གྱི་དབྱེ་བ་འབྱེད་ཅིང་ཤེས་འདོད་ཀྱི་བློ་སྒོ་འབྱེད་ཐུབ་པ་བཅས་ཡིན་པས། རྩོམ་པ་པོས་རང་ཉིད་ཀྱི་འཚོ་བའི་མྱོང་ཚོར་དང་ལྟ་བའི་ཕུགས་འདུན་རྣམས་གཞིར་བཟུང་ནས། རང་གི་ཁ་ར་ཁོར་ཡུག་གི་གནས་ཚུལ་དང་མཐོང་ཐོས་མྱོང་གསུམ་གྱི་བྱ་དངོས་རྣམས་རགས་བསྡུས་དང་གདམ་གསེས་བྱས་ཏེ། སྣང་བརྙན་གསར་བ་འགའ་འབྲི་བཞེངས་བྱེད་པ་བརྒྱུད། མི་རྣམས་ཀྱི་སྤྱན་སྔ་རུ་མཛེས་ཆོས་ཕྱོགས་འདུས་ཀྱི་འཇིག་རྟེན་ཞིག་ལྷང་ངེར་མངོན་ཅི་ཐུབ་བྱེད་པ་ནི་སྒྱུ་རྩལ་གསར་རྩོམ་གྱི་དམིགས་ཡུལ་ཡིན་མོད། འོན་ཀྱང་རིག་གནས་ཀྱི་རྒྱབ་ལྗོངས་དང་འཚོ་བའི་གོམས་སྲོལ་སོགས་གཅིག་མཚུངས་ཡིན་པའི་མི་རིགས་གཅིག་གི་ཁྲག་རྒྱུན་ལས་མཆེད་པའི་རིགས་མཐུན་རྩོམ་པ་པོ་རྣམས་ལ་མཚོན་ན། རང་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱོངས་སྟོབས་ཀྱི་ཡོན་ཏན། མྱོང་ཐོབ་ཀྱི་ལྟ་སྤྱོད་སོགས་རང་ངོས་ཀྱི་ཆ་རྐྱེན་མི་འདྲ་བ་ཙམ་མ་གཏོགས། དེ་དག་གི་ཕྱིའི་ཁོར་ཡུག་དང་འཚོ་གནས་སོགས་ཕལ་ཆེར་འདྲ་མཚུངས་ཡིན་པས། གལ་ཏེ་ང་ཚོས་འཕྱི་བ་ཁུང་ཉལ་གྱི་ཚུལ་དུ་མི་རིགས་རང་ཉིད་གཅིག་པུའི་སྒྱུ་རྩལ་རྩོམ་རིག་གི་ཐོག་ནས་འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་མ་ལུས་པར་རྟོགས་ཤིང་མཚོན་ཐུབ་ཟེར་ན། དེ་ནི་རང་རྩིས་ཆེ་བའི་ཕྱོགས་སུ་ལྷུང་བའི་ལྟ་བ་ཞིག་རེད་ཅེས་བརྗོད་ཆོག་སྟེ། རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རིགས་སོ་སོའི་རིག་གནས་ཀྱི་བང་མཛོད་ནང་དུ་མི་རིགས་གཞན་དག་གི་རིག་གནས་དང་སྒྱུ་རྩལ་གྱི་ཤན་ཞུགས་མེད་པ་ག་ལ་སྲིད། དཔེར་ན་ཡོ་རོབ་གླིང་གི་སྙན་ངག་ལ་དབྱི་ཏ་ལིའི་རྩོམ་རིག་གི་ཤན་ཞུགས་པ་དང་། འཇར་མན་གྱི་ལོ་རྒྱུས་སྒྲུང་གཏམ་ལ་དབྱིན་ཇིའི་རྩོམ་རིག་གི་ཤན་ཞུགས་པ་ལྟ་བུ་སྟེ། བདག་ཅག་ཁ་བ་ཅན་གྱི་རིག་གནས་ལོ་རྒྱུས་ལ་གཞིགས་ནས་བཤད་ན། མཚན་སྙན་འབྲུག་ལྟར་གྲགས་པའི་སློབ་དཔོན་ཐོན་མིས་ལོ་ཙཱའི་སྲོལ་ཐོག་མར་བཏོན་པ་ནས་བཟུང་། བཀའ་དྲིན་བླ་ན་མེད་པའི་ལོ་པཎ་རྣམས་ཀྱིས་རྒྱལ་བའི་བཀའ་བསྟན་གཙོར་བྱས་པའི་བསྟན་བཅོས་གྲངས་ལས་འདས་པ་ཞིག་ཡིག་སྒྱུར་གྱི་གསེར་ཟམ་བརྒྱུད་དེ་བོད་ཡུལ་དུ་གདན་དྲངས་པ་མ་ཟད། སྔར་མེད་གསར་གཏོད་དང་ཕྱི་བཟང་ནང་སྤྱོད་ཀྱི་ཐབས་གཉིས་ཟུང་དུ་འབྲེལ་ཏེ་བཅུ་ཕྲག་རིག་གནས་ཀྱི་གཏེར་མཛོད་ཆེན་མོ་འདི་བསྐྲུན་པ་ཡིན་ལ། སྐབས་སུ་བབ་པའི་དཔྱད་གཞི་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་ལ་མཚོན་ན། མི་ལོ་སྟོང་ཕྲག་ལྷག་གི་སྔོན་དུ་བྱོན་པའི་ལོ་པཎ་རྣམས་ཀྱིས་སྐབས་དེའི་ཨེ་ཤ་ཡའི་སྔོན་ཐོན་རྩོམ་རིག་གི་སྙིང་བཅུད་རྣམས་བསྡུ་ལེན་དང་ཞིབ་འཇུག་མཛད་པའི་རྨང་གཞིའི་ཐོག སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྐབས་སུ་མཁས་པའི་དབང་བོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཁས་པ་འཇུག་པའི་སྒོཞེས་པར་རྒྱ་གར་གྱི་སྙན་གཞུང་སྙན་ངག་མེ་ལོངཞེས་པའི་ཚིག་སྦྱོར་འགའ་མཚམས་སྦྱོར་གནང་ཞིང་། རྗེས་སུ་ཤོང་དཔང་ཡབ་སྲས་གཉིས་ཀྱིས་སྙན་ངག་མེ་ལོངཆ་ཚང་བ་བོད་སྐད་དུ་ཕབ་བསྒྱུར་མཛད་པ་ནས་བཟུང་། བོད་མི་རིགས་ཀྱི་སྒྲ་སྦྱོར་རྩོམ་གཤིས་དང་འཚོ་བའི་མྱོང་རྟོགས་སོགས་སྙན་གཞུང་མེ་ལོང་མའི་རྩོམ་སྲོལ་གྱི་ལམ་ལ་དྲངས་ཏེ་སྒྱུ་རྩལ་བརྩམས་ཆོས་རྒྱས་འབྲིང་བསྡུས་གསུམ་བགྲང་ལས་འདས་པ་ཞིག་སྒྱུ་རྩལ་གྱི་ཀློང་བརྡོལ་བ་བཞིན་དུ་བྱུང་བ་མ་ཟད། དུས་དེ་ནས་བཟུང་བོད་རང་ལ་ཚད་གཞི་དང་མཚན་ཉིད་ལྡན་པའི་རྩོམ་རིག་གི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་བྱུང་ཞིང་། ལྷག་པར་དུ་རྟོགས་བརྗོད་དཔག་བསམ་འཁྲི་ཤིངདང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར》《སྐྱེས་རབས་སོ་བཞི་བ》《འཇིག་རྟེན་ཀུན་ཏུ་དགའ་བ》《སློབ་སྤྲིངས》《བཤེས་སྤྲིངས》《ཁྱད་པར་འཕགས་བསྟོད》《ལྷ་ལས་ཕུལ་བྱུང་གི་བསྟོད་པ》《བསྔགས་འོས་བསྔགས་བསྟོད》《ཤེས་རབ་བརྒྱ་བ》《ཤེས་རབ་སྡོང་བོ》《སྐྱེ་བོ་གསོ་ཐིགསསོགས་ཀྱི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་ལ་གསར་བྱུང་གི་མིག་དཔེ་བཏོན་ཅིང་འཚོ་གནས་ཀྱི་མཁའ་དབུགས་བསྐྲུན་པ་རེད། ཅེས་ཕྱིའི་རྩོམ་གཞུང་སྨྲ་བའི་མཁས་པ་འགའི་ལྗགས་རྩོམ་དག་ན་གསལ། འོན་ཀྱང་དེ་ནི་ལོ་རྒྱུས་ཀྱི་གནས་ཚུལ་ཞིག་ཡིན་པ་ལས་དུས་རབས་གསར་བའི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་དགོས་པ་ཡོངས་སུ་བསྐངས་ཟིན་ཞེས་བརྗོད་ག་ལ་རུང་སྟེ། ཚང་མས་ཤེས་གསལ་ལྟར་སྤྱི་ཚོགས་འཚོ་བ་ནི་ཉིན་བཞིན་གོང་དུ་འཕེལ་ཞིང་འགྱུར་བའི་ཆོས་ཅན་ཡིན་ལ། སྒྱུ་རྩལ་རྩོམ་རིག་ནི་འཚོ་བ་ལས་བྱུང་ཞིང་འཚོ་བ་མཚོན་པའི་བྱེད་སྒོ་ཞིག་ཡིན་པས། གལ་ཏེ་སྒྱུ་རྩལ་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ་དུས་རབས་ཀྱི་དགོས་མཁོ་སྐོང་བའི་རྩོམ་རིག་གི་ནང་དོན་དང་རྣམ་པ། རྩོམ་གཤིས་དང་མཚོན་སྟངས་སོགས་འཚོལ་རྟོགས་མ་བྱས་ན། དུས་རབས་གསར་བའི་ནང་དུ་མི་རྣམས་ཀྱིས་འཚོ་བ་གསར་བར་རེ་སྙེག་དང་ཡིད་སྨོན་བྱེད་པའི་བློ་ཁ་བསྐྱེད་ཅིང་། འཚོ་བ་གསར་བ་འཛུགས་སྐྲུན་བྱེད་པའི་སྤོབས་པ་བསྐྱེད་པ། གསར་བྱུང་གི་འཚོ་བའི་སྣང་བརྙན་མངོན་པར་མཚོན་པ་བཅས་ཀྱི་ཕན་ནུས་ལྡན་པའི་སྒྱུ་རྩལ་རྩོམ་རིག་ཅིག་ཅིས་ཀྱང་ཐོན་མི་ཐུབ། བསྐྱར་ཟློས་བྱེད་པའི་དུས་རབས་ཤིག་མེད་ཅིང་། བསྐྱར་ཟློས་བྱེད་པའི་རྩོམ་རིག་ཅིག་གམ་དུས་རབས་ངེས་ཅན་ཞིག་ལ་སྐད་ཆ་བཤད་པའི་རྩོམ་པ་པོ་ཞིག་ཀྱང་ཡོད་མི་སྲིད་དོ།།” (《རྩོམ་དཔྱད་གཏམ་ཚོགསཀྱི་ཤོག་ངོས་༡༡)ཞེས་པ་ལྟར། ང་ཚོས་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལ་གཞིགས་ནས་མི་རིགས་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་རྩོམ་རྩལ་དང་བརྩམས་ཆོས་སོགས་འཛམ་གླིང་ལ་མཚམས་སྦྱོར་བྱེད་པ་དང་། མི་རིགས་སམ་རྒྱལ་ཁབ་གཞན་དག་གི་ཕུལ་བྱུང་བརྩམས་ཆོས་རྣམས་རང་ཡུལ་དུ་གདན་འདྲེན་བྱེད་པ་ནི་མི་རིགས་ཤིག་གི་རྩོམ་རིག་སྒྱུ་རྩལ་དེ་དཔག་བསམ་གྱི་ལྗོན་པ་བཞིན་ཇི་སྲིད་བསྐལ་བའི་བར་དུ་གནས་ཤིང་རྒྱས་པར་བྱེད་པའི་ཐབས་མཆོག་ཅིག་ཡིན་ལ། དེས་མི་རིགས་སོ་སོའི་བར་གྱི་བཀག་རྒྱ་གྲོལ་ཞིང་མཛའ་གཅུགས་ཀྱི་འདུན་མ་གཅིག་ཏུ་སྦྲེལ་ནས། དུས་རབས་གསར་བའི་རྩོམ་རིག་སྒྱུ་རྩལ་གྱི་དགའ་ཚལ་ཡངས་མོ་ཞིག་བསྐྲུན་ཐུབ་པ་གདོན་མི་ཟ།  དེ་ཡང་ཨ་རིའི་རྩོམ་རིག་གི་གཞུང་ལུགས་སྨྲ་བ་ཇོ་སེག་ཧྥུ་ཞེས་པས། རྩོམ་རིག་གི་ཤན་ཤུགས་ཚུར་ལེན་དང་ཕར་བསྐྱེད་བྱེད་པའི་ཆ་ནས་ཡིག་བསྒྱུར་གྱི་ཁྱད་ནུས་འདོན་གྱིན་ཡོད་དེ། ཐད་ཀར་གྱི་ཤན་ཤུགས་ཕལ་ཆེར་ནི་མ་རྩོམ་ལས་བྱུང་བ་མ་ཡིན་ལ་ཡིག་བསྒྱུར་ལས་བྱུང་བ་ཡིན་ནོ༎ ཞེས་གསུངས་པ་ཇི་བཞིན། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་གསེར་ཟམ་བརྒྱུད་ནས་མི་རིགས་སོ་སོའི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་ཚིག་སྦྱོར་དང་། ཕུན་སུམ་ཚོགས་པའི་དོན་སྙིང་། རྨད་དུ་བྱུང་བའི་རྩོམ་རྩལ་སོགས་ཕན་ཚུན་བརྗེ་རེས་བྱེད་ཆོག་པ་མ་ཟད། དེ་ནི་མི་རིགས་སོ་སོའི་རིག་གནས་དང་ལོ་རྒྱུས། བསམ་པའི་ཀུན་སློང་། འཇིག་རྟེན་ལྟ་ཚུལ། ཆོས་ལུགས་འདུ་ཤེས། ཡུལ་སྲོལ་གོམས་གཤིས་བཅས་དང་། རྒྱལ་ཁབ་དག་གི་དུས་སྐབས་སོ་སོའི་ཆབ་སྲིད་ལམ་ལུགས་དང་། སྤྱི་ཚོགས་ཐོན་སྐྱེད། དཔལ་འབྱོར་སྒྲིག་གཞི་སོགས་ལ་ཤེས་རྟོགས་ཟབ་མོ་དང་ཆ་ཡོད་རྒྱུས་མངའ་བྱེད་པའི་བརྒྱུད་ལམ་མེད་དུ་མི་རུང་བ་ཞིག་ཡིན། རང་རྒྱལ་གྱི་ཕུལ་དུ་བྱུང་བའི་རྩོམ་པ་པོའམ་ལོ་ཙཱ་བ་ཆེན་མོ་སྐུ་ཞབས་མའོ་ཏུན་ལགས་ཀྱིས་རྒྱལ་ཡོངས་ཀྱི་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བའི་གྲོས་ཚོགས་ཐོག་ཏུ་ཕུལ་བའི་སྙན་ཞུ་ཞིག་གི་ནང་དུ། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བས་རང་རྒྱལ་གྱི་དེང་རབས་རྩོམ་རིག་སྒྱུ་རྩལ་གོང་དུ་སྤེལ་བའི་ཐད་ལ་གལ་འགངས་ཆེ་བའི་ཕན་ནུས་བཏོན་པ་མ་ཟད། འཛམ་གླིང་ཞི་བདེའི་ཕྱོགས་ནས་བཤད་ནའང་དོན་སྙིང་བླ་ན་མེད་པ་འགའ་བཏོན་མྱོང་བ་སོགས་ཀྱང་བརྗོད་མྱོང་། མདོར་བསྡུས་ན། ང་ཚོས་ཡབ་མེས་ཀྱི་མཛད་རྗེས་དང་ལོ་རྒྱུས་ཀྱི་གནས་ཚུལ་སོགས་ལ་ཕྱིར་འདང་བརྒྱབ་པ་དང་། ད་ལྟའི་དགོས་མཁོ་དང་མ་འོངས་པའི་འཕེལ་ཕྱོགས་རྣམས་ལ་རྟོགས་ཞིབ་བྱས་པ་བཅས་གང་ཅིའི་ཐད་ནས་བཤད་ཀྱང་། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་ནི་དགེ་མཚན་བླ་ན་མེད་པ་ལྡན་པའི་བྱ་བ་ཞིག་ཡིན་པ་རྟོགས་ཐུབ་བོ།།
གསུམ་པ།  སྒྱུ་རྩལ་རྩོམ་རིག་གི་འགྱུར་མའི་ཚད་གཞི།
   འཇིག་རྟེན་འདིའི་ཆོས་ཐམས་ཅད་ལ་རང་རང་གི་ངོ་བོ་དང་བསྟུན་ནས་དགེ་སྐྱོན་ལེགས་ཉེས་སོགས་ཀྱི་ཁྱད་པར་འབྱེད་བྱེད་ཀྱི་ཚད་གཞི་རེ་གྲུབ་ཡོད་པ་ཇི་བཞིན། ལོ་ཙཱའི་བྱ་བ་འདི་ལའང་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་རང་རང་གི་ཉམས་མྱོང་དག་གཞིར་བཟུང་ནས་ཚད་གཞི་འགའ་རེ་གཏན་ལ་ཕབ་ཡོད་དེ། དཔེར་ན་རྒྱ་ནག་གི་ལོ་ཙཱ་བ་གྲགས་ཅན་ཡན་ཧྥུ་ཞེས་པས་ལོ་ཙཱའི་དཀའ་བ་རྣམ་གསུམ་སྟེ་རྒྱ་ཡིག་ཏུ་“信达雅”ཞེས་བཏོན་པ་དེ་བོད་སྐད་དུ་བསྒྱུར་ན། དོན་མཐུན་པ་དང་། བརྗོད་བདེ་བ། ཚིག་སྙན་པ་ཞེས་ཏེ། དེ་ལ་ཕྱིའི་ལོ་ཙཱ་བ་རྣམས་ཀྱིས་རང་རང་གི་འདོད་ཚུལ་ལྟར་ཚིག་འགྲེལ་སྣ་ཚོགས་བཀོད་ཡོད་པ་མ་ཟད། རིམ་བཞིན་གྱིས་ལོ་ཙཱའི་ཚད་གཞིར་བཟུང་ནས་ལོ་ཙཱའི་རྩ་དོན་ཆེན་མོ་གསུམ་ཞེས་ཡོངས་སུ་གྲགས་པར་གྱུར། དེ་ཡང་བོད་གངས་ཅན་པ་རྣམས་ལ་མཚོན་ན་ལོ་ཙཱའི་བྱེད་སྒོ་འདི་དར་སྔ་ཞིང་མཁས་བཙུན་བཟང་གསུམ་གྱིས་སྤྲས་པའི་ལོ་ཆེན་གསེར་རིའི་ཕྲེང་བ་ལྟར་རིམ་བཞིན་བྱོན་པ་དག་གིས་སྔ་མ་སྔ་མ་རྣམས་ཀྱི་ཉམས་མྱོང་ཕྱི་མ་ཕྱི་མ་དག་གིས་ཕྱོགས་བསྡོམས་བྱས་ནས་བསླབ་བྱ་དང་མན་ངག་ཆུ་བོའི་རྒྱུན་བཞིན་སྤེལ་ཏེ་ལོ་ཙཱའི་བྱེད་སྒོ་འདི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སྤེལ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་ལ།  དགོས་སུ་སྤྱི་ལོ་༨༡༩སྟེ་ཤིང་ཕོ་རྟའི་ལོ་ལ་རྒྱ་གར་གྱི་མཁན་པོ་ཨཱཙཱརྱ་ཛི་ན་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་པ་གཙོར་བྱས་པའི་རྒྱ་གར་དང་བོད་ཀྱི་ལོ་པཎ་མང་པོས་རྒྱལ་པོའི་བཀའ་ལྟར་སྔོན་གྱི་འགྱུར་རྙིང་རྣམས་ལ་ཞུ་དག་གནང་སྐབས་ཆོས་གཞུང་ལས་བོད་ལ་མ་གྲགས་པའི་མིང་མཆིས་པ་རྣམས་བོད་རང་གི་སྐད་དང་བསྟུན་པའི་སྒོ་ནས་གཅིག་གྱུར་གྱིས་དཀར་ཆག་ཏུ་བཀོད་པ་མ་ཟད། ཆོས་གཞུང་སྒྱུར་བའི་རྩ་དོན་ཆེན་པོ་གསུམ་དང་། ཡིད་འཇོག་བྱེད་དགོས་པའི་དོན་ཚན་བཞི། ཡི་གེ་སྒྱུར་བའི་ཐབས་དམ་པ་བཞི་ལ་སོགས་རྒྱལ་པོའི་བཀས་བཅད་དེ་གཏན་ལ་ཕབ་པ་རྣམས་ནི་སྒྲ་སྦྱོར་བམ་གཉིསསུ་གསལ་མོད། ཆོས་གཞུང་སྒྱུར་བའི་རྩ་དོན་མདོར་བསྡུས་ན་འདི་ལྟ་སྟེ། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ་དང་གཅིག ཆོས་ཀྱི་གཞུང་ནས་འབྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ་དང་གཉིས། བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་པ་དང་གསུམ་སྟེ། དེ་དག་ནི་སྐབས་དེའི་བསྒྱུར་བྱ་ཆོས་ཀྱི་གཞུང་དང་སྒྱུར་བྱེད་བོད་རང་གི་སྐད་ཀྱི་སྒོ་ནས་བཏོན་པ་ཡིན་ལ། རྩ་དོན་དེ་ཡོངས་ཁྱབ་ཏུ་གོ་བར་བྱས་ན་འདི་ལྟར་བརྗོད་ཆོག་སྟེ། བསྒྱུར་བྱའི་དོན་དང་མི་འགལ་ཞིང་སྒྱུར་བྱེད་ཀྱི་སྐད་ཆའི་ལུགས་སམ་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་པ། འགྱུར་མའི་ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་བ་ཞིག་ཡིན་དགོས་པའི་དོན་ཡིན། དེ་ཡང་སྒྲ་སྦྱོར་བམ་གཉིསལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཱརྱ་བོངྷི་ས་ཏྭ་དང་། ཡེ་ཤེས་དབང་བོ། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་གཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་གཱརྫུ་ན་དང་། བསུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་བསྟུན་ཏེ། ……(《སྒྲ་སྦྱོར་རྩ་འགྲེལགྱི་ཤོག་ངོས་༥)ཞེས་གསུངས་པར་དཔྱད་ན། རྩ་དོན་དེ་ནི་སྔོན་གྱི་འགྱུར་རྙིང་རྣམས་ལ་ཞུ་དག་མཛད་སྐབས་དངོས་སུ་འཕྲད་པའི་འགྱུར་སྐྱོན་འགའ་དང་འབྲེལ་ནས་བཏོན་པ་ཡིན་པས། ཚད་ངེས་ཅན་ཞིག་གི་སྒོ་ནས་བཤད་ན་དེ་ནི་འགྱུར་མའི་ཚད་གཞི་ཞིག་ཏུ་བརྩིས་ན་དེ་བས་ཀྱང་འོས་ཤིང་འཚམ་པ་ཞིག་ཡིན་པར་སྙམ། དེས་ན་སྒྱུ་རྩལ་རྩོམ་རིག་གི་འགྱུར་མ་ཞིག་ལ་མཚོན་ན་དེར་ཚད་གཞི་ག་འདྲ་ལྡན་དགོས་ཞེ་ན། རྒྱ་ནག་གི་སྒྱུ་རྩལ་རྩོམ་པ་པོའམ་ལོ་ཙཱ་བ་ཆེན་མོ་སྐུ་ཞབས་མའོ་ཏུན་ལགས་ཀྱིས། སྤྱི་བཏང་དུ་ལོ་ཙཱའི་ཚད་གཞི་དམའ་ཤོས་ནི། མ་མཐའ་ཡང་ཁ་གསལ་ཞིང་བརྗོད་བདེ་བའི་འགྱུར་ཡིག་གིས་མ་ཡིག་གི་བརྗོད་དོན་ཇི་བཞིན་དུ་མཚོན་ཐུབ་པ་ཞིག་ཡིན་དགོས། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་ལ་མཚོན་ན་ཚད་གཞི་དེ་འདྲ་ཁོ་ན་ཞིག་གིས་མི་ཆོག་སྟེ། སྒྱུ་རྩལ་རྩོམ་རིག་ནི་སྐད་ཆ་ལ་བརྟེན་ནས་བསྐྲུན་པའི་སྒྱུ་རྩལ་ཞིག་ཡིན་པས། དེ་ནི་བྱ་དངོས་ཀྱི་དོན་སྤྱི་དང་བྱུང་རིམ་ཁོ་ན་བརྗོད་པ་ཙམ་མ་ཡིན་པར། དེ་དག་ལས་གཞན་ད་དུང་ཀློག་པ་པོ་དག་གི་ཡིད་དབང་འགུག་ནུས་པའི་སྒྱུ་རྩལ་གྱི་རྟོག་ལྗོངས་ཤིག་ལྡན་དགོས་ཏེ། ཀློག་པ་པོ་རྣམས་ཀྱིས་སྣང་བརྙན་བརྒྱུད་དེ་བརྩམས་ཆོས་སུ་བཀོད་པའི་མི་སྣ་དག་གི་བསམ་བློ་དང་བྱ་སྤྱོད་སོགས་ལ་ཚོར་འདུ་དྲག་པོ་བསྐྱེད་ཐུབ་པ་ཞིག་ཡིན་དགོས། དེའི་ཕྱིར་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདི་ནི་སྐད་ཡིག་གཞན་ཞིག་གི་སྒོ་ནས་མ་རྩོམ་གྱི་སྒྱུ་རྩལ་རྟོག་ལྗོངས་དེ་བསྐྱར་མཚོན་བྱེད་པར་བརྟེན། འགྱུར་ལོངས་སུ་སྤྱོད་པའི་ཀློག་པ་པོ་རྣམས་ལ་མ་ཡིག་དངོས་སུ་བཀླགས་པ་ལྟ་བུའི་བློ་སྒོ་འབྱེད་ཅིང་མཛེས་ཉམས་སྟེར་བ་སོགས་ཀྱི་མྱོང་ཚོར་ཐོབ་ཐུབ་པ་ཞིག་ཡིན་དགོས་ཞེས་གསུངས་ཤིང་། སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་ནི་སྣང་བརྙན་དང་ཁྱད་གཟུགས་ཀྱི་སྒོ་ནས་སྤྱི་ཚོགས་འཚོ་བ་མཚོན་པ་དང་། རྩོམ་པ་པོའི་བསམ་བློ་དང་ཚོར་འདུ་ཕྱིར་མངོན་པ་ཞིག་ཡིན་ཏེ། ཨུ་རུ་སིའི་རྩོམ་པ་པོ་གྲགས་ཅན་ཀོར་ཅིས། སྒྱུ་རྩལ་རྩོམ་རིག་ནི་སྒྲ་སྤྱིའི་གོ་བ་བསྐྱེད་པ་མིན་པར། རྣམ་པ་དང་གཟུགས་ཀྱི་སྒོ་ནས་དོན་མངོན་སུམ་དུ་སྟོན་པ་ཡིན་ཞེས་གསུངས་པ་ལྟར། སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བ་འདིའང་བརྗོད་བྱའི་ནང་དོན་ཁོ་ན་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བ་ཙམ་གྱིས་ཆོག་པ་མིན་པར། ནང་དོན་དང་རྣམ་པ་ཀུན་གྱི་ཆ་ནས་ཀྱང་འགྱུར་དེའང་མ་ཡིག་དང་མཚུངས་པར་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་དགོས་ཏེ། ཨེར་ལན་གྱི་ལོ་ཙཱ་བ་ཆེན་མོ་ཐེ་ཐི་ལིར་གྱིས་ལོ་ཙཱའི་རྣམ་གཞགཅེས་པའི་རིག་གཞུང་དཔྱད་རྩོམ་ནང་དུ། འགྱུར་ཕུལ་དུ་བྱུང་བ་ཞིག་ཡིན་ན། མ་ཡིག་གི་དགེ་མཚན་ཡོད་དོ་ཅོག་མཚོན་ཐུབ་པས། འགྱུར་ལོངས་སུ་སྤྱོད་པའི་མི་རྣམས་ལའང་མ་ཡིག་དངོས་སུ་བཀླགས་པ་ལྟ་བུའི་མྱོང་ཚོར་བསྐྱེད་ཐུབ། དེར་བརྟེན་འགྱུར་ཡིག་ལ་མཚོན་ན། མ་ཡིག་གི་བརྗོད་དོན་ཡོངས་སུ་མཚོན་དགོས་པ་དང་གཅིག རྩོམ་གཤིས་དང་རྩོམ་རྣམ་སོགས་ཀྱང་མ་ཡིག་དང་གཅིག་མཚུངས་ཡིན་དགོས་པ་དང་གཉིས། ཚིག་སྦྱོར་མ་ཡིག་བཞིན་བརྗོད་བདེ་ཞིང་ཉམས་ལྡན་པ་ཞིག་ཡིན་དགོས་པ་དང་གསུམ་སྟེ། ཁྱད་ཆོས་འདི་གསུམ་མ་འཛོམས་ན་འགྱུར་ཚད་ལྡན་ཞིག་ཅིས་ཀྱང་ཐོན་དཀའ་ཞེས་གསུངས་པ་དང་། ཨ་རིའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཆེན་མོ་ནེ་ཏས་ཀྱང་། ལོ་ཙཱ་ཞེས་པ་ནི་མ་ཡིག་གི་ཚིག་དོན་དང་རྩོམ་ཉམས་སོགས་འགྱུར་ཡིག་གི་ནང་དུའང་ཤིན་ཏུ་འཚམ་ཞིང་རང་བཟོའི་གཡའ་ཙམ་ཡང་མེད་པར་གཅིག་མཚུངས་ཀྱི་ཚིག་བརྡའི་ཐོག་ནས་མ་ཡིག་གི་མཚོན་བྱའི་དོན་རྣམས་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་དགོས་པ་ཡིན་ལ། རང་བཟོའི་གཡའ་ཙམ་མེད་པ་ཞེས་པ་ནི་འགྱུར་ཀློག་ཚེ་མ་ཡིག་དངོས་སུ་བཀླགས་པ་ལྟ་བུའི་མྱོང་ཚོར་འབྱུང་བ་ལས་ཚིག་དོན་ལ་འགྱུར་ཤན་ཞུགས་པའི་ཚོར་བ་མི་སྟེར་བ་སྟེ་འགྱུར་ཡིག་གི་གཡའ་དང་བྲལ་བ་ཞིག་ཡིན་དགོས་པའི་དོན་ཡིན་ལ། ཤིན་ཏུ་འཚམ་པ་ཞེས་པ་ནི་འགྱུར་མའི་ནང་དུ་ལོ་ཙཱ་བས་རང་བཟོའི་གཡའ་ཙམ་མེད་པའི་རྨང་གཞིའི་ཐོག་ད་དུང་འགྱུར་མའི་རྗོད་བྱེད་ཚིག་གི་མཚོན་དོན་རྣམས་ཀྱང་མ་ཡིག་དང་ཅི་ཙམ་མཚུངས་ན་དེ་ཙམ་གྱིས་ལེགས་པའི་དོན་ཡིན། གཅིག་མཚུངས་ཞེས་པ་ནི་སྲོག་ལྟ་བུ་ཡིན་ཏེ། ཤིན་ཏུ་འཚམ་པ་དང་རང་བཟོའི་གཡའ་ཙམ་མེད་པ་སོགས་ཀྱང་མདོར་བསྡུས་ན་གཅིག་མཚུངས་ཡོང་བའི་ཆེད་ཡིན་ཞེས་གསལ་བཤད་ནན་མོ་མཛད་ཡོད་པ་འདི་དག་ལ་གཞིགས་ནས་དཔྱད་ན། ཡིག་སྒྱུར་གྱི་རྩ་དོན་གསུམ་ཞེས་པ་དང་ལོ་ཙཱའི་མཚན་ཉིད་ཀྱི་ཚིག་འགྲེལ་རྣམས་ཚང་མ་འགྱུར་མ་ལ་བལྟོས་ནས་བརྗོད་པ་ཡིན་པས། མཐར་གཏུགས་ནས་བཤད་ན་དེ་དག་ནི་ལོ་ཙཱ་བ་རྣམས་ཀྱིས་རང་གི་ཉམས་མྱོང་ལས་བཏོན་པའི་འགྱུར་མའི་ཚད་གཞི་ཡིན། སྤྱིར་སྐད་ཡིག་གཉིས་བར་ཕན་ཚུན་མི་མཚུངས་པའི་ཆ་འགའ་རེ་ཡོད་པས། མ་ཡིག་དང་འགྱུར་མ་གཉིས་བླུགས་གཅིག་ལས་ཐོན་པའི་འདྲ་སྐུའམ་མེ་ལོང་ནང་དུ་ཤར་བའི་གཟུགས་རིས་ལྟ་བུ་ཇི་མ་ཇི་བཞིན་ཞིག་ཐོན་དཀའ་མོད། འོན་ཀྱང་བསྒྱུར་བྱའི་མཚོན་དོན་ཧྲིལ་བོ་སྟེ་སྐད་ཆའམ་བརྗོད་པ་དེའི་བརྡ་འཕྲིན་དང་། སྒྱུ་རྩལ་གྱི་རྣམ་པ། བསམ་བློའི་རང་བཞིན་སོགས་ཆད་ལྷག་འཁྲུལ་གསུམ་མེད་པའི་སྒོ་ནས་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་ཅི་ཐུབ་བྱ་རྒྱུ་དེ་ནི་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་དམིགས་ཡུལ་ཉག་གཅིག་ཡིན་ཏེ། མདོར་བསྡུས་ན། མ་ཡིག་གི་བརྗོད་བྱའི་དོན་དང་མཐུན་ཞིང་འགྱུར་ཡིག་གི་སྐད་ཆའི་ལུགས་ལ་མཐུན་པ། མ་ཡིག་གི་རྩོམ་ལུས་དང་རྩོམ་གཤིས་མ་ཉམས་ཤིང་འགྱུར་ཡིག་གི་ཚིག་སྦྱོར་གྱི་ཁྱད་ཆོས་ལྡན་པ། མ་ཡིག་གི་རྩོམ་པ་པོའི་ཡིད་འགྱུར་དང་བརྩེ་དུང་མ་དོར་ཞིང་འགྱུར་ཡིག་ལོངས་སུ་སྤྱོད་པའི་མི་རིགས་དེའི་རིག་གནས་གོམས་སྲོལ་སོགས་ལའང་མི་འགལ་བ་བཅས་ནི་སྒྱུ་རྩལ་རྩོམ་རིག་གི་འགྱུར་མ་ཕུལ་དུ་བྱུང་བ་ཞིག་གི་ཚད་གཞིར་བཟུང་ན་འོས་ཤིང་འཚམས་པ་ཞིག་ཡིན་པར་སྙམ་མོ།༎
 
འོད་ཟེར་འཚོ། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སུ་ལས་གཉེར་བྱེད་བཞིན་ཡོད།

相关热词搜索:

上一篇:༄༅། །བྱེད་སྒྲའི་སྒྲ་རྣམས་དགོས་པ་ཅིའི་ཕྱིར་དུ་སྦྱར་བ་ལ་ཅུང་ཟད་དཔྱད་པ་རབ་གསལ་མེ་ལོང་།
下一篇:༄༅། །རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་བྱུང་བ་མདོ་ཙམ་བརྗོད་པ།

分享到: