༄༅། །རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་བྱུང་བ་མདོ་ཙམ་བརྗོད་པ།
2016年07月01日   来源:阿坝《藏学研究选编》   

ཤེས་རབ་རྒྱ་མཚོ།
 
     འདིར་མཁས་གྲུབ་ཐམས་ཅད་ཀྱི་གཙུག་རྒྱན་དམ་པ་མཁས་དང་གྲུབ་པའི་དབང་ཕྱུག་མཐུ་དང་སྟོབས་ནི་བརྒྱ་བྱིན་གྱི་ལག་ཉལ་ལས་ལྷག་པ། ཚུལ་བཞིན་མ་ཡིན་པའི་ལོག་ལྟའི་བྲག་རི་བསྙིལ་ཞིང་། དཔུང་ཚོགས་མ་ལུས་པ་བཅོམ་སྟེ་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་བྱེད་པའི་མཁས་གྲུབ་གཉིས་འཛོམས་ཀྱི་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ནི། དུས་རབས་བཅུ་བཞི་བའི་ལོ་རབས་བདུན་ཅུ་བ་ཡས་མས་སུ་ཁུ་འཇོའི་རིགས་སུ་བཙན་ལྷའི་སུམ་མདོར་སྐུ་བལྟམས། ཁོང་གི་རྣམ་ཐར་ལོ་ཚིགས་སོགས་གསལ་བའི་དཔེ་མི་འབྱོར་ཞིང་། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་སྔ་ཚར་བཞི་དང་། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་གྲས་ཡིན་པ་རྣམ་ཐར་ལོ་རྒྱུས་ཆོས་འབྱུང་སོགས་གཅིག་མཐུན་ཡིན་ཏེ། འཇིགས་བྱེད་ཆོས་འབྱུང》《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》《རྣམ་ཐར་དད་པའི་འཇུག་ངོགས》《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར》《མདོ་སྨད་ཆོས་འབྱུངསོགས་སུ་གསལ་ལ། རབ་དུས་ལྕགས་བྱའི་(སྤྱི་ལོ་༡༣༨༡)ལོ་ལ། འོན་གྱི་ལྷ་ཁང་ཀེ་རུར་(ལྷོ་ཁའི་རྩེད་ཐང་ནས་མར་གཙང་བོའི་ཟམ་ཆེན་བརྒྱུད་པར་བཀྲ་ཤིས་དོ་ཁ་ནས་ཡར་རྐང་ཐང་ལ་ཉིན་ཕྱེད་ཀྱི་ལམ་ཡིན)ཆོས་བར་ལ་བྱོན། ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། རབ་ཐུབ་ས་འབྲུག་(༡༣༨༨)ལོ་ལ། ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད། དེའི་ནུབ་གཅིག་དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ་དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག དེ་ལག་ཏུ་བླངས་ནས་བུས་པས། སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲགས་པ་ཞིག་རྨིས་འདུག ཕྱིས་ཁོང་གིས་རྒྱལ་མོ་རོང་འདི་ཕྱོགས་སུ་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་སྟེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན། ཞེས་སོགས་གསུངས་སོ༎ རྗེ་འདི་ཉིད་ལ་བཅུ་ཕྲག་རིག་པའི་གནས་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལས་ཕ་རོལ་ཏུ་སོན་པ་ནི། མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བལས། ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉི་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ༎ ༎ རབ་ཐུབ་ཆུ་སྤྲུལ་༡༣༩༢ལོར། རྗེ་རོང་ཆེན་ལྗགས་ནག་པ་རབ་ཏུ་བྱུང་བ་རྗེ་ཉིད་ལ་ཞུས་པས། རྗེའི་ཞལ་སྔ་ནས་དང་། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་བོ། གནས་བརྟན་རིན་ཆེན་རྒྱལ་མཚན་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང་། བྱ་བྲལ་ལ་མ་ཐེག་གོང་གི་སྲས་སྔ་ཚར་བཞི། ཞེས་པ་ལྟར་དེ་ནས་འདི་ཕྱོགས་སུ་ཕེབས་ཏེ་དགོན་སྡེ་རྣམས་བཏབ་ནས་རྗེ་ལ་འཕྲིན་ཕུལ་བའི་གསུང་ལན་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཀུན་གྱི་མ་འདྲེས་མཛའ་བཤེས་ཏེ། །བླ་ན་མེད་པའི་གྲོགས་ཀྱི་ཕུལ། །ཕོངས་པ་རྣམས་ཀྱི་མཉེན་གཅིག་བུ། །ཟླ་མེད་སྟོན་པ་དེར་ཕྱག་འཚལ། །དེ་ཡི་བསྟན་པ་གཅིག་བུ་ཉིད། །འགྲོ་བའི་ཉེར་འཚོར་མཐོང་གྱུར་པ། །དེ་ཡིས་རང་གིས་སློབ་མ་ལ། །བརྩེ་བའི་བསམ་པས་འདི་སྐད་གླེང་། །སྐྱེ་རྒུ་རྣམས་ཀྱི་ཕན་བདེའི་གཏེར། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས། །ཡོངས་སུ་འཛིན་ལ་མ་ཞུམ་པ། །བུ་ཁྱོད་རིང་དུ་རྒྱལ་གྱུར་ཅིག །བློ་ལྡན་ཁྱོད་ཀྱི་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། །ཚུལ་དེ་གསལ་བར་བྱེད་པའི་འཕྲིན་ཡིག་ནི། །དོན་བཟང་ཚིག་འབྲུ་བཟང་བོ་སྐྱེས་དང་བཅས། །ཉིད་ཀྱི་དྲིན་གྱིས་ཁྱིམ་ནས་མངོན་འབྱུང་བ། ། འགའ་ཡིས་བདག་གི་གམ་དུ་ཕྱིན་པར་བྱས། །དེ་ཚེ་བདག་ཡིད་ཤིང་བལ་ནི། །ཉིད་ཀྱི་ཀུན་སྤྱོད་སྐྱོན་མེད་པའི། །དྲི་ཡི་བཞོན་པས་དབང་བྱས་པས། །ཕྱོགས་དེར་ཀུན་ཏུ་སོང་བར་གྱུར།། རྒྱལ་བའི་གསུང་རབ་མ་ལུས་སྡེ་སྣོད་གསུམ། །དེ་ཕྱིར་བསྟན་པའི་སྙིང་བོ་བསླབ་པ་གསུམ། །དེ་དག་ཐོག་མ་ཚུལ་ཁྲིམས་བསླབ་པ་སྟེ། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །ཞེས་པ་ནས། གཅིག་ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང་། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པས་རྗེས་སུ་ཞུགས་ཤིང་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིང་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་པ་འདི་ནི་ཡང་དག་པའི་དགེ་བའི་ཤེས་གཉེན་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས། ཤར་རྒྱལ་མོ་རོང་དུ་སྔོན་མེད་པའི་རབ་ཏུ་བྱུང་བའི་སྡེ་ཁྱད་པར་ཅན་བཙུགས་ནས་འཕྲིན་ཡིག་སྤྲིངས་བྱུང་བའི་ལན་དུ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། ཨེའི་སའི་ཕྱོགས་དབེན་གནས་ཏེའུ་ར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་གཅིག །ཅེས་པ་ས་ཡོས་(༡༣༩༩)ལོ་ཡིན། ལམ་གཙོ་ཡང་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ༎ ཞེས་དང་། ཆུ་རྟ་(༡༤༠༢)ལོར་རྗེ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་མཛད་ནས་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ལ་གནང་བ་སྤྱི་བོར་སྨིན་ཏེ་ལམ་གྱི་གནད་ཕྲ་རགས་ཐམས་ཅད་ལ་བཅོས་མིན་གྱི་ངེས་པ་རྙེད་ནས། ལྷ་དང་བླ་མ་ལ་ཇེ་དད་དུ་སོང་བ་སོགས་ཀྱི་བཀའ་དྲིན་གཞལ་སླད་དུ་ཞུ་ཡིག་དང་གོས་དམར་སྨུག་དང་། མཆིལ་ལྷམ་ཟུང་གི་རྟེན་དང་བཅས་པ་འདི་ཕྱོགས་ནས་ཡར་ཕུལ་བ་ལ། གསུང་ལན་གནང་བ་ནི། འདྲེན་མཆོག་རྒྱལ་བ་དེ་ཡི་རྒྱལ་ཚབ་དང་། །རྗེ་བཙུན་མཁྱེན་པའི་གཏེར་དང་ཀླུ་སྒྲུབ་ཞབས། །འཕགས་པ་ཐོགས་མེད་རྣམས་ཀྱི་མཛད་འཕྲིན་རྣམས། །སྐལ་ལྡན་ཁྱོད་ལ་རྟག་ཏུ་འཇུག་གྱུར་ཅིག །ཡངས་པའི་རྣམ་དཔྱད་མཁའ་ལྟར་རྒྱ་ཆེ་ཞིང་། །ཕུལ་བྱུང་དད་པ་རི་དབང་ལྟར་བརྟན་ལ། །བསྟན་པའི་ཁུར་གྱིས་ནམ་ཡང་མི་ངལ་བའི། །བཤེས་གཉེན་ངག་དབང་གྲགས་པ་ཞེས་གྲགས་པའི། སྡོམ་བརྩོན་མཆོག་དེས་ཤིང་རྟ་ཆེ་གཉིས་ལས། །ལེགས་པར་བརྒྱུད་པའི་སྐྱེས་བུ་གསུམ་གྱི་ལམ། །ལེགས་བཤད་རྒྱ་མཚོ་བྱང་ཆུབ་ལམ་རིམ་གྱི། །ཡི་གེ་འཕྲེང་བས་མིག་ལ་དཔལ་བྱིན་པས། །དོན་དཔྱོད་ཡིད་ནི་བདུད་རྩིས་ངོམས་སོ་ཞེས། །རྣར་སྙན་ཡིད་ལ་འབབ་པའི་འཕྲིན་ཡིག་གིས། །སྲབ་འཇམ་ཡང་བའི་དམར་སྨུག་གོས་མཆོག་དང་། །མཆིལ་ལྷམ་ཟུང་གི་རྟེན་བཅས་བསྐུར་བ་འཕྲོད། །གཟར་བུས་ཚོད་མའི་རོ་ལ་ཇི་བཞིན་དུ། །ལེགས་བཤད་རིང་དུ་བསྟེན་ཡང་ལྕིགས་དཀའ་བ། །རོ་འཛིན་དབང་བོས་རོ་ལ་ཇི་བཞིན་དུ། །ཡུད་ཙམ་རེ་ཡིས་ཉམ་སུ་མྱོང་བ་མཚར། །དེང་དུས་ཡང་དག་པ་དང་ལྟར་སྣང་གི །ལམ་གྱི་རྣམ་དབྱེ་ཤེས་པ་ཆེས་ཆེར་དཀོན། །བརྒྱ་ལ་སྲིད་ཀྱང་ལེགས་བཤད་ལེགས་བཤད་དུ། །ཇི་བཞིན་ཤེས་པའང་དེ་འདྲ་ཁོ་ནར་བས། །དེ་ཕྱིར་ཟབ་ཅིང་རྒྱ་ཆེའི་ལམ་གྱི་གནད། །ཕྲ་མོ་རྣམས་ལའང་བཅོས་མིན་ངེས་རྙེད་ཅིང་། །ཡི་གེར་བཀོད་པ་མཐོང་ཚེ་ཁོ་བོའི་ཡིད། །རིམ་དུ་ངལ་བའི་འབྲས་བུ་ཐོབ་པས་ཚིམ། །ཞེས་པ་ནས། ལེགས་པར་དམིགས་ཕྱེད་པའི་གནད་ཀྱིས་བག་ཆགས་བརྟན་པར་འཇོག་པ་ལ་གཞན་དང་མི་འདྲའོ། །ཞེས་པ་འདི་ནི་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་ཞུ་ཡིག་གི་ལན་དུ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་གནང་བའོ༎ འདི་རྣམས་ལ་དཔག་ན། ལྕགས་སྟག་༡༤༡༠ལོར་ཚ་ཁོ་ངག་དབང་གྲགས་པ་ཨ་མདོར་བྱོན་ཞེས་པ་མིན་སྙམ་སྟེ། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ནི། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་ཡིན་པས། རྫིང་ཕྱིའི་(ལྷོ་ཁ་ཡིན)ཇོ་བོ་བྱམས་པར་ཞིག་གསོ་མཛད་སྐབས་དང་། གཉལ་གྱི་ཕྱོགས་སུ་ཆོས་གསུང་སྐབས་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་སྐབས། གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་སྐབས་སོགས་སུ་རྗེ་ཙོང་ཁ་བ་ཆེན་པོའི་འཁོར་དུ་མ་ཟད་དབུས་གཙང་དུ་ཡོད་པ་རྗེ་ཡབ་སྲས་ཀྱི་རྣམ་ཐར་གང་དུའང་མི་སྣང་ཡང་ཐ་ན་གསུང་སྒྲོས་ཙམ་ཡང་མ་མཆིས་པས་སོ༎ བྱ་བྲལ་ལ་མ་ཐེག་གོང་ཞེས་པའི་ཚིག་ཟུར་ལས། ཆུ་སྤྲེལ་༡༣༩༢ལོ་གཡས་མས་སུ་ཨ་མདོར་ཕེབས་པར་མངོན། ཡང་རྗེའི་རྣམ་ཐར་ཆེན་མོ་ལས། འདིས་ནི་རྗེ་བདག་ཉིད་ཆེན་པོར་འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་མཛད་པའི་སྐུལ་བ་བོ་ཡང་མཛད། ཁམས་ཕྱོགས་སུ་འཕྲིན་ལས་ཆེ་ཞིང་དགོན་པ་ཁྱད་པར་ཅན་ལྔ་བཏབ། ཅེས་པ་འཇིགས་བྱེད་དཔའ་བོ་གཅིག་པ་མིན། འདི་ལ་སྐུལ་བ་བོ་མེད་དེ། ལམ་འདི་ལ་སྒྲུབ་པ་སྙིང་བོར་བྱེད་པ་མང་བོ་ལ་ཕན་པར་མཐོང་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་བཟོད་པ་དཔལ་ལོ༎ འདི་ལ་སྐུལ་བ་བོ་མེད། ཁམས་ཕྱོགས་སུ་མིན་ཏེ། བཙན་ལྷའི་སུམ་མདོར་འཁྲུངས། དགོན་པ་ལྔ་མིན་ཏེ་བརྒྱ་རྩ་བརྒྱད་བཏབ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ༎ ཐུགས་རྗེ་ཆེན་པོས་གཞན་གྱི་དབང་གྱུར་པས། །ཤིན་ཏུ་ཞི་བའི་རྗེ་བཙུན་འཇམ་པའི་དབྱངས། །དྲག་པོའི་སྟོབས་ཀྱིས་སྙེམས་པའི་གདུག་པ་ཅན། །འདུལ་ཕྱིར་ཤིན་ཏུ་ཁྲོས་པའི་སྐུར་བསྟན་པ། །དཔལ་ལྡན་བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི། །ཞབས་ལ་བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །ཐག་རིང་ཡུལ་ནས་མང་ཐོས་སྡོམ་བརྩོན་མཆོག །ངག་དབང་གྲགས་པས་བསྐུར་ཕྱིར་འདིར་བཤད་བྱ། །ཞེས་པ་ནས། ཅེས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་འདི། སྡོམ་བརྩོན་དམ་པ་མང་དུ་ཐོས་པའི་མཁན་ཆེན། ཚ་ཁོ་ངག་དབང་གྲགས་པས་ཤར་རྒྱལ་མོ་རོང་ནས་བསྐུལ་བའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྣམ་འབྱོར་བ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་བ་ནི་སྡེ་སྣོད་འཛིན་པ་རྡོ་རྗེ་རིན་ཆེན་ནོ༎ ༎ འདི་སྐུལ་བ་བོ་ཡིན། ཞང་ཞུང་བ་ཆོས་དབང་གྲགས་པ་ཡབ་རྗེ་འདིའི་གསུང་སྐྱེས་ཡིན་པར་སེམས་ཏེ། ཞང་ཞུང་ཆོས་དབང་གྲགས་པས། ང་ཡི་བླ་མ་ངག་དབང་གྲགས་པ་ཡིན། །བླ་མའི་བླ་མ་བློ་བཟང་གྲགས་པ་ཡིན། །ཞེས་སོགས་གསུངས་སོ༎ གསུང་འབུམ་ནི། རབ་རྒྱལ་ས་ཕག་༡༩༥༩ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་རྣམས་ཀྱིས་ཞིབ་བསྒྲིགས་བྱས་པའི་དཔེ་མཛོད་ཆེན་མོའི་དཔེ་ཆ་སྤྱིའི་དཀར་ཆག་གི་སྨད་ཆའི་ཤོག་གྲངས་༩༧༩བའི་མགོར། བརྒྱ་དང་དོན་ལྔ་བ་ཚ་ཁོ་ངག་དབང་གྲགས་པའི་གསུང་འབུམ་ཚར་གཅིག ཁྱོན་ཤོག་གྲངས་༦༥༥བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་ལ་བསྟོད་པ་སོགས་ལེ་ཚན་༣༢འདི་ནང་སྙན་ངག་མི་དམན་པའི་ཞུ་ལན། མིང་གི་མངོན་བརྗོད་སོགས་དྲིས་ལན་བརྒྱ་བཅུ་བ། དག་ཡིག་སྨྲ་བའི་རྒྱན། ཞེས་པ་དེ་རྣམས་ཀྱི་ནང་ནས་པོད་གཅིག་སྟེ་ཤོག་གྲངས་༣༡༤དཔེ་མཛོད་དེ་ནས་རྙེད་དེ་གཡར་བོ་ཞུས་ཏེ་འདི་ནས་བསྐྱར་དཔར་བྱས། འདི་ཆ་ཚང་པོ་ཏི་གཅིག་ལ་དབུ་མེད་སྐུང་བཙན་པོ་ཅན་ཞིག་ཡིན། ད་དུང་པོད་གཅིག་ཡོད་ཀྱང་མ་རྙེད། འདིའི་དཀར་ཆག་ནི། ­­༼ བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མའི་བསྟོད་པ་དང་། རྗེ་བཙུན་བློ་གྲོས་བརྟན་པའི་རྣམ་ཐར་གསོལ་འདེབས་ལ་ཤོག་གྲངས་༣། བྱང་ཆུབ་ལམ་གྱི་རིམ་པའི་དཀའ་གནད་ངག་དོན་དུ་དྲིལ་བ་རྗེ་བློ་གྲོས་བརྟན་པའི་གསུང་རྒྱུན་ཟིན་བྲིས་སུ་བྱས་པ་ལ་༡༢༧། ༼ བྱང་ཆུབ་ལམ་གྱི་རིམ་པ་ནས་འབྱུང་བའི་ཉམས་ལེན་གྱི་སྒོ་རྣམ་པར་ངེས་པ་ལེགས་གསུང་ཀུན་གྱི་ཉིང་ཁུ་ལ་༢༦། ༼ རྗེའི་ཉམས་མགུར་ལམ་རིམ་བསྡུས་དོན་གྱི་འགྲེལ་བ་ལ་༧། ༼ དྲིས་ལན་རྣམ་དཔྱོད་མཛེས་པའི་རྒྱན་ཕྲེང་ལ་༡༥། ༼ ལྷག་བསམ་རབ་ཏུ་དཀར་བའི་རྣམ་བཤད་སྤྱོད་ཕྱོགས་ཀྱི་དྲིས་ལན་དངོས་གྲུབ་ཀྱི་ཕྲེང་བ་མཁས་པའི་རྒྱན་ལ་༢༥། ༼ ལྷག་བསམ་རབ་དཀར་གྱི་ལྟ་སྒོམ་གྱི་དྲིས་ལན་ལ་༢༧། ༼ འདུལ་བ་རྒྱ་མཚོའི་རྣམ་བཤད་གཞན་ལ་ཕན་པ་ལ་༣༨། ༼ ཀུན་ཏུ་དགའ་བའི་ཟློས་གར་ལ་༡༦། སྙན་དངགས་ཀྱི་སྙིང་བོ་ལེན་པར་འདོད་པ་རྣམས་གཏམ་དུ་བྱ་བ་མི་དམན་པའི་ཞུས་ལན་ཡང་འདི་ཡིན། ༼ ཆོས་སྤྱིའི་སྔོན་འགྲོ་དྲང་དོན་ཆོས་ཀྱི་རྒྱ་མཚོ་ལ་༦། ༼ རྒྱལ་བ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་རྣམ་པར་བསྔགས་པའི་དོན་རབ་ཏུ་ཕྱེ་བའི་སྙིང་བོའི་རྒྱན་རྣམ་པར་བཀོད་པ་ལ་༢༢། ཁྱོན་༣༡༤ཡོད། འདིའི་ནང་ནས་ཆ་དང་ཇའི་ཚན་པ་སྟེ་སྙན་སྐུལ་ལྷག་བསམ་རབ་དཀར་གྱི་དྲིས་ལན་དངོས་གྲུབ་ཀྱི་འཕྲེང་བ་ཞེས་བྱ་བ་འདི་ཉིད། སྒོམ་ཆེན་ངག་དབང་གྲགས་པའི་བློ་གྲོས་ཀྱིས་རྩད་པོ་(བཙན་པོ་དང་གཅིག་སྟེ་རྒྱལ་བོའི་དོན་ཡིན་བརྡ་རྙིང)མཁའ་སྤྱོད་ཀྱི་གུར་ཁང་དུ་སྦྱར་བ་ཞེས་པ་དང་། ཉའི་ཚན་པ། ཆོས་འདུལ་བ་རྒྱ་མཚོའི་སྙིང་བོའི་རྣམ་བཤད་གཞན་ལ་ཕན་པ་ཞེས་བྱ་བ་འདི་ནི། དགེ་སློང་ངག་གི་དབང་ཕྱུག་གྲགས་པས་དཔལ་འབྲས་སྟེངས་ཀྱི་ཆོས་གྲྭ་ཆེན་པོར་སྦྱར་བ་ཞེས་པ་དང་། ཞེས་བྱ་འདི་ནི་མཚལ་ལུ་བྱང་གི་གྲོང་ཁྱེར་ཆེན་པོར་སྨྲས་པའོ༎ ༎ ཞེས་པ་དང་། ཏའི་ཚན་པ། སྙན་ངག་གི་བསྟན་བཅོས་མི་དམན་པའི་ཞུས་ལན། སྣང་བ་ལམ་བསྒྱུར་གྱི་གདམས་པ་ཞེས་བྱ་བ་འདི་ནི། དཔལ་ཚ་ཁུ་ཚ་ཁོ་ལྷ་སྟེངས་ཀྱི་ནགས་ཁྲོད་དུ་བསྡད་པའི་ཚེ་ཉེ་ནས་རྒྱ་མཚོ་རིན་ཆེན་ན་རེ། སྙན་དངགས་དོན་རྒྱན་དུ་མ་དང་ལྡན་པ་གཅིག་མཛད་དགོས་ཟེར་ནས་ནན་གྱིས་བསྐུར་བའི་དོན། ཆོས་སྨྲ་བའི་བཙུན་པ་ངག་གི་དབང་ཕྱུག་གྲགས་པ་གཞན་ལ་ཕན་པའི་སྡེ་ཞེས་བྱ་བ། ཉམས་དགའ་བའི་བན་བུན་གྱི་དཔལ་སྦྱར་བ་ཞེས་པ་(ལྷ་སྟེང་ནགས་ཁྲོད་ཅེས་པ་ད་ལྟའི་ཆུ་ཆེན་རྫོང་ཁོངས)ཐའི་ཚན་པ། ཆོས་ཐམས་ཅད་ཀྱི་ཐུན་མོང་སྤྱིའི་སྔོན་དུ་འགྲོ་བ། དྲང་དོན་ཆོས་ཀྱི་རྒྱ་མཚོ་འདི་ཉིད་དགེ་སློང་ངག་གི་དབང་ཕྱུག་གྲགས་པས། ཤམ་བུ་གངས་དཀར་གཡུ་ལུང་སྐྱིད་མོ་གཤོངས་ཀྱི་དབེན་གནས་སུ་སྦྱར་བ་ཞེས་པ་དང་། (འདིའང་ལྷ་སྟེང་དང་ཕྱོགས་ཉེ་བ་ཡིན་གསུངས)དའི་ཚན་པ། རྒྱལ་བ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་རྣམ་པར་བསྔགས་པའི་དོན་རབ་ཏུ་ཕྱེ་བའི་རྒྱན་རྣམ་པར་བཀོད་པ་ཞེས་བྱ་བ་འདི་ཉིད། དགེ་སློང་ངག་གི་དབང་ཕྱུག་གྲགས་པའི་བློ་གྲོས་ཞེས་བགྱི་བས། རི་བོ་ལྷ་སྟེངས་ཀུན་ཏུ་དགེ་བའི་སའི་ཆ་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པའི་ནགས་ཁྲོད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ། པོ་ཏི་འདི་ལ་ལེ་ཚན་བཅུ་གཅིག་ཡོད་ཀྱང་ཕྲན་གྱིས་ས་ཆ་འདི་རྣམས་མི་ཤེས་ཤིང་། རྒྱལ་རོང་ཆོས་འཛིན་ཞེས་པ་དགུང་ལོ་གྱ་བཞི་སྤྱན་ཧ་ཅང་གསལ་བ་སྔར་ལས་ཁུངས་འདིའི་ལས་བྱེད་ཡིན་ཡང་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཏེ་བསྡད་ཡོད་པ་ལ་ཕྲན་གྱིས་ཡི་གེ་གཡར་ཏེ་ཚར་གཅིག་ཞིབ་གཟིགས་གནང་རོགས་ཞུས་པས། དེའི་ནང་ནས་ཚན་པ་དྲུག་པོ་འདི་རྩོམ་སའི་ས་ཆ་རྣམས་རྒྱལ་རོང་གི་ས་ཡིན་ཞེས་གསལ་བོ་གསུངས། པོད་གཅིག་པོ་འདི་ལས་གཞན་རྣམས་མཐོང་བའི་ཡུལ་དུ་མ་གྱུར། པོ་ཏི་ལའི་དགེ་ལྡན་པའི་བླ་མ་རྣམས་ཀྱི་གསུང་འབུམ་དཀར་ཆག ༡༩༩༠ལོར་དཔར་དུ་བསྐྲུན་པའི་ཤོག་གྲངས་༡༨༢དྭགས་པོ་མཁན་ཆེན་ངག་དབང་གྲགས་པའི་གསུང་འབུམ། (དཀར་ཆག)གླེགས་བམ། ༠༠༥༡དང་བོ། () ཆོས་ཀྱི་རྗེ་ངག་དབང་གྲགས་པའི་གསུང་འབུམ་བྱིན་རླབས་ཉེ་བརྒྱུད་རིམ་པ་ལ། ༥ () བྱང་ཆུབ་ལམ་གྱི་རིམ་པའི་དཀའ་གནད་ངག་འདོན་དུ་དྲིལ་བ་གཙང་བ་གདུང་བདུན་གྱི་དྲུག་པ་རྗེ་བློ་གྲོས་བརྟན་པའི་གསུང་རྒྱུན་ཟིན་བྲིས་སུ་བྱས་པ་ལ། ༡༦༥ () བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བའི་ཉམས་ལེན་གྱི་སྒོ་རྣམ་པར་ངེས་པ་ལེགས་གསུངས་ཀུན་གྱི་ཉིང་ཁུ་ལ། ༣༨ () འདུལ་བ་རྒྱ་མཚོའི་རྣམ་བཤད་གཞན་ཕན་ལ། ༤༦ () ཐུབ་པའི་སྐྱེས་རབ་སོ་བཞི་བ་ལ། ༥༤ () གནས་བརྟན་བཅུ་དྲུག་གི་མཆོད་པའི་ཆོ་ག་བྱིན་རླབས་སྤྲིན་སྤུང་ལ། ༣༡ () སྨན་བླ་བདེ་གཤེགས་བརྒྱད་སྨོན་ལམ་ཡོངས་སུ་དག་པའི་རྒྱན་གྱི་འགྲེལ་བ་ལ། ༥༣དཀར་ཆག་ལ། ༡ཁྱོན་༣༩༣ ༠༠༥༥༢ གཉིས་པ། () རྟེན་འབྲེལ་བསྟོད་པའི་ཊཱིཀྐ་ལ། ༢༦ () རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལ། ༣༢ () དྲི་བ་ལྷག་བསམ་རབ་ཏུ་དཀར་བའི་རྣམ་བཤད་དྲིས་ལན་དངོས་གྲུབ་ཀྱི་འཕྲེང་བ་མཁས་རྒྱན་ལ། ༢༦ () ལྷག་བསམ་རབ་དཀར་གྱི་ལྟ་སྒོམ་དྲིས་ལན་ལ། ༣༢ () རྗེ་ཉིད་ཀྱི་ཇོ་ནང་བའི་འདོད་པ་བརྗོད་པ་དོན་བཞི་བ་ལ། ༡༠ () རྗེ་བཙུན་འཕགས་པ་ལྷའི་གསུང་ལན་དུ་བསྲིངས་པ་ལམ་བཟང་སྙིང་བོ་གསལ་བའི་མེ་ལོང་ལ། ༣༧ () འཕགས་པ་ལྷའི་དྲིས་ལན་ངང་བའི་རྒྱལ་བོ་སྟོབས་བཅུ་བ་ལ། ༢༣ () དྲིས་ལན་རྟིང་མའི་ལན་ལ། ༡༠ () དྲིས་ལན་རྣམ་དཔྱོད་མཛེས་པའི་རྒྱན་འཕྲེང་ལ། ༡༨ (༡༠) སྙན་ངག་གི་བསྟན་བཅོས་མི་དམན་པའི་ཞུས་ལན་ལ། ༣༡ (༡༡) རྗེ་ཉིད་ཀྱི་ས་ལམ་སྟེགས་བུ་ལ། ༦ (༡༢) ཆོས་ཐམས་ཅད་ཀྱི་སྔོན་འགྲོ་བསླབ་བྱ་དང་བཅས་པ་དྲང་དོན་ཆོས་ཀྱི་རྒྱ་མཚོ་ལ། ༦ (༡༣) རྗེ་ཉིད་ཀྱི་གསུང་ཞི་ལྷག་རྣམ་བཞག་མདོར་བསྡུས་ལ། ༥ (༡༤) རྗེ་ཙོང་ཁ་བའི་ཉམས་མགུར་ལམ་རིམ་བསྡུས་དོན་གྱི་འགྲེལ་བ་ལ། ༨ (༡༥) དཔལ་ལྡན་ས་གསུམ་མའི་ས་བཅད་སོགས་ལ། ༢༡ (༡༦) དཔལ་ལྡན་བླ་མ་བློ་གྲོས་བརྟན་པ་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ལ། ༡༠ (༡༧) བསྟན་བཅོས་མོས་གུས་ཅན་གྱི་རྒྱན་ཞེས་པ་ལ། ༡༥ (༡༨) གསུང་མགུར་སོགས་ལ། ༢༡དཀར་ཆག་ལ། ༡ ཁྱོན་༣༣༨ ༠༠༥༥༣ གསུམ་པ། () ཤམྦྷ་ལའི་ཆོས་རྒྱལ་དང་རིགས་ལྡན་གྱི་བསྟོད་པ་ལ། ༡༧ () རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་མྱུར་བྱོན་གྱི་གསོལ་འདེབས། སྐུ་སྐྱེ་རིན་པོ་ཆེའི་གསོལ་འདེབས། དུང་དཀར་འབྲུག་ལ་གནང་བའི་གདམས་པ་དཔེ་གསུམ་དོན་གཅིག་མ་བཅས་ལ། ༡༧ () མི་ཆོས་བསླབ་བྱ་སོགས་ལ། ༡༣ () བརྡ་དག་སྨྲ་རྒྱན་ལ། ༡༡ () དུས་འཁོར་བསྐྱེད་རིམ་ལ། ༩༢ () རྣམ་དག་དབང་གི་ཆུ་བོ་ལ། ༤ () དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀྱི་ཉམས་ལེན་གསལ་བ་ལ། ༣༧ () གསང་བ་འདུས་པའི་རིམ་པ་དང་བོའི་རྣམ་བཤད་ལ། ༣༦ () གསེར་ཆོས་དམར་ཁྲིད་ལ། ༡༣ (༡༠) ཆོས་དྲུག་རྡོ་རྗེ་ཚིག་རྐང་རྣམ་བཤད་ལ། ༥ (༡༡) རྫོགས་རིམ་ནོར་བུ་འགེངས་པ་ལ། ༤ (༡༢) མི་ཤིག་ཐིག་ལེའི་རྫོགས་རིམ་ལ། ༤ (༡༣) གནོད་སྦྱིན་ཞང་བློན་གྱི་སྒྲུབ་ཐབས་དང་། དགེ་བསྔོའི་དཔར་བྱང་སྨོན་ཚིག་བཅས་ལ། ༩ དཀར་ཆག་ལ། ༡ ཁྱོན་༢༦༣ པོ་ཏི་ལར་པོད་གསུམ་ལ་ལེ་ཚན་སོ་བརྒྱད། ཁྱོན་དཀར་ཆག་གསུམ་བཅས་ལ་ཤོག་གྲངས་༩༩༤ཡོད། དཔར་མ་ཡིན་སྙམ་པེ་ཅིན་གྱི་མི་རིགས་རིག་གནས་ཕོ་བྲང་གི་པོད་གཉིས་པ་ཁ་པོད་དཔར་མ་དང་འདི་གཉིས་འདྲ། མཚན་ཡང་འདྲ། གཙང་བ་བློ་གྲོས་བརྟན་པས། (ད་ལྟ་ལྷོ་ཁའི་རྒྱ་ཚ་རྫོང་གི་གྲོང་རྡལ་ན་གྲྭ་བ་ཞེ་གཉིས་ཡོད། ཕྲན་༩༨ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་མཇལ།) ཨེ་དྭགས་སུ་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་བཙུགས། དྭགས་པོ་གྲྭ་ཚང་གི་འཆད་ཉན་དུ་མཁན་ཆེན་ངག་དབང་གྲགས་པ་བསྐོས་ནས་དགའ་ལྡན་བྱང་རྩེར་བྱོན་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བེེ་སེརལས་གསུངས། མཁན་རབས་གཉིས་པ་ཡིན་པས། མཚན་ལ་ཡང་དྭགས་པོ་མཁན་ཆེན་ཐོགས། མཛད་པ་བོའི་ལོ་རྒྱུས་སུ་(ཡིད་ཚོད་ཀྱིས་)དྭགས་པོ་མདའ་རུ་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་ནང་འཁྲུངས། ཞེས་དང་། རྗེ་འདིའི་མཛད་རྣམ་ཞིབ་པར་མ་རྙེད། ཅེས་དང་། པེ་ཅིན་མི་རིགས་རིག་གནས་ཕོ་བྲང་གི་ཤེས་བྱའི་གཏེར་མཛོད་དེབ་གཉིས་པའི་ཤོག་གྲངས་༣༩༠རུ་རྩོམ་པ་བོའི་ལོ་རྒྱུས་ཉུང་བསྡུས། དགའ་ལྡན་ཁྲི་ཐོག་བདུན་པ་དྭགས་པོ་མཁན་ཆེན་བློ་གྲོས་བརྟན་པའི་སློབ་མ་དྭགས་པོ་ངག་དབང་གྲགས་པ་ནི། བོད་རབ་བྱུང་བརྒྱད་པའི་མི་སྟེ། སྤྱི་ལོ་ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ཡར་མར་ཙམ་ལ་འཁྲུངས་པར་མངོན། (འཕྱིས་) ཁོང་དགུང་ལོ་གཞོན་ནུའི་དུས་སུ་ཆབ་མདོར་བཞུགས་ཡོད་པ་དང་། འཕགས་པ་ལྷར་དྲིས་ལན་དང་ཆབ་ཤོག་མང་དུ་ཕུལ་བ། དགུང་དར་མའི་དུས་སུའང་ཆབ་མདོ་བྱམས་པ་གླིང་དུ་ཕེབས་པ་སོགས་ལ་དཔགས་ན་འཁྲུངས་ཡུལ་ཆབ་མདོ་ཡིན་ནམ་སྙམ། ཞེས་སོགས་དང་། སྐུ་ཚེ་ཡུན་རིང་ཙམ་བཞུགས་པར་སྣང་ཡང་། རྣམ་ཐར་མ་མཇལ་ཞིང་། ཡིུད་རྟོན་རུང་བའི་དཔྱད་གཞི་གཞན་ཡང་མ་མཐོང་བས། ནམ་ཙམ་སྐུ་གཤེགས་པ་སོགས་འདིར་ཞུ་ཐབས་དབེན། ཁོང་གི་མཚན་གྱི་རྣམ་གྲངས་ནི། ངག་གི་དབང་བོ། ངག་གི་དབང་ཕྱུག གྲགས་པ་དབང་ཕྱུག བཙུན་པ་བློ་བདེ། བསོན་ནམས་ཡེ་ཤེས་དབང་བོ། མེེ་ཏྲི། གྲགས་པའི་བློ་གྲོས། མཁན་ཆེན་ངག་དབང་གྲགས་པ་སོགས་སོ༎ རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་སླར་ཡང་དབུས་གཙང་དུ་ཕེབས་ནས་རྗེ་ཙོང་ཁ་བ་དག་ཞིང་གནང་ཕྱིན། མཁས་གྲུབ་རྗེ་ལས། འཇིགས་བྱེད་འཕྲུལ་འཁོར་ཡང་གསན་པ། མཁས་གྲུབ་རིན་པོ་ཆེའི་གསུང་ལས། ཞལ་ཤེས་ཚ་ཁོ་བ་སོགས་ཀྱིས་ཟིན་བྲིས་བཏབ་པ་དང་། འཁོར་ལོ་ལྟེབ་ཚུལ་གྱི་མན་ངག་ཟིན་བྲིས་ཡིག་ཆུང་གི་མཇུག་བྱང་ལས། དཔལ་ལྡན་བླ་མ་དམ་པ་མཁས་གྲུབ་རྗེའི་གསུང་ཇི་ལྟར་བ་བཞིན་དུ། མདོ་སྨད་པ་ངག་དབང་གྲགས་པས་བསྟན་པ་ལ་དམིགས་ནས་ཞལ་ཤེས་རྣམས་ཟིན་བྲིས་སུ་བྱས་པའོ༎ རང་ཉིད་གཅིག་པུས་ཀྱང་མན་ངག་ཇི་ལྟར་བ་བཞིན་ཉམས་སུ་བླངས་པ་ལ་བརྟེན་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ཐོགས་མེད་དུ་གྲུབ་པའི་གདམས་པ་ཡང་འདིའོ༎ ང་རྒྱལ་ཤེས་འདོད་བློ་ནི་མ་ཡིན་ཏེ། །སངས་རྒྱས་བསྟན་པའི་ཆེད་དུ་ཉམས་སུ་བླངས། །ཞེས་སོགས་གོང་འོག་རྣམས་མཁས་གྲུབ་རྗེའི་གསུང་འབུམ་དུ་གསལ་ལ། ད་རུང་མངོན་སྤྱོད་འདི་ནི་སྒྲུབ་སྙིང་འདོད། །གདམས་ངག་དཔེ་ལ་མ་བཞག་ཉམས་སུ་ལོངས། །རང་གི་སློབ་མ་སྔགས་འཆང་རྡོ་རྗེ་དབང་ཕྱུག་གི་ངོ་མ་ཆོག་པས་ཟིན་བྲིས་སུ་བྱས་པ་འདི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་རྒྱུར་གྱུར་ཅིག། །། ཞེས་གསུངས་པ་སོགས་ལ་བལྟས་ན་དེའི་སྔོན་ནས་འཇིགས་བྱེད་འཕྲུལ་འཁོར་བསྐོར་བ་གསལ། ཡང་ཧ་ལའི་ལོ་འདབ་ཀྱི་མཇུག་བྱང་ལས། མདོ་སྨད་པ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ཐོག་དྲངས། དགེ་སློང་བཞི་སྡེས་གསེར་གྱི་མཎྜལ་བླ་གོས་དང་བཅས་པ་ཕུལ་ཏེ་གསོལ་བ་བཏབ་པའི་ངོར། དྲང་སྲོང་སྲིན་པོའི་རིའི་གཙུག་ལག་ཁང་དུ་(ལྷ་སའི་གནམ་གྲུ་འབབ་ཐང་མན་གྱི་ཕར་ཁ་)སྦྱར་བ་ཞེས་པ་ལྟར་རོ༎ རྒྱུད་སྨད་དུ་རྒྱུད་ཆེན་རྒྱལ་མཚན་བཟང་བོ་ལ་གསང་འདུས་འགྲེལ་བཞི་སྦྲགས་གསན། དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་འཇིགས་བྱེད། དུས་འཁོར་སོགས་གསན། ཁོང་གིས་ཆོས་འབྲེལ་དངོས་སུ་གསན་པའི་བླ་མ་རྣམས་ནི། ཤར་ཙོང་ཁ་བ་བློ་བཟང་གྲགས་པ། ༡༣༧༥–༡༤༡༩ མཁས་གྲུབ་དགེ་ལེགས་དཔལ་བཟང་། ༡༣༣༨–༡༣༨༥ གཙང་བ་བློ་གྲོས་ཆོས་སྐྱོང་། ༡༣༨༩–༡༤༦༣ གཙང་བ་བློ་གྲོས་བརྟན་པ། ༡༣༠༢–༡༤༧༨རྣམས་སོ༎ འབར་ཁམས་ནས་ཡར་ཅོག་ཙེ་རྒྱལ་སའི་བར་སྤྱི་ལེ་༨དེ་ནས་བཙན་ལྷའི་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཡས་མས་ནས་རི་ངོར་སོང་ན་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་ས་དབྱིབས་དགའ་ལྡན་དང་ཕྱོགས་མཚུངས་སུ་མཆིས། དགོན་དེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན། ༡༩༣༥ལོའི་བར་སྐུ་དམར་གདུང་ཡིན། དེ་ནས་མེ་དགྲ་བཞེས་ཏེ་དཀར་གདུང་དུ་གྱུར་པ་ལ་ཅོག་ཙེ་རྒྱལ་བོས་ཞིག་གསོ་མཛད་དེ་དུས་ཡུན་རིང་དུ་བརྟན་ཕྱིར་ས་རྡོའི་མཆོད་རྟེན་སྤུས་དག་བཞེངས། དེའི་སྒོ་ཁྱིམ་དུ་བཙན་པོ་ནོ་མིན་ཧན་ནས་གནང་བའི་རྗེ་སྐུ། བྱེ་སྨད་ཏ་རོ་དབང་རྒྱལ་གྱིས་བཞེངས་པའི་མཁན་ཆེན་གྱི་འདྲ་སྐུ་སོགས་རིག་གནས་གསར་བརྗེའི་བར་དུ་གནས། སྟག་གཟིག་བསྟན་པའི་གདུང་རྟེན། (ཁོང་གི་ཨ་ཇོ་ཡིན་པ་མངོན)《མདོ་སྨད་ཆོས་འབྱུངདུ།  དེའི་མདར་མཁས་གྲུབ་ཐུགས་སྲས་ཆོས་ཀྱི་གྲགས་པའི་གདུང་གི་ས་འབུམ་བཞུགས་སོ༎ ཞེས་(ད་ལྟ་ཞིབ་པར་མ་མཐོང)དང་། བེེ་སེརདུ། ཚ་ཁོ་ཆོས་གྲགས་ཞེས་པའང་དེའོ།། གོང་སྨྲས་སྐུ་གདུང་དེ་གཉིས་ཅུང་ཟད་རེ་ཞིག་ཀྱང་རྩ་བ་ནས་ཞིག་མེད། ༡༩༨༢ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་གཟིགས་ཞིབ་ལ་འབར་ཁམས་སུ་ཕེབས་སྐབས་སྤྱི་ཟླ་༡༡པའི་ཚེས་༡༡ཉིན་སྐུ་གདུང་རིན་པོ་ཆེ་ཞིག་གསོ་ལ་སྒོར་སྟོང་ལྔ། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་སྒོར་ཆིག་ཁྲི་གནང་། ཡང་ཕྱི་ལོར་པེ་ཅིན་ནས་ལྔ་བརྒྱ་གནང་སྟེ། ཁྱོན་ལྔ་སྟོང་ལྔ་བརྒྱས་སྤྱི་ལོ་༡༩༨༣ལོར་ལྷ་ཁང་མཆོད་རྟེན་དང་བཅས་པ་ཞིག་གསོ་མཛད། གདུང་རུས་རྣམས་མཆོད་རྟེན་གྱི་བུམ་པར་བཞུགས་སྐབས། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཁཱ་སྟོད་སྤྲུལ་བའི་སྐུ་སྐལ་བཟང་རྒྱ་མཚོ་དང་། ཚོགས་གཙོ་གཞོན་པ་ཆོས་རྗེ་ཆབ་མདོ་སྤྲུལ་སྐུ། ཚོགས་གཙོ་གཞོན་པ་སོག་ཚང་སྤྲུལ་སྐུ་སྦྱིན་པ་རྒྱ་མཚོ་སོགས་དད་ལྡན་སེར་སྐྱ་དུ་མ་དང་། ནགས་གཅོད་མཁན་གྱི་རྒྱ་མི་མང་བོ་དང་བཅས་པའི་མཐུན་སྣང་དུ་དབུ་ཐོད་སོགས་གདུང་རུས་ངོས་ལ་ཨོཾ་ཡིག་གསལ་བོ་ཕར་ནང་དུ་ཅུང་ཟད་ཀོང་བ་སོགས་ཡིག་འབྲུ་དུ་མ་དང་། ནམ་མཁའ་ལ་འཇའ་ཚོན་བཀྲ་བ་སོགས་དགེ་མཚན་གྱི་ལྟས་རྨད་དུ་བྱུང་བ་དང་། རྗེས་སུའང་མཚན་མོར་ས་དེར་འོད་སྣང་ཤར་བ་སོགས་ལ་རྒྱ་མི་ནགས་ལས་པ་སོགས་ལྟ་མཁན་མང་ཟེར། རབ་གནས་ལེགས་པར་མཛད་ནས་ད་ལྟའང་མཆོད་འབུལ་སོགས་གྲྭ་བ་འགའ་རེ་དང་། དགོན་འགོ་ཚོ་བདུན་དགོན་པར་ཕུལ། རྗེ་ཚ་ཁོ་བ་ལ་སྤྲུལ་སྐུ་མེད་པ་དང་། རྒྱལ་རོང་འདི་དབུས་གཙང་ལ་ས་ཐག་རིང་བ་དང་། སྐད་ཟུར་བ་ཞིག་ཡོད་གཤིས་དབུས་གཙང་ལ་འདི་ཕྱོགས་ཀྱི་ཆ་རྒྱུས་དབེན། ༈ གཞན་ཡང་དེ་ལས་འཕྲོས་ཏེ། ལྕགས་རྟ་ལོར་༧༩༠ཁྲི་སྲོང་སྡེ་བཙན་འཁྲུངས། དེའི་དུས་སུ་ད་ལྟའི་རྫི་འགག་ཏུ་རྒྱལ་བོ་མདོ་བཞེར་ནག་པོ་བྱུང་དུས་བེེ་རོ་ཙ་ན་ཕེབས། དེའི་སློབ་མ་གཡུ་སྒྲ་སྙིང་བོ་ཡང་ཚ་ཁོ། ཚ་རོང་རྒྱལ་བོ་ཁོ་ཕན་དུ་གྲགས་པ་བྱུང་བས། ཚིག་བསྡུས་ཏེ་དེ་ལ་ཚ་ཁོ་ཟེར་བ་བྱུང་། ཚ་ཁོ་ལའང་ད་ལྟ་འབར་ཁམས་རྫོང་། ཆུ་ཆེན་རྫོང་། བཙན་ལྷ་རྫོང་། ལིས་རྫོང་། ཁྲོ་ཆུ་རྫོང་སྟེ་རྫོང་ལྔར་གཏོགས། རྒྱལ་རོང་གི་སྐད་ཀྱང་རྫོང་ལྔ་བ་བཤད། མ་གཞི་བརྡ་རྙིང་དང་སྒྲ་ཅུང་ཟད་ལྕི་ཞིང་གདངས་བཙན། ཞིབ་ཏུ་བརྟག་ན་འབྲོག་སྐད་དང་མཐུན་པ་མང་། བེེ་རོ་ཙ་ནས་རྫི་འགག་ཏུ་མདོའི་དགོན་པ་ཅི་པོ་ནོར་བུའི་གླིང་དང་། ཁྲོ་ཆུའི་རྡོ་ཁའི་རི་འགོར་སྔགས་ཀྱི་དགོན་པ་བདེ་ཆེན་དགོན་གཉིས་བཏབ། བེེ་རོའི་སྒྲུབ་ཕུག་འབར་ཁམས་དང་། ཁྲོ་ཆུ། དམུ་དགེ། ཟུང་ཆུ་ཤར་དུང་རི་སོགས་སུ་མང་། བེེ་རོའི་མཚན་ལ་རྒྱལ་རོང་རྒན་པ་ཚོས་བི་རོ་ཟེར་དེ་ཡང་སྒྲ་སྒྲུབ་ཀྱིས་འཕེལ་བ་མ་བྱས་ན་བི་རོ་ཡིན། འཕེལ་བ་བྱས་ཏེ། བེེ་རོ་ཙ་ན་(རྣམ་པར་སྣང་མཛད)རོང་བ་ལྕེ་ནག་པ། ལྷུན་གྲུབ་རྫོང་ཁོངས་ནཱ་ལེནྡྲའི་དགོན་འདེབས་པ་བོ་རོང་སྟོན་ཤེས་བྱ་ཀུན་རིག་ཀྱང་འབར་ཁམས་རྫོང་ཁོངས་གྱམ་གྱོ་སྡེ་ཁྲོད་ནས་ཡིན་ཡང་། གོ་བརྒྱད་ལོའི་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་དེར་མཇལ་དུས་ཁོ་ཚོའི་དགོན་འདེབས་པ་བོ་ཁམས་ཕྱོགས་ནས་ཡིན་ཟེར། ཕྲན་གྱིས་དེ་མིན་ང་ཚོའི་ས་ཆ་ནས་ཡིན་ཚུལ་ཞིབ་གསལ་ཞུས་ཀྱང་ཁོ་ཚོའི་ཡིད་རྟོན་མིན་མ་ཤེས། རོང་སྟོན་གྱི་སྐུ་གདུང་ཕྱི་ཙནྡན་གྱི་མཆོད་རྟེན་སྤྱི་ཁྲི་གཉིས་ཙམ་སྤུས་ལེགས་ལྷ་སའི་སྨན་རྩིས་ཁང་གི་སྨན་པ་ཆེད་མཁས་པ་ཞིག་གིས་བཞེངས། གདན་རབས་གཉིས་པ་བཀྲ་ཤིས་ཀྱི་ཞབས་རྗེས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདྲ་སྐུ་སྔར་རྒྱལ་ཡོངས་སུ་ཉེར་གཅིག་ལས་མེད། དེའི་གྲས་ཀྱི་གཅིག་བཞུགས། གྲྭ་གྲངས་དྲུག་ཅུ་ཡོད། ཁུ་འཇོ་ནམ་མཁའ་རྒྱལ་མཚན། ཁྲི་ཐོག་དོན་བཞི་བ་རྒྱལ་རོང་བློ་བཟང་ལྷུན་གྲུབ་ལོ་གསུམ། (ཅོག་ཙེ་གསེར་ཁྲི་)ཁྲི་ཐོག་དོན་དྲུག་པ་རྒྱལ་རོང་བློ་བཟང་མཁྱེན་རབ་དབང་ཕྱུག་ལོ་བདུན། ཁྲི་ཟུར་ཏེ་རྒྱལ་དབང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་༡༨༥༦–༡༨༧༥ཡོངས་འཛིན་མཛད། ༡༨༦༤ལོའི་ཟླ་༩ཚེས་༢༩ཉིན་ཡོངས་འཛིན་དགའ་ལྡན་ཁྲི་ཟུར་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་བོད་ཀྱི་རྒྱལ་བོའི་ཁྲིར་ལོ་དགུར་བཞུགས་ཏེ་༡༨༧༡ལོ་ཟླ་༩བའི་ཚེས་༡༨ཉིན་སྐུ་གཤེགས། ཁྲི་ཐོག་དོན་བརྒྱད་པ་རྒྱལ་རོང་འཇམ་དབྱངས་དམ་ཆོས་ལོ་བདུན། ཁྲི་ཐོག་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་ལོ་བདུན། ཁྲི་ཐོག་གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ། ཁྲི་ཐོག་གྱ་བཞི་བ་རྒྱལ་རོང་བློ་བཟང་ཚུལ་ཁྲིམས། ཁྲི་ཐོག་གྱ་གཅིག་པ་ཟུང་ཆུ་བ་ངག་དབང་ནོར་བུ་ལོ་ལྔ། ཟུང་ཆུའི་ངི་ཝིར་འཁྲུངས། ༡༨༦༥ལོར་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དང་མཇལ། རྒྱལ་བོ་རྟ་ཚག་ཡོངས་འཛིན་ཟུང་ཆུ་དགེ་འདུན་རྒྱ་མཚོ་དམུ་དགེ་ནོར་བའི་ཐལ་ཚང་ལ་འཁྲུངས་ཏེ་སྤུན་དགུའི་ཡ་གྱལ། ཟུང་ཆུའི་ཆོས་ལྡན་ཡང་ཐལ་ཚང་ལ་འཁྲུངས། རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་འཛིན་གྲྭ་གཅིག་ཡིན། འབྲས་སྤུངས་སྒོ་མང་གི་མཁན་རབས་གཉིས་པ་དང་གསུམ་པ། སྒ་ལེབ། ལྟག་ལེབ་གཉིས་ཀ་འཇམ་དབྱངས་ཆོས་རྗེའི་དངོས་སློབ་རྔ་སྟོད་ནས་ཡིན་ཟེར། བློ་གླིང་མཁན་པོ་བློ་བཟང་ཕུན་ཚོགས། རོང་ཊིཀ་པ། དགེ་བཤེས་བློ་བཟང་བྱམས་པ། (རོང་ཊིཀ་པའི་སྐྱེ་བར་གླེང་བ)ཨ་ཀ་བློ་བཟང་ཚུལ་ཁྲིམས། ཚ་ཁོ་བླ་ཆེན། བླ་མ་ནོར་བུ་ཟེར་བ་ལོ་བདུན་ལ་སྐྱིལ་ཀྲུང་མ་བཤིགས་པ། ནང་སོ་ཆོས་ཀྱི་སེང་གེ། ཨ་མཆོག་དགེ་བཤེས་སྤྲུལ་བའི་སྐུ་ཡང་ཁུ་འཇོའི་རིགས་སུ་འདིའི་རྒྱུད་དུ་འཁྲུངས། ད་ལྟའི་ཨ་མཆོག་རིན་པོ་ཆེ་ཡང་འབར་ཁམས་སུ་འཁྲུངས། འབྲས་ཡེ་ཤེས་ཡར་འཕེལ། འདིར་ཞྭ་སེར་ཅུང་དགའ་བ་མཁན་ཆེན་ངག་དབང་གྲགས་པའི་འཕྲིན་ལས་ཀྱི་ཡིན། ཤར་རྩེ་ཆོས་རྗེ་གྲགས་པ་བསྟན་དར་ཙོག་ཙེ་བ་ཡིན། ཁུ་འཇོ་དགེ་འདུན་རྒྱལ་མཚན། སེར་བྱེས་མཁན་པོ་རབ་འབྱམས་པ་བསྟན་པ་དར་རྒྱས། སྐྱ་མགོའི་ལྷ་རམས་པ་བློ་བཟང་དགེ་ལེགས། མི་འགྲོ་ལྷ་རམས་པ་སྐུ་མཆེད། བླ་མ་བློ་གྲོས་རྒྱ་མཚོ། བཤེས་གཉེན་ཆེན་པོ་བློ་བཟང་སངས་རྒྱས། བླ་མ་བློ་བཟང་དོན་གྲུབ། བསྟན་གླིང་ཡོངས་འཛིན་བློ་བཟང་ཤེས་རབ། ལྷ་སྟེང་བསྟན་འཕེལ་གླིང་གི་མཁན་པོའི་ཐོག་མར་འབྲས་སྒོ་མང་བ་གཙང་བ་སངས་རྒྱས་འོད་ཟེར། ཅོ་ནེ་གྲགས་པ་ཕུན་ཚོགས། སྤྲོ་སྣང་བ་བློ་གླིང་བློ་བཟང་འཇམ་དབྱངས། རྒྱལ་ཁ་བ་(ལིས་རྫོང)སེར་སྨད་ངག་དབང་བསྟན་འཛིན་ནམ་དགའ་བ་ཆེན་པོ། བཀྲས་ལྷུན་པ་བློ་བཟང་དོན་ལྡན། འབྲས་མུ་ལི་བ་འཇམ་དབྱངས་སྨོན་ལམ། རྒྱལ་ཁ་བ་སེར་སྨད་ངག་དབང་ལྷུན་གྲུབ། དགེ་བཤེས་རྩ་བ་བློ་གླིང་བ་བསྟན་པ་རིན་ཆེན། དགའ་ལྡན་ཅོ་ནེ་བ་ངག་དབང་བཟང་བོ། སེར་བྱེས་བྱ་ཁྱུང་གྲགས་པ་ཆོས་འཕེལ། གསེར་ཁོག་པ་སྒོ་མང་བློ་བཟང་ཆོས་འཕེལ། སེར་སྨད་རྒྱལ་ཁབ་བ་སངས་རྒྱས་བསྟན་འཛིན། སྤྲོ་སྣང་བ་བློ་གླིང་འཇམ་དབྱངས་ཡར་འཕེལ། སེར་སྨད་རྒྱལ་ཁ་བ་བློ་བཟང་དམ་ཆོས། རབ་བརྟན་སེམས་ལི་བ་དགའ་ལྡན་འཇམ་དབྱངས་སྦྱིན་པ། དགེ་བཤེས་རྩ་བ་བློ་གླིང་འཇམ་དབྱངས་ཡར་འཕེལ་རྣམས་དང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་སྐྱེ་བར་གྲགས་པ་རྒྱལ་རོང་ནམ་མཁའ་ལྷུན་གྲུབ། རྗེ་དཀོན་མཆོག་ཡེ་ཤེས་དཔལ་འབྱོར། སེར་སྨད་རབ་འབྱམས་པ་གྲགས་པ་བཟོད་པ། རི་རྩེའི་ཇ་སག་ངག་དབང་བསྟན་འཛིན། སྤྲུལ་སྐུ་ངག་དབང་འཇམ་དཔལ་བདེ་ལེགས། བཙན་ལྷའི་ཏ་རོ་ཨ་ཞེན་གྱི་སྲས་ཕུན་ཚོགས་རྡོ་རྗེ་ལ་རྒྱལ་མཁན་སྤྲུལ་བའི་སྐུ་འཁྲུངས། ཨེན་ཛི་བློ་བཟང་བསྟན་འཛིན། ཁྲི་ཐོག་རེ་གཉིས་པ་རྒྱལ་རོང་སྤྲོ་སྣང་བ་བློ་བཟང་སྨོན་ལམ་ལོ་བདུན། ༡༧༢༩–༡༧༩༨རྒྱུད་སྟོད་མཁན་པོ་བཙན་ལྷ་བ་སེར་སྨད་འཇམ་དབྱངས་འཕྲིན་ལས། རྒྱུད་སྨད་མཁན་པོ་རྒྱལ་རོང་བློ་གླིང་བ་བློ་བཟང་ཚུལ་ཁྲིམས། བསོད་ནམས་ཡག་པོ་བློ་གླིང་རྒྱ་མཚོ་བསྟན་དར། བློ་གླིང་རྒྱལ་རོང་འཇམ་དབྱངས་དམ་ཆོས། སེར་བྱེས་མཁན་པོ་རྒྱལ་རོང་བློ་བཟང་ཤེས་རབ། སེར་སྨད་མཁན་པོ་རྒྱལ་རོང་བ་བསོན་ནམས་དར་རྒྱས་དང་། རྒྱལ་རོང་བློ་བཟང་དམ་ཆོས། བློ་བཟང་དཔལ་ལྡན་གསུམ། ངོར་ཨེམ་ཝམ་གྱི་མཁན་པོ་དར་མདོ་བ་རོང་བོ་ལྔ་བཅུ་བར་གྲགས་པ་ཚུལ་ཁྲིམས་ལྷུན་གྲུབ། འབྲས་རྒྱལ་བ་མཁན་པོ་སྤྲོ་སྣང་བ་བློ་བཟང་དོན་གྲུབ། ཕ་བོང་ཁའི་མཁན་པོ་སྨད་ཟུར་རྒྱལ་རོང་བ་བསྟན་འཛིན་བཟང་བོ། མགར་ཐར་མཁན་པོ་ཁྱུང་ངོ་སེར་ཚ་བླ་ཟུར་བློ་གླིང་བློ་བཟང་མཁས་གྲུབ། སེར་སྨད་དགེ་བཤེས་རྒྱུད་སྨད་ངག་དབང་རྒྱ་མཚོ། བློ་གླིང་བ་རྒྱུད་སྨད་བྱང་ཆུབ་སྨོན་ལམ། འདི་གསུམ་ག་རྒྱལ་ཁ་བ་ཡིན་ལ་གསུམ་གས་མགར་ཐར་མཁན་པོ་གནང་། ཐང་སག་མཁན་པོ་རྒྱལ་རོང་བློ་བཟང་ཆོས་འཕེལ། སོག་ཙན་དན་གྱི་མཁན་པོ་སེང་གེ་རྫོང་(བཙན་ལྷ)བ་སེར་སྨད་འཇམ་དབྱངས་བསམ་གཏན། འདི་སྨྲ་ཁམས་པོ་བོད་དང་། དབུས་སྟོད་བྱམས་གླིང་སོགས་ཀྱི་ཁྲི་ཡང་མཛད། སྨྲ་ཁམས་པོ་བོད་དགོན་གྱི་བླ་མ་རྒྱལ་རོང་ངག་དབང་དཔལ་ལྡན། ཤྲི་དར་རྒྱས་གླིང་གི་མཁན་པོ་རྒྱལ་རོང་བསྟན་པ་ཆོས་དར་དང་། རྒྱལ་རོང་རབ་འབྱམས་པ་གཉིས། སྤྱི་སྨད་ཁུ་སྤེ་གྲྭ་ཚང་གི་བླ་མ་རྒྱལ་རོང་བ་བསོད་ནམས་རྡོ་རྗེ། དབུས་སྟོད་བྱམས་གླིང་གི་བླ་མ་རྒྱལ་རོང་བློ་བཟང་རྒྱལ་མཚན། མལ་གྲོ་མཁན་པོ་རྒྱལ་རོང་འཕྲིན་ལས་རྒྱ་མཚོ། ཤག་སྐོར་མཁན་པོ་རྒྱལ་རོང་ངག་དབང་འཕྲིན་ལས་དང་། རྒྱལ་རོང་འཇམ་དབྱངས་ཡར་འཕེལ་གཉིས། གསུང་ཕུའི་མཁན་པོ་རྒྱལ་རོང་ཞབས་དྲུང་གྲགས་པ་དཔལ་ལྡན། དོལ་གསུང་རབ་གླིང་གི་མཁན་པོ་རྒྱལ་རོང་དཀོན་མཆོག་ལྷུན་གྲུབ། མཚན་ཞབས་པ་རྒྱལ་རོང་སྦྱིན་པ་རྣམས་དང་། རི་བོ་རྩེ་ལྔའི་ཇ་སག་དུ་མ། སྔོན་ཀྱི་མཁས་པ་ཆེན་པོ་རོང་སྟོན་བློ་བཟང་གྲགས་པ། རོང་སྟོན་བློ་གྲོས་མཚུངས་མེད། གཤེགས་ཁར་མཁའ་སྤྱོད་གྲུབ་པ་ཚ་རོང་བ་བསོད་ནམས་བཟང་བོ། རོང་སྟོན་གྱི་སྐྱེ་བ་དྭགས་ཉག་རིག་རལ་གྱིས་ཕར་ཕྱིན་སྐབས་བརྒྱད་པའི་མཇུག་བར་བརྩམས། རྒྱལ་ཏིའི་ཞབས་དྲུང་ཡབ་ཡུམ་མ་མཐུན་པའི་བར་ལ་བྱོན་པས་དབུ་ལ་གྲི་ཕོག་ཀྱང་དབུ་སྐ་རགས་ཀྱིས་བསྡམས་ནས་ཕར་ཕྱིན་རྩོམ་མཇུག་ཕུད། ཆུ་ཆེན་གྱི་རྒྱུད་རྒྱལ་མོ་རོང་གི་སར་རྒྱལ་ས་གསུམ་གྱི་ཡང་མེས་ཁོ་འཕན་གྱི་འཕྱིས་ཙམ་ན་རྒྱལ་བོ་ཁྲོ་བོ་སྐྱབས་ཟེར་བ་བྱུང་། དེས་འདིར་ཕོ་བྲང་བརྩིགས་པའི་རྒྱུད་ལ་ཁྲོ་སྐྱབས་ཟེར། རྒྱུད་དེར་བོན་གྱི་གྲུབ་ཐོབ་མང་བོ་དང་། རྒྱལ་བོ་རྒྱལ་མཚན། ཞང་རྒྱལ་ཀུན་དགའ་ནོར་བུ་སོགས་བྱུང་། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་གྲགས་པའང་དེར་བཞུགས། དེས་མཚོན་ནས་རྒྱལ་རོང་ཕྱོགས་འདི་རྒྱ་ཆེ་ཞིང་མི་རྣམས་བློ་རྣོ་བས་དགེ་བཤེས་ཐོན་པ་མང་། བཙན་ལྷའི་ང་རོ་འབྲུག་ཐར་འདིས་གཙོས་རྒྱལ་རོང་དམག་གིས་བལ་བོའི་གོར་ཁའི་དམག་ཕམ། རྒྱ་ནག་གོང་མའི་སྐུ་དོན་དུ་རྒྱ་མཚོའི་ཕར་ཁར་དམག་ལ་ཕྱིན། གདུང་རིལ་བོ་རྒྱས་ལྷ་ཁང་བྱས་ཏེ་མཆོད། བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་གྱི་ལོ་རྒྱུས་མདོ་ཙམ་མོ༎
                    བོད་ཀྱི་རུས་ཆེན་སྦྲ་རིགས་ལས་མཆེད་རྒྱལ་རོང་རྒྱལ་ཁག་ཏུ། །
                    ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས་ནས་དུས་རབས་རིམ་བྱུང་ལ། །
                    རྒྱལ་བསྟན་ཉིན་མོར་བྱེད་པ་བླ་ནས་བླ་རུ་གོང་འཕེལ་བའི། །
                    བྱུང་བ་མདོ་ཙམ་བརྗོད་དེས་སྐྱེ་ཞིང་སྐྱེ་བར་རྗེས་འཛིན་ཤོག །
 
ཤེས་རབ་རྒྱ་མཚོ། རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེའི་མི། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ལས་འཁྱུར་ངལ་གསོ་བྱས།

相关热词搜索:

上一篇:༄༅། །སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ངོ་བོ་སོགས་རགས་ཙམ་གླེང་བ།
下一篇:༄༅། །བོན་བསྟན་འབྱུང་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་སྐོར་ཅུང་ཙམ་གླེང་བ།

分享到: