༄༅། །བོན་བསྟན་འབྱུང་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་སྐོར་ཅུང་ཙམ་གླེང་བ།
2016年07月03日   来源:《阿坝藏学》2014期   

ཆུ་མདོ་པད་མ་བཀྲ་ཤིས།
 
ནང་དོན་གནད་བསྡུསགངས་ལྡན་ཞང་ཞུང་བོད་ཁམས་ཀྱི་ཡུལ་ལྗོངས་སུ། དགེ་བཅུ་ཕུན་སུམ་ཚོགས་པའི་གནས་རི་གྲངས་ཀྱི་མི་ལང་བ་ཡོད་ཀྱང་། དེའི་ནང་ནས་ཁྱད་དུ་འཕགས་ཤིང་མདོ་དབུས་ཁམས་གསུམ་དུ་ཡོངས་སུ་གྲགས་པ་འདི་ནི་འཛམ་བུ་གླིང་གི་ལྟེ་བ། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་བོ།  ཞང་ཞུང་བོན་གྱི་བླ་རི་གནས་ཆེན་གངས་དཀར་ཏི་སེ་དང་བླ་མཚོ་མ་ཕམ་གཡུ་མཚོ་གཉིས་སོགས་ཡིན་ལ།  རྩོམ་ཡིག་འདིར་སྔ་རབས་བོད་ཀྱི་ཡིག་རྙིང་ཁུངས་སོགས་ལ་བརྟེན་ནས་གངས་མཚོ་འདི་གཉིས་ཀྱི་ཕྱོགས་ནི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེན་གྱི་འཁྲུངས་ཡུལ་དང་། ཁོང་གི་བསྟན་པར་ཐོག་མར་ཆགས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་སོགས་ཡོད་པར་བསྟན་ཡོད་དོ།།
བརྡ་ཆད་གཙོ་བོགཤེན་བསྟན།  འབྱུང་ཡུལ།  གངས་ཏི་སེ།
 
   ད་ལྟའི་དུས་སུ་ཞང་ཞུང་ཟེར་བའི་མིང་གི་གདགས་གཞིའི་ལྟེ་བ་ནི་སྟོད་མངའ་རིས་ཀྱི་ཕྱོགས་སུ་ཡིན་ལ། དེའི་ནང་ནས་ཀྱང་བོན་བསྟན་ཐོག་མའི་འབྱུང་ཁུངས་འཁྲུལ་པ་དང་བྲལ་བ་ནི་རྒྱལ་སའི་ལྟེ་བ་འོལ་མོ་ལུང་རིང་ཞེས་སུ་གྲགས་པ།  དེང་དུས་ལ་གུ་གེ་ཞེས་བྱ་བའི་ཡུལ་གྱི་དབུས། གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་ངོས་སུ་ཡོད་པའི་གནས་ཡུལ་དེ་ཡིན། གནས་ཡུལ་དེར་གངས་ལྡན་བོད་མི་རྣམས་ཀྱིས་ཡུལ་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་སྲོལ་ཡོད་པ་མ་ཟད། གནའ་རབ་བོན་གྱི་ཡིག་རྙིང་མང་དག་ལས།  གནའ་རབས་བོན་གྱི་སྟོན་པ་གཤེན་རབས་ཀྱི་འཁྲུངས་ཡུལ་དང་།  ཁོང་གི་བསྟན་པའི་གནས་ཡུལ་དེ་ནི་གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་འོལ་མོ་ལུང་རིང་ཞེས་བྱ་བའི་གནས་དེ་ཡིན་ཞེས་གསལ་བོར་བཤད་ཡོད་དེ། བོན་གྱི་ཡིག་རྙིང་སྲིད་པ་སྤྱི་མདོསལས། ཡ་ཀའི་སྐྱིད་པའི་ཡུལ། །ཉམས་དགའ་བག་རེ་བྲོ། །ཆུ་རྒྱལ་བཞི་འདུས་མགོ །རི་རྒྱལ་ཏི་སེའི་མདུན། །མཚོ་རྒྱལ་མ་ཕམ་འགྲམ། །འོལ་ལུང་གཡུ་ཡི་མཁར། །བཞུགས་གནས་ངོ་རེ་མཚར། །ཞེས་གཤེན་རབ་མི་བོ་ཆེན་གང་དུ་བཞུགས་པའི་གནས་ཡུལ་དེ་ནི་ཆུ་བོ་ཆེན་པོའི་མགོ། གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ། འོལ་མོ་ལུང་རིང་གཡུ་ཡི་མཁར། ཞེས་གསལ་བོར་བསྟན་ཡོད་པ་དང་། དེ་བཞིན་དུ་ལེགས་བཤད་རིན་པོ་ཆེའི་མཛོདལས། གཤེན་ཡུལ་འོལ་མོ་ལུང་རིང་ནི། །དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ། །གླིང་བཞི་རི་རབ་ཚུལ་དུ་གྲུབ། །ཛམྦུཀྵྲཤིང་གི་རྩ། །རི་བོ་གངས་ཅན་ཏི་སེའི་དྲུང་། །མཚོ་ནི་མ་ཕམ་གཡུ་མཚོའི་འགྲམ། །ཆུ་བོ་ཆེན་པོ་བཞི་འདུས་མགོ །སྤོས་རི་ངད་ལྡན་ཉེ་བའི་ས། །ཞེས་ཞང་ཞུང་ཡུལ་གྱི་དབུས་དེར་འོལ་མོ་ལུང་རིང་དུ་ཡོད་པ་གསལ་པོ་བསྟན་ཡོད་པ་ཡིན། དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་མདོ་གཟེར་མིགལས། སྟོན་པ་དང་པོ་མིའི་ཡུལ་དུ་སྐྱེ་བ་ལ། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང་། ཆུ་བོ་བཞི་འདུས་ཀྱི་མགོ། ལྷོ་འཛམ་བུ་གླིང་གི་མིག་འོལ་མོ་ལུང་རིང་། མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ། ཡབ་རྒྱལ་བོན་ཐོད་དཀར་གཟིམས་པའི་སྤྱི་བོའི་གཙུག་ཏུ་བབས། ཞེས་སྟོན་པ་སྐྱེ་བ་བཞེས་པའི་གནས་ཡུལ་གསལ་བོར་བསྟན་ཡོད་པ་གསལ། གོང་གི་ལུང་རྒྱུན་དེ་དག་ལ་དཔག་ན། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ནི་ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་དུ་བསྟན་ཡོད་པ་མ་ཟད། ཁོང་གི་གཡུང་དྲུང་བོན་གྱི་བསྟན་པའང་ཐོག་མར་གནས་ཡུལ་དེ་ནས་སྤེལ་བ་ཡང་ཤེས་ཐུབ་ངེས་ཡིན། གནས་ཡུལ་དེའང་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་བརྗོད་དེ།  མདོ་གཟེར་མིགལས། གཤེན་ཡུལ་འོལ་མོ་ལུང་རིང་ན། སྟོན་པ་གཤེན་རབ་མི་བོ་ནི། སློབ་མ་འབུམ་ཕྲག་མཐའ་ཡས་ལ་ཞེས་གསལ་བོར་བསྟན་ཡོད་པས་སོ༎
  ང་ཚོས་ཚུལ་དེ་དག་ལ་ལེགས་པར་དཔྱད་ན། གནའ་རབས་དུས་སུ་འོལ་མོ་ལུང་རིང་གི་གནས་ཡུལ་ནི་ཡུལ་ངོ་མཚར་ཅན་ཞིག་ཡིན་པར་ངེས་ཤེས་བརྟན་པོར་རྙེད་ཐུབ་པ་རེད། དེའང་ཁྱད་པར་ཅན་གྱི་གནས་ཡུལ་དེར་ཁྱད་པར་ཅན་གྱི་ལོ་རྒྱུས་མང་པོ་ཞིག་ཆགས་ངེས་པ་ནི་ལོ་རྒྱུས་ཐ་དག་གི་ཆོས་ཉིད་ཡིན། ཆོས་ལུགས་མི་འདྲ་བའི་གྲུབ་མཐའ་སོ་སོས་རང་རང་གི་སྔོན་བྱུང་ལོ་རྒྱུས་གཞིར་བཟུང་ནས་གནས་ཡུལ་དེར་ཕྱག་མཆོད་བསྐོར་བ་བྱ་སྲོལ་མང་པོ་ཞིག་ཆགས་ཡོད་པ་མངོན་གསལ་རེད། དེ་ཡང་བོན་གྱི་གཞུང་ལུགས་སོགས་ཀྱི་ནང་དུ་གནས་མཆོག་འདི་ཉིད་གཙོ་བོར་ཞང་ཞུང་གི་ལྷ་མགོན་པོ་རྣམ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་གནས་རི་འདི་ཉིད་བྱིན་གྱི་བརླབས་ཤིང་བསྟེན་ཚུལ་གསུངས་ཏེ་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་ལྟ་བུ་ཡེ་ཤེས་ལྷ་ཨ་ཏི་མུ་་ཝེར་གྱི་སྐུ་ཡི་གནས། ཞེས་དང་། བསྒྲགས་གླིང་ལས། གནས་མཆོག་འདི་ལས་བབ་པའི་ཆུ་བོ་ཆེན་པོ་དེ་བཞི་ནི་ཀླུ་ཡི་གཡུང་དྲུང་སེམས་དཔའི་ཁྲུས་ཆབ་ཡིན་པས། བཀྲུས་ན་སྒྲིབ་པ་དག གཏོར་ནས་ལྷ་ཚངས་འཐུང་ན་ནད་བྱང་བའི་ཡོན་ཏན་དང་ལྡན་ནོ་ཞེས་གསུངས་པ་དང་། རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པའི་ནང་གསེས་དབང་ཕྱུག་པ་དང་གཅེར་བུ་པ་སོགས་ལྷ་དབང་ཕྱུག་ལ་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས་གངས་ཏི་སེ་འདི་ནི་ལྷ་ཆེན་་་་དབང་ཕྱུག་ཆེན་པོའི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དབང་ཕྱུག་པའི་སྲོལ་ལུགས་འདི་ཡང་དེ་ནས་བྱུང་བ་ཡིན་ཞེས་གནས་ཐུན་མོང་མ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད ། གངས་ཏི་སེ་དང་འབྲེལ་ཡོད་མཚོ་མ་ཕམ་ཡང་ཤིན་ཏུ་བྱིན་ཅན་གྱི་མཚོ་ཞིག་ཏུ་ངོས་སུ་འཛིན་ཞིང་། མཚོ་དེའི་ཁ་འབབ་ཀྱི་ཆུ་བོ་ཆེན་པོར་རྒྱ་གར་ཡུལ་དུ་སླེབས་པའི་ཚེ། རྒྱ་གར་བ་རྣམས་ཀྱིས་ཆུ་བོ་དེར་ཁྲུས་བྱས་ཏེ་གནས་མཆོག་གངས་ཏི་སེ་དང་མཚོ་མ་ཕམ་གྱི་བྱིན་རླབས་ཀྱིས་ཆུ་བོ་དེ་དག་ཏུ་སུ་ཞིག་གིས་ཁྲུས་བྱས་པ་ལ་སྒྲིབ་པ་རྣམས་དག་ཐུབ་པའི་ཡིད་ཆེས་བྱེད་སྲོལ་ཡོད་པ་དང་། རྒྱ་གར་བ་བརྒྱ་ཕྲག་མང་པོ་ལོ་རེར་གངས་ཏི་སེ་དང་མཚོ་མ་ཕམ་ལ་མཇལ་བསྐོར་དུ་འགྲོ་བཞིན་པའི་དངོས་ཀྱི་གནས་ཚུལ་ལ་བལྟས་ན། རྒྱ་གར་གྱི་དབང་ཕྱུག་པའི་ལུགས་དེ་ནི་གངས་ལྡན་བོན་ཀྱི་གནའ་བོའི་ཤེས་རིག་ཞང་ཞུང་ནས་ཕར་དར་བ་ཞིག་ཡིན་པར་འདོད་དོ།། དེ་ཡང་བོད་ཀྱི་མཁས་པ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟངལས། མ་གདྷཱུ་བྱང་ཕྱོགས་རི་བརྒྱུད་ནག་པོ་དགུའི་ཕ་རོལ་ན་དབང་ཕྱུག་ཆེན་པོར་གནས་པའི་གངས་ཆེན་ཏི་སེ་དང་སྤོས་ངད་ལྡང་གི་བར་དུ་ཀླུ་མ་དྲོས་པའི་གནས་མདོ་སྡུག་པ་སོགས་ལས་ཀྱང་བསྔགས་པའི་མཚོ་མ་དྲོས་པ་ཆུ་ཞེང་གཉིས་ཀ་དཔག་ཚད་ལྔ་བཅུ་རེ་ཡོད་པའི་ཤར་སོགས་ཕྱོགས་བཞིར་བྲག་གླིང་ཆེན་ཁྱུ་མཆོག་རྟ་སེང་གེའི་ཁ་འདྲ་བ་ནས་བྱུང་བའི་ཆུ་བོ་གངྒཱ་དང་། སི་ཏཱ། བཀྵུ། སིནྡྷུ་བཞིས་དངུལ་གསེར་བེེཌྰུརྱ་རྡོ་རྗེའི་ཕྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་རེ་ཁྱེར་ནས་མ་དྲོས་པ་ལ་གཡས་བསྐོར་དུ་ལན་བདུན་རེ་བསྐོར་ནས་རང་རང་ཕྱོགས་ཀྱི་རྒྱ་མཚོར་འབབ་པ། ཞེས་གསུངས་པ་དང་། བསྟན་འགྱུར་དཀར་ཆགསལས། མཚོ་མ་དྲོས་པའི་འགྲན་ངོགས་སུ་ཤིང་ཛམྦུཔྲྀཀྵྲཞེས་བྱ་བ་འབྲས་བུ་རོ་མཆོག་མངར་པོ་ལྡན་པར་སྐྱེས་པ། ཤིང་དེའི་འབྲས་བུ་ཤིན་ཏུ་སྨིན་པར་གྱུར་པ་ཆུའི་ནང་དུ་ལྷུང་བ་ལས་ཛམ་བུ་ཞེས་བྱ་བའི་སྒྲ་ཡང་འབྱུང་ངོ་༎ དེར་ལྷུང་བའི་འབྲས་བུ་དེ་ལས་ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང་། མ་ཟོས་པ་རྣམས་ནི་ཆུ་དང་ཕྲད་པའི་སྟོབས་ཀྱིས་ཛམ་བུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དོ༎ དེས་ན་ཤིང་དེས་ཉེ་བར་མཚོན་པའི་གླིང་ཡིན་པས་འཛམ་བུ་གླིང་ཞེས་ཐ་སྙད་དུ་བྱས་སོ་ཞེས་འཛམ་བུ་གླིང་ཞེས་པའི་མིང་གི་ཐ་སྙད་བྱུང་ཚུལ་སོགས་གསལ་བོར་བསྟན་ཡོད་པ་མ་ཟད། བོན་གྱི་ཡིག་རྙིང་ཀུན་འདུསལས། འཛམ་བུའི་གླིང་ཞེས་པའི་མིང་ཚིག་སྒྲ་བཤད་ལ། རྒྱ་གར་འཕགས་པའི་ཡུལ་དབུས་ནས་བྱང་དུ་རི་ནག་དགུ་འདས་པ་ན། ཞང་ཞུང་ཡུལ་གྱི་ལྟེ་བའི་གནས་མཆོག་གངས་ཏི་སེ་དང་། སྤོས་ངད་ལྡན་པ་ལྡིང་བོན་རི་དང་། དང་ར་རྟ་སྒོ་རི་སོགས་ཀྱི་བར་དུ། མ་ཕམ་གཡུ་མཚོ་གནས་ཤིང་འཁྱིལ་ཡོད། མཚོ་དེ་ནི་འཛམ་བུའི་གླིང་གི་ལྟེ་བར་གྱུར་བས། ཆུ་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས། ཁ་འབབ་བཞིའི་འབྱུང་གནས་ཡིན་ཞེས་བསྟན་ཡོད་པས། གནས་ཡུལ་འདིར་འཛམ་གླིང་སྤྱི་ཡི་ཆགས་སྲིད་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་བུའི་གླིང་ཞེས་པའི་མིང་དེའང་ཐོག་མར་ཞང་ཞུང་གི་རི་མཚོ་ཤིང་གསུམ་ལ་བརྟེན་ནས་བཏགས་པ་ཡིན་པར་སེམས། ཁྱད་པར་འཛམ་བུའི་གླིང་གི་བྱེ་བྲག་བསྟན་པ་ནི། ཀློང་ཆེན་ཆོས་འབྱུངལས། གླིང་གཞན་དུ་སངས་རྒྱས་མི་འབྱོན་ལ། གླིང་འདིར་སྤྲུལ་སྐུའི་འབྱོན་གནས་ཡིན་པས། གླིང་གཞན་པས་མཆོག་ཏུ་གྱུར་པའི་འཛམ་བུའི་གླིང་མཆོག་འདི་ན། གླིང་གཞན་ན་མེད་པའི་ངོ་མཚར་བསྒྲག་ཏུ་རུང་བ་དུ་མ་ཡོད་དེ། དུས་གསུམ་གྱི་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་བྱིན་རླབས་ཅན་ཞེས་བཤད་ཡོད་པས། གནས་འདི་ཉིད་ཐོག་མར་ཞང་ཞུང་དང་བོད་བཅས་རིམ་བཞིན་བསྟེན་ཚུལ་དང་དར་རིམ་སོགས་གང་ལ་དཔྱད་ན་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱིས་གནས་འདི་ཉིད་ལ་བརྟེན་་་ནས་ཉམས་སུ་བླངས་ཡོད་པ་ནི་དཔྱད་གསུམ་དག་པའི་ལུང་རིག་ཚད་མ་གཉིས་ཀྱིས་མཐུན་སྣང་དུ་གྲུབ་པར་སྣང་།  མདོར་ན།  ས་སྐྱ་མཁས་ཆེན་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལུངལས། བོད་ཅེས་བྱ་བ་ཁྱད་དུ་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རིའི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲི་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞི་ཀུན་ཁྱད་རྩི་ཐོག་མར་ལ་སྤྱོད། །ཅེས་གསུངས་པ་དང་ཡོངས་སུ་མཐུན་ནོ༎
  དེ་ལྟར་ནའང་། ཕྱིས་བྱུང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་པ་དེ་སྟག་གཟིག་་གམ་རྟག་གཟིགས་འོལ་མོ་ལུང་རིང་ཞེས་ཐ་སྙད་མི་འདྲ་བ་གཉིས་སྦྱར་ཡོད་དེ། མཁས་པ་འགས་འདི་གཉིས་དོན་མཚུངས་ཡིན་པ་བཞེད་ནའང་། འོལ་མོ་ལུང་རིང་དང་སྟག་གཟིག་ད་ལྟའི་ཏ་ཟི་རྒྱལ་ཁབགཉིས་ལ་འབྲེལ་བ་དེ་འདྲ་མེད་པར་འདོད་དེ། རྒྱུ་མཚན་ནི་ཏ་ཟིའི་ཡུལ་ན་གངས་ཏི་སེ་དང་། ཆུ་བོ་ཆེན་པོ་བཞིའི་མགོ་བོ། མཚོ་མ་ཕམ་རྣམས་མེད་པ་མངོན་སུམ་ཚད་མས་གྲུབ་པ་དེ་ལས་ལྷག་པའི་ཤེས་བྱེད་ཅི་ཞིག་ཀྱང་མི་དགོས་སོ༎
  དེ་ཡང་ཕྱིས་འབྱུང་གི་མཁས་པ་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིང་ཞེས་པའི་སྟག་གཟིག་གི་སྒྲ་དོན་ནི། ལེགས་བཤད་མཛོདལས། ཞིང་ཁམས་འདིའི་མཐར་གངས་དབལ་སོ་ཅན་གྱི་ར་བས་བསྐོར་བ་དེ་ལ་སྟོན་པ་གཙོ་འཁོར་ལྔ་བོད་དུ་བྱོན་དུས་སྟོན་པས་མདའ་ལམ་དྲངས་པའི་ཤུལ་འདོམ་གང་ཙམ་གྱི་སྒོ་གཅིག་ཡོད་པའི་རིའི་ཁོང་གསེང་ན་སྟག་གཟིག་ལ་སོགས་གཅན་འཕྲང་དང་། མུན་འཕྲང་ཉིན་ལམ་དགུ་དགུས་ཆོད་པ་ཡོད་པའི་སྒྲ་ཞུགས་པ་སྟེ།  བོད་འདི་གངས་རིའི་ཕྲེང་བས་བསྐོར་བ་ལ་གངས་ཅན་བོད་ཟེར་བ་ལྟ་བུའོ༎  ཞེས་བོད་ལ་གངས་རིའི་ཕྲེང་བས་བསྐོར་བས་གངས་ཅན་བོད་ཟེར་བ་བཞིན་དུ་གཤེན་ཡུལ་འོལ་མོ་ལུང་རིང་ན་གཅན་གཟན་སྟག་གཟིག་སོགས་མང་པོ་ཡོད་པས་སྟག་གཟིག་འོལ་མོ་ལུང་རིང་ཞེས་མིང་ཐོབ་པ་ཞིག་ཡིན་པ་བསྟན་འདུག འོ་ནའང་བོན་གཞུང་ཁག་རེ་ལ་རྟག་གཟིགས་འོལ་མོ་ལུང་རིང་ཞེས་གོང་གི་སྒྲ་དོན་གྱིས་འབྲེལ་མི་ཐུབ་པའི་སྒྲ་ཞིག་འཐོན་འདུག་པ་དང་། རྒྱས་པ་མདོ་དྲི་མེད་གཟི་བརྗོད་དང་། བསྡུས་པ་མདོ་བསྡུས། མདོ་གཟེར་་་མིག་སོགས་ལས་གསལ་བ་ལྟར། སྟོན་པས་གཟིགས་ཚད་ལྔ་དང། དགོངས་ཚད་ལྔ་སོ་སོར་བསྟན་ཚུལ་བཤད་ཡོད་དེ། དང་པོ་ཡུལ་ལ་གཟིགས་པ་བདེ་ཆེན་རྟག་གཟིགས་སྒྲོལ་མ་འོལ་མོ་ལུང་རིང་ནི་ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ། རྡུལ་མེད་རྡུལ་དང་བྲལ་བའི་ཞིང་ཁམས། ལྷོ་འཛམ་བུའི་གླིང་གི་མིག གནས་མཆོག་འོལ་མོ་ལུང་རིང་སྟེ། ཞེས་ས་ཚིགས་ཀྱི་དབུས་གངས་ཏི་སེར་འཛིན་པའི་དེའི་བྱང་ནུབ་ལ་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་པ་སངས་རྒྱས་རྣམས་ཀྱིས་དུས་རྟག་ཏུ་གཟིགས་པའི་གནས་མཆོག་དག་ཞིང་བྱང་ཕྱོགས་ཤམ་བྷ་ལ་དང་དོན་གཅིག་མིང་གི་རྣམ་གྲངས་ཞེས་སངས་རྒྱས་རྣམས་ཀྱིས་དུས་རྟག་ཏུ་གཟིགས་པས་ན་རྟག་གཟིགས་འོལ་མོ་ལུང་རིང་ཞེས་བསྟན་པ་དང་། ཡང་སྐྱབས་སྟོན་ཁྲོ་འགྲེལ། གླེང་བཞི་བསྟན་པའི་འབྱུང་ཁུངས། དར་རྒྱས་གསལ་སྒྲོན་སོགས་ཕྱིས་འབྱུང་གི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་འབྱུང་སོ་སོ་ལ་ཁྱད་པར་སྣ་ཚོགས་སུ་གསལ་བའི་དག་ཞིང་གི་ཡུལ་ངོས་འཛིན་ཚུལ་ནི། གང་ཟག་སོ་སོའི་དག་པའི་སྣང་ངོར་དག་ཞིང་མོས་པའི་ཡིད་ཡུལ་དུ་གྱུར་བ་ཞིག་སྟེ། ཞིང་ཁམས་དང་འཁོར་ཞིང་ཐུན་མོང་བ་འཛམ་གླིང་གི་གནས་ཐམས་ཅད་ལས་ཁྱད་དུ་འཕགས་པའི་ཡུལ། དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་པའི་གནས་ཤམ་བྷ་ལ་ཡི་ཞིང་ཁམས་སམ། ངེས་ཚིག་དུས་རྟག་ཏུ་འགྲོ་དོན་སྐྱོ་ངལ་མེད་པར་གཟིགས་པ་དང་ཐུགས་རྗེ་རྒྱུན་ཐག་འལ་འོལ་མེད་པར་རིང་ཞིང་བཀའ་ལུང་སྟོན་པའི་གནས་ཡིན་པས་ན། རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་ཁམས་ཞེས་གྲགས་པ་ནི་འདིའི་མིང་ཚིག་སྒྲ་བཤད་ངེས་ཚུལ་ལོ༎ ཞེས་རྟག་གཟིགས་འོལ་མོ་ལུང་རིང་གི་སྒྲ་དོན་ཡང་ཇེ་གསལ་དུ་བསྟན་ཡོད། དེས་ན་རང་གིས་རྟག་གཟིགས་འོལ་མོ་ལུང་རིང་དང་སྟག་གཟིག་འོལ་མོ་ལུང་རིང་གཉིས་མཐའ་གཅིག་དུ་ངེས་པའི་རྒྱུ་མཚན་ད་དུང་མ་རྟོགས་པས་བཤད་པ་འདི་ཙམ་དུ་ལུས་སོ༎
  དེ་ཡང་གནས་ཡུལ་ཁྱད་པར་དུ་འཛིན་པའི་གནས་མཆོག་དེ་ནི།  མདོ་སྐྱེ་སྒོ་བཅོད་པལས།  འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག །ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་། །ཞེས་འཁོར་ཞིང་ལས་ཁྱད་དུ་འཕགས་པ་སྨོན་གནས་ཀྱི་ཞིང་ཁམས་ཤིག་ཡིན་པར་བསྟན་ཡོད་པས། འོལ་མོ་ལུང་རིང་ཞེས་བྱ་བ་དེ་ནི་དངོས་གནས་ཞང་ཞུང་ལ་ཕན་བདེའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་པར་བཀའ་མདོ་རྒྱུད་ཀུན་ལས་བཞེད་ཡོད། དེ་ལྟར་གནས་ཡུལ་འདིར་མི་རྣམས་ཀྱི་དད་མོས་ཀྱི་ཡུལ་དུ་གྱུར་པའི་ཞིང་ཁམས་ལ་སོང་ཡོད་པས། ཞིང་ཁམས་དེ་ལའང་མཚན་གྱི་རྣམ་གྲངས་ཀྱང་དུ་མ་ཡོད་དེ། གཡུང་དྲུང་གསལ་བ་འོད་ཀྱི་ཞིང་ཁམས་དང་། རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་ཁམས། བྱང་ཤམ་བྷ་ལྷ་ཡི་ཞིང་ཁམས་སོགས་བརྗོད་པས། གང་ལྟར་ཞིང་ཁམས་དང་འཁོར་ཞིང་ཐུན་མོང་དུ་གྱུར་པ་དང་རིན་འཛིན་དཔོན་གསེས་འདུ་གནས་ཁྱད་འཕགས་ཤིག་ཡིན་དགོས་སོ༎
 
 
ཆུ་མདོ་པད་མ་བཀྲ་ཤིས། རྔ་བ་ཁུལ་སློབ་གསོ་ཅུས་བོད་ཡིག་ཞིབ་འཇུག་ཁོ་ནས་ལས་དོན་སྒྲུབ་བཞིན་ཡོད།

相关热词搜索:

上一篇:༄༅། །རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་བྱུང་བ་མདོ་ཙམ་བརྗོད་པ།
下一篇:༄༅། །ཁྲིམས་ལུགས་དང་འབྲེལ་བའི་རྒྱུན་མཁོའི་ཤེས་བྱའི་སྐོར་གླེང་བ།

分享到: