༄༅། །ཁྲིམས་ལུགས་དང་འབྲེལ་བའི་རྒྱུན་མཁོའི་ཤེས་བྱའི་སྐོར་གླེང་བ།
2016年07月03日   来源:༢༠༡༤ལོའི《རྔ་བའི་བོད་རིག་པ》   

མགོན་པོ་སྐྱབས།
 
ནང་དོན་གནད་བསྡུསརྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་ཆེད་ཚང་མས་བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སློབ་སྦྱོང་དང་བརྩི་སྲུང་བྱེད་དགོས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས།
བརྡ་ཆད་གཙོ་བོ རྩ་ཁྲིམས།  བཅའ་ཁྲིམས།  ཉེས་དོན།  དམངས་དོན།
 
   མིའི་རིགས་ཀྱིས་གདོད་མའི་སྤྱི་ཚོགས་ནས་བཟུང་ད་ལྟའི་བར་དུ་གོམས་སྲོལ་དང་སྒྲིག་སྲོལ་ནས་རིམ་བཞིན་ཁྲིམས་ལུགས་ཀྱི་ཕྱོགས་སུ་གོམ་པ་སྤོས་ཏེ། ད་ལྟ་རྒྱལ་ཁབ་སོ་སོས་ཁྲིམས་ལུགས་མེད་པ་ནས་ཡོད་པ་དང་ཡོད་པ་དེ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྤྱི་ཚོགས་དང་རྒྱལ་ཁབ་བདེ་འཇགས་སུ་འོང་བའི་ཐབས་ལམ་ལ་འབད་ཀྱིན་ཡོད། འོན་ཀྱང་རིག་གནས་དང་བསམ་བློ། སྲོལ་རྒྱུན་དང་གོམ་གཤིས་སོགས་མི་འདྲ་བའི་དབང་གིས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཁྲིམས་ལུགས་ལའང་ཁྱད་པར་ཡོད་པ་རེད།
   ཁྲིམས་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བའི་རྩ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བརྟན་བརླིང་དང་སྤྱི་ཚོགས་ཀྱི་བདེ་འཇགས། མང་ཚོགས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད། དེའི་ཕྱིར་རྒྱལ་ཁབ་ཀྱི་མངའ་འོག་ན་ཡོད་པའི་སྤྱི་དམངས་ཚང་མས་རྒྱལ་ཁབ་དེའི་ཁྲིམས་ལ་སློབ་སྦྱོང་དང་བརྩི་སྲུང་། བཀོལ་སྤྱོད་བྱེད་པ་བཅས་ནི་ཤིན་ཏུ་གལ་ཆེ།
   དེ་ལྟ་ནའང་ད་ལྟའི་སྤྱི་ཚོགས་ནི་ཆེས་རྙོག་འཛིང་ཆེ་ཐོག་ཏུ་ཁྲིམས་ལུགས་ལ་སློབ་སྦྱོང་མི་བྱེད་པ་དང་བརྩི་་བསྲུང་མི་བྱེད་པའི་རྐྱེན་གྱིས། མི་གང་མང་ཞིག་གིས་རང་ཉིད་ཁོ་ནའི་ཁེ་ཕན་ཆུང་ཆུང་ཞིག་གི་ཆེད་དུ་མི་ཚེ་ཐུང་ཐུང་དེའང་བཙོན་ཁང་ནས་དོན་མེད་ཆུད་ཟོས་སུ་གཏོང་གི་ཡོད་པ་རེད། དེ་དག་ནི་གཅིག་ན་རིག་གནས་སྦྱང་བའི་གོ་སྐབས་མ་ཐོབ་པས་ཁྲིམས་ལུགས་ལ་རྨོངས་པ་དང་། གཉིས་སུ་རིག་གནས་ཡོད་ཀྱང་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་པས་མཇུག་འབྲས་ལ་བསམ་བློ་མ་བཏང་བས་མཐར་ཁྲིམས་ལུགས་ཀྱིས་ཉེས་ཆད་ཕོག་པ་རེད། དེའི་ཕྱིར་ཁྲིམས་ལུགས་ཁྱབ་གདལ་དུ་བཏང་ནས་མང་ཚོགས་སྤྱིའི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་གཏོང་རྒྱུ་ནི་་་སྤྱི་དམངས་ཚང་མའི་འོས་འགན་ཡིན།
གཅིག  ཁྲིམས་ལུགས་ཀྱི་གྲུབ་ཚུལ་དང་གོ་དོན།
   ཁྲིམས་ནི་གདོད་མའི་སྤྱི་ཚོགས་ནས་བཟུང་འགོ་ཚུགས་ཤིང་། སྐབས་དེར་ཐོག་མར་རྩ་འཛུགས་ཤིག་གི་སྒྲིག་ལམ་ཙམ་དུ་སྣང་ལ། དེའི་དམིགས་ཡུལ་གཙོ་བོ་ནི་རྩ་འཛུགས་དེས་བཀོད་སྒྲིག་དང་སྒྲིག་ལམ་བཞག་པའི་ལམ་ལུགས་ལས་འགལ་མི་རུང་བ་ཙམ་ལས། དམིགས་བསལ་གྱིས་མང་ཚོགས་དང་མི་སྒེར་གྱི་ཁེ་དབང་ལ་དེ་འདྲའི་བསམ་བློ་གཏོང་མྱོང་མེད་ལ། དེང་སང་ལྟ་བུའི་ཁྲིམས་ལུགས་ཀྱི་གྲུབ་ཆ་དང་དབྱེ་བའི་སྐོར་ནས་ཀྱང་འཐུས་ཚང་ཞིག་ཡིན་མི་སྲིད། ཕྱིས་སུ་ལོ་མང་པོ་འདས་ཤིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རིམ་བཞིན་ཁྲིམས་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་བ་རེད།
   རང་རྒྱལ་དུ་ཁྲིམས་ལ་དབྱེ་ན་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཡོད་པ་དང་། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ལ་དེ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པ་ཡིན་པས། ཆེས་མཐོའི་བཅའ་ཁྲིམས་ཡིན་པ་མ་ཟད་བཅའ་ཁྲིམས་གཞན་དག་གི་གཞི་འཛིན་ས་དང་འབྱུང་ཁུངས་ཀྱང་ཡིན། བཅའ་ཁྲིམས་དང་ཁྲིམས་ལུགས་གང་ཞིག་གཏན་ལ་འབེབ་པའམ་ལག་ལེན་བྱེད་ཀྱང་། ཚང་མ་ངེས་པར་དུ་རྩ་ཁྲིམས་ལ་གཞི་འཛིན་དགོས་ཤིང་རྩ་ཁྲིམས་དང་འགལ་མི་རུང་།
  བཅའ་ཁྲིམས་ནི་རྩ་བའི་ཁྲིམས་ཆེན་གཞིར་བཟུང་ནས་བྱུང་བའི་ཉེས་ཁྲིམས་དང་དམངས་ཁྲིམས། སྲིད་གཞུང་རྩ་འཛུགས་བཅའ་ཁྲིམས་སོགས་ཡིན་ལ། དེའི་ནང་ནས་ཀྱང་ཉེས་ཁྲིམས་ནི་སྲིད་དབང་གྲལ་རིམ་དང་དབང་སྒྱུར་གྲལ་རིམ་ལ་ཚོད་འཛིན་བྱས་ཏེ་གྲལ་རིམ་གང་དེའི་ཆབ་སྲིད་ཐོག་གི་དབང་སྒྱུར་དང་དཔལ་འབྱོར་ཐོག་གི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། རང་གི་འདོད་བློ་གཞིར་བཟུང་ནས། བྱ་སྤྱོད་གང་དག་ནི་ནག་ཉེས་བསགས་པ་དང་བབས་སུ་འགན་འཁུར་དགོས་པ་གཏན་ལ་ཕབ་པ་མ་ཟད། ཉེས་གསོག་མཁན་ལ་ཉེས་ཆད་ཅི་འདྲ་ཞིག་གཅོད་དགོས་པར་གཏན་ལ་ཕབ་པའི་བཅའ་ཁྲིམས་ཤིག་ཡིན་ལ། ཁྱོན་བསྡོམས་དོན་ཚན་བཞི་རྒྱ་དང་ཉེར་གཉིས་ཡོད། བྱ་སྤྱོད་གང་ཞིག་བཅའ་ཁྲིམས་གཞན་དག་གི་གཏན་འབེབས་དང་འགལ་ནས་ཉེས་གསོག་གི་ཚད་དུ་བསླེབས་ཚེ་ཉེས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཉེས་ཆད་གཅོད་དགོས།
གཉིས།  ཉེས་དོན་དང་དམངས་དོན་གྱི་ཁྱད་པར་དང་གྱོད་དོན་ཐག་གཅོད་ཚུལ།
   མི་ལ་ལས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གཞན་གྱིས་གནོད་འཚེ་ཕོག་སྐབས་གནོད་འཚེ་གཏོང་མཁན་གྱི་བྱ་སྤྱོད་དེ་ཉེས་དོན་ཡིན་ནམ་དམངས་དོན་ཡིན་མིན་གསལ་བོ་མི་ཤེས་པ་དང་། བྱ་སྤྱོད་དེའི་བཅའ་ཁྲིམས་གང་དང་གང་ལ་འགལ་ཡོད་པ་དེ་ལས་ཀྱང་མི་ཤེས་པ་མ་ཟད། ཐ་ན་ཁྲིམས་ལུགས་ཀྱི་བྱེད་ཐབས་སྤྱད་དེ་གཏུག་བཤེར་བྱེད་པའི་ཐབས་ལམ་ཙམ་ཡང་ཤེས་ཀྱིན་མེད། སྤྱིར་ཁྲིམས་འགལ་གྱི་བྱ་སྤྱོད་ལ་དབྱེ་ན་རིགས་མང་པོ་ཡོད་པ་དང་། བྱ་སྤྱོད་དེ་དག་ཡོད་ཚད་ཉེས་ཁྲིམས་ལ་ཉེས་ཆད་གཅོད་པའི་ངེས་པའང་མེད། དེའི་ཕྱིར་ཐོག་མར་གྱོད་དོན་གྱི་རིགས་གསལ་བོར་དབྱེ་རྒྱུ་གལ་ཆེ།
   གྱོད་དོན་ཞིག་བཅའ་ཁྲིམས་ཀྱིས་ཐག་གཅོད་བྱེད་སྐབས།  ཐོག་མར་ཉེས་དོན་དང་དམངས་དོན་གཉིས་གསལ་པོར་འབྱེད་དགོས།
   ༡.ཉེས་དོན་ཟེར་བ་ནི་ཉེས་ཁྲིམས་དང་འགལ་བའི་ནག་ཉེས་བསགས་པ་ལ་ཟེར་ཞིང་།  དཔེར་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་གཏོང་བ། སྤྱི་སྒེར་གྱི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ་སོགས་མདོར་ན་རང་གི་བྱ་སྤྱོད་གང་ཞིག་བཅའ་ཁྲིམས་དང་འགལ་ཏེ་ཉེས་གསོག་གི་ཚད་དུ་བསླེབས་ནས་ཉེས་ཁྲིམས་ཀྱིས་ཉེས་ཆད་གཅོད་དགོས་པའི་ནག་ཉེས་ཚང་མ་ཉེས་དོན་གྱི་ནང་དུ་འདུས། དེའི་ནང་གི་ནག་ཉེས་དང་པོའི་རིགས་ནི་ཕྱི་རྒྱལ་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་འཚེ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་བྱེད་པར་གནོད་སྐྱེལ་བའམ་རྒྱལ་ཁབ་ཁ་བྲལ་གཏོང་་་བ། རྒྱལ་ཁབ་ཀྱི་གསང་བ་དང་གསང་འཕྲིན་ཁྲིམས་འགལ་སྒོས་རྒྱལ་ཕྱིའི་རྩ་འཛུགས་སམ་ཚོགས་པ། མི་སྒེར་་་བཅས་ལ་འདོན་སྤྲོད་བྱེད་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་དང་དམག་མི། ཉེན་རྟོག་པ་སོགས་ལ་འཇིག་སྐུལ་གཏོང་བའམ་གཡོ་ཁྲིད་བྱེད་པ། རྒྱུ་ནོར་གྱིས་བསླུ་བ་བཅས་བྱས་ཏེ་དྲག་པོའི་ངོ་སློག་ཟིང་འཁྲུག་སློང་བ་སོགས་ཡིན་ལ། དེ་དག་ནི་ནག་ཉེས་ཀྱི་ཆེ་ཆུང་ལ་གཞུགས་ཏེ་བཀག་ཉར་དང་རྩིས་སྤྲོད་དོ་དམ་བྱེད་པ། ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོ་བ། ལོ་གསུམ་མན་གྱི་དུས་བཙོན་བྱེད་པ་དང་ལོ་གསུམ་ཡན་ནས་ལོ་ལྔ་མན་གྱི་དུས་བཙོན་བྱེད་པ། ལོ་ལྔ་ཡན་ནས་ལོ་བཅུ་མན་གྱི་དུས་བཙོན་བྱེད་པ། ལོ་བཅུ་ཡན་གྱི་དུས་བཙོན་བྱེད་པ་བཅས་་་ཀྱི་ཉེས་ཆད་གཅོད་པ་དང་། གནས་ཚུལ་ཚབས་ཆེན་གྱི་རིགས་ལ་ཚེ་བཙོན་ནམ་སྲོག་ཆད་ཀྱི་ཉེས་ཆད་གཅོད་པ་སོགས་ཉེས་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད། གཉིས་པ་ནི་བསམ་བཞིན་དུ་མི་གསོད་པ་དང་གཞན་གྱི་མི་ལུས་ལ་རྨས་སྐྱོན་བཟོ་བ། དབང་པོ་སྐྱོན་ཅན་དུ་གཏོང་བ། བཙན་གཡེམ་བྱེད་པ། མི་ལུས་རང་དབང་ཚོད་འཛིན་བྱེད་པ། བྱིས་པ་དང་བུད་མེད་བཙོང་བ་སོགས་ཡིན་ལ། དེ་དག་ནི་ནག་ཉེས་ཀྱི་ཆེ་ཆུང་ལ་གཞུགས་ནས་བཀག་ཉར་དང་རྩིས་སྤྲོད་དོ་དམ་བྱེད་པ། ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོ་བ། ལོ་གསུམ་མན་གྱི་དུས་བཙོན་བྱེད་པ་དང་ལོ་གསུམ་ཡན་ནས་ལོ་ལྔ་མན་གྱི་དུས་བཙོན་བྱེད་པ། ལོ་ལྔ་ཡན་ནས་ལོ་བཅུ་མན་གྱི་དུས་བཙོན་བྱེད་པ། ལོ་བཅུ་ཡན་གྱི་དུས་བཙོན་བྱེད་པ་བཅས་ཀྱི་ཉེས་ཆད་གཅོད་པ་དང་། གནས་ཚུལ་ཚབས་ཆེན་གྱི་རིགས་ལ་ཚེ་བཙོན་ནམ་སྲོག་ཆད་ཀྱི་ཉེས་ཆད་གཅོད་པ་སོགས་ཉེས་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད། གསུམ་པ་ནི་འཕྲོག་བཅོམ་བྱེད་པ་དང་རྐུ་བྱེད་པ།  སྤྱི་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པ།  གཞན་གྱི་རྒྱུ་ནོར་བདག་བཟུང་བྱེད་པ། སྤྱི་སྒེར་གྱི་རྒྱུ་ནོར་ལ་གཏོར་བརླག་གཏོང་བ། གཞུང་དངུལ་ལྐོག་ཟ་བྱེད་པ་སོགས་ཡིན་ལ་དེ་དག་ནི་ནག་ཉེས་ཀྱི་ཆེ་ཆུང་ལ་གཞིགས་ནས་བཀག་ཉར་བྱེད་པའམ་རྩིས་སྤྲོད་དོ་དམ་བྱེད་པ། ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོ་བ། ལོ་སུམ་མན་གྱི་དུས་བཙོན་བྱེད་པ་དང་ལོ་གསུམ་ཡན་ནས་ལོ་ལྔ་མན་གྱི་དུས་བཙོན་བྱེད་པ། ལོ་ལྔ་ཡན་ནས་ལོ་བཅུ་མན་གྱི་དུས་བཙོན་བྱེད་པ། ལོ་བཅུ་ཡན་གྱི་དུས་བཙོན་བྱེད་པ་བཅས་ཀྱི་ཉེས་ཆད་གཅོད་པ་དང་། གནས་ཚུལ་ཚབས་ཆེན་གྱི་རིགས་ལ་ཚེ་བཙོན་ནམ་སྲོག་ཆད་ཀྱི་ཉེས་ཆད་གཅོད་པ་སོགས་ཉེས་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད།
   སྤྱིར་རྐུ་བྱས་པའི་རྒྱུ་ནོར་གྱི་གྲངས་འབོར་ཐད་རྒྱུ་ནོར་ཅུང་མང་བ་དང་འབོར་ཆེན་དང་ཧ་ཅང་འབོར་ཆེན་ཟེར་བ་ནི་འདི་ལྟར་དབྱེ་སྟེ། རྒྱུ་ནོར་ཅུང་མང་བ་ཟེར་བ་ནི། རྒྱུ་ནོར་གང་ཞིག་བརྐུས་པའི་རིན་གོང་ངམ་དངུལ་སྒོར་༡༠༠༠ཡན་དང་༡༠༠༠༠མན་གྱི་གྲངས་ཀ་ལ་ཟེར་ཞིང་དེ་ལ་བཀག་ཉར་བྱེད་པའམ་རྩིས་སྤྲོད་དོ་དམ་བྱེད་པ། དུས་བཙོན་ལོ་གཅིག་ནས་གཉིས་དང་ལོ་གསུམ་མན་གྱི་ཉེས་ཆད་གཅོད་པ་དང་། རྒྱུ་ནོར་འབོར་ཆེན་ཟེར་བ་ནི། རྒྱུ་ནོར་གང་ཞིག་བརྐུས་པའི་རིན་གོང་ངམ་དངུལ་སྒོར་༡༠༠༠༠ཡན་དང་༦༠༠༠༠མན་གྱི་གྲངས་ཀ་ལ་ཟེར་ཞིང་། དེ་ལ་དུས་བཙོན་ལོ་གསུམ་ནས་བཞི་དང་། ལྔ། དྲུག བདུན། བརྒྱད། དགུ བཅུ་མན་གྱི་ཉེས་ཆད་གཅོད་པ་དང་། རྒྱུ་ནོར་ཧ་ཅང་འབོར་ཆེན་ཟེར་བ་ནི། རྒྱུ་ནོར་གང་ཞིག་བརྐུས་པའི་རིན་གོང་ངམ་་་དངུལ་སྒོར་༦༠༠༠༠ཡན་དང་༡༥༠༠༠༠མན་གྱི་གྲངས་ཀ་ལ་ཟེར་ཞིང་། དེ་ལ་དུས་བཙོན་ལོ་བཅུ་ནས་བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅོ་ལྔ་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་གཅོད་པ་བཅས་ཡིན་ནོ༎
   མི་སྒེར་གྱིས་སྤྱི་སྒེར་གྱི་རྒྱུ་ནོར་བརྐུས་པའི་གྲངས་ཅུང་མང་བ་ཟེར་བ་ནི་སྤྱི་བཏང་དངུལ་སྒོར་༣༠༠ནས་༥༠༠བར་གྱི་གྲངས་ཀ་ནས་འགོ་འཛུགས་ཆོག མི་སྒེར་གྱིས་སྤྱི་སྒེར་གྱི་རྒྱུ་ནོར་བརྐུས་པའི་གྲངས་འབོར་ཆེན་ཟེར་བ་ནི་སྤྱིར་བཏང་དངུལ་སྒོར་༣༠༠༠ནས་༥༠༠༠བར་གྱི་གྲངས་ཀ་ནས་འགོ་འཛུགས་ཆོག མི་སྒེར་གྱིས་སྤྱི་སྒེར་གྱི་རྒྱུ་ནོར་བརྐུས་པའི་གྲངས་ཧ་ཅང་འབོར་ཆེན་ཟེར་བ་ནི་སྤྱིར་བཏང་དངུལ་སྒོར་༢༠༠༠༠ནས་༣༠༠༠༠བར་གྱི་གྲངས་ཀ་ནས་འགོ་འཛུགས་ཆོག  
  ༢.དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་ནི་འདྲ་མཉམ་ཡིན་པའི་མི་དང་མིའི་བར་གྱི་མི་ལུས་དང་རྒྱུ་ནོར་གྱི་འབྲེལ་བ་ལ་ཟེར་ཞིང་། དམངས་དོན་གྱི་འགན་འཁྲི་དེ་ཉེས་ཁྲིམས་ཉེས་ཆད་གཅོད་པའི་མཇུག་འབྲས་ཀྱི་ཚད་ལ་བསླེབས་མེད་ཀྱང་། སྐྱིན་ཚབ་སྤྲོད་པ་དང་དགོངས་དག་ཞུ་བ་སོགས་ཀྱི་འགན་འཁྲི་ཡོད་པ་ལ་ཟེར། འཚོ་བའི་ཁྲོད་དུ་རྒྱུན་པར་མཐོང་ཐུབ་པའི་དམངས་དོན་འགན་འཁྲིའི་རིགས་ནི་དཔེར་ན། བུ་ལོན་མི་སྤྲོད་པའི་དམངས་དོན་འགན་འཁྲི་དང་གྱོང་གུད་གསབ་པའི་དམངས་དོན་འགན་འཁྲི། རྒྱུ་ནོར་མིན་པའི་འགན་འཁྲི མཚན་སྙན་གྲགས་ལ་གནོད་པ་བཏང་བ་དང་བུད་མེད་ལ་བརྙས་བཅོས་དང་དམའ་འབེབས་བྱས་པསོགས་ཡོད།
   དམངས་དོན་གྱོད་གཞི་ནི་དོ་བདག་པ་ཕྱོགས་གཉིས་ཀས་རང་མོས་སྒོས་འདུམ་འགྲིག་བྱེད་ཆོག་ལ་གཏུག་བཤེར་བྱས་ནས་མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་ཐག་གཅོད་བྱས་ཀྱང་ཆོག དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་གོ་དྲུག་པའི་གཏན་འབེབས་སུ། འདུམ་འགྲིག་གྲོས་མོལ་བྱེད་པ་ནི་ངེས་པར་ཕྱོགས་གཉིས་ཀ་འཐད་མོས་བྱུང་དགོས་པ་ལས། བཙན་ཤེད་བྱེད་མི་ཆོག་པ་དང་། འདུམ་འགྲིག་གྲོས་མོལ་བྱེད་པའི་ནང་དོན་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་མི་ཆོག་ཅེས་བཀོད་ཡོད།
   གཏུག་བཤེར་བྱེད་པའི་ནུས་པ་མེད་མཁན་ལ་ལྟ་སྐྱོང་མཁན་གྱིས་ཁྲིམས་བཀོད་ལས་ཚབ་བྱས་ཏེ་གཏུག་བཤེར་བྱེད་ཆོག དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ང་བརྒྱད་པའི་ནང་དུ། དོ་བདག་པ་དང་ཁྲིམས་བཀོད་ལས་ཚབ་པས་མི་གཅིག་ནས་གཉིས་བར་མངགས་བཅོལ་བྱས་ནས་གཏུག་བཤེར་ལས་ཚབ་བྱེད་ཆོག་ལ། གཤམ་གྱི་མི་སྣ་དག་ནི་གཏུག་བཤེར་ལས་ཚབ་པར་མངགས་བཅོལ་བྱེད་ཆོག ༡.ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་བ། ༢.དོ་བདག་པ་དང་གཉེན་མིའམ་ལས་སྒྲུབ་མི་སྣ། ༣.དོ་བདག་པ་ཡོད་སའི་སྡེ་ཁུལ་དང་ལས་ཁུངས་སམ་འབྲེལ་ཡོད་སྤྱི་ཚོགས་ཚོགས་ཁག་གིས་ངོ་སྤྲོད་བྱས་པའི་སྤྱི་དམངས་བཅས་སོ༎
གསུམ།  བཅའ་ཁྲིམས་དངོས་དང་མང་ཚོགས་ཀྱི་སྣང་ངོར་ཤར་བའི་བཅའ་ཁྲིམས།
   མི་འགའ་ཞིག་གིས་ཁྲིམས་ལུགས་ལ་རྒྱུས་ལོན་དང་ཞིབ་འཇུག་གང་ཡང་མི་བྱེད་པར་འོལ་ཚོད་ཀྱིས་ཁྲིམས་་ལུགས་ནི་དགོས་པ་མེད་པ་དང་འདྲ་མཉམ་མིན་ཚུལ་སོགས་བཤད་པ་དང་། ལ་ལས་ཁྲིམས་ལུགས་ནི་ཁྲིམས་འགལ་ནག་ཉེས་མཁན་ཁོ་ནར་ཚར་གཅོད་བྱེད་པའི་ལག་ཆ་ཙམ་ཞིག་ཏུ་སྣང་། རྒྱུ་མཚན་དེ་དག་ནི་ཁྲིམས་ལུགས་ལ་མྱོང་ཆ་མེད་པ་དང་ཡང་ན་སྣེ་གཅིག་གི་ཕྱོགས་ནས་རང་གི་སྣང་ངོར་འཆར་བའི་སྐྱོན་ཆ་ཁོ་ནར་བཤད་པ་ཙམ་དུ་སྣང་། དངོས་ནས་བཤད་ན་ད་ལྟའི་སྤྱི་ཚོགས་སུ་བཅའ་ཁྲིམས་ནི་ཆེས་མཁོའམ་གལ་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན་ལ། རྒྱལ་ཁབ་བམ་མི་རིགས་གང་ཞིག་ལ་གལ་ཏེ་གཅིག་མཐུན་དང་འདྲ་མཉམ་གྱི་ཁྲིམས་ལུགས་ཤིག་མེད་ཚེ། མི་དང་མིའི་བར་ལ་འདྲ་མཉམ་དང་དྲང་བདེན་ཞིག་འོང་མི་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་ཕན་ཚུན་ལ་བཙན་འཛུལ་དང་དྲག་གནོན། རྡུང་རྡེག་དམར་གསོད་བཅས་བཏང་ནས་ཞི་བདེ་དང་འཆམ་མཐུན་བྲལ་བའི་འཇིགས་སྐྲག་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བ་ནི་གདོན་མི་ཟ། ཁྲིམས་ལུགས་ཀྱི་ངོ་བོ་ནི་དྲང་བདེན་དང་འདྲ་མཉམ་ཡིན་ལ། མང་ཚོགས་ཀྱི་མི་ལུས་རང་དབང་དང་རྒྱུ་ནོར་རང་དབང་ལ་སྲུང་སྐྱོང་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཀྱང་ཡིན་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པའི་གཏན་འབེབས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ན་ཡོད་པའི་མི་ཞིག་ཡིན་ཕྱིན་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་ཞེས་བཀོད་ཡོད་པས། བཅའ་ཁྲིམས་ནི་སྤྱི་དམངས་ཀྱི་དབང་ཆ་དང་ཁེ་དབང་འདྲ་མཉམ་བྱེད་པའི་ལམ་ལུགས་ཤིག་ཡིན་པ་བརྗོད་ཡོད།
   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་དབང་འགན་སྲུང་བྱེད་པ་དང་། མི་རིགས་ཁག་གིས་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་བྱེད་པའི་འབྲེལ་བ་ལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས། མི་རིགས་སུ་ལའང་མཐོང་ཆུང་དང་བཙན་གནོན་བྱེད་མི་ཆོག་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་དགོས་མཁོ་ལ་གཞིགས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་དར་སྤེལ་གཏོང་དགོས་ཞེས་གཏན་ལ་ཕབ་ཡོད་པ་དང་། རྩ་ཁྲིམས་ཀྱི་དོན་ཚན་ལྔ་བའི་ནང་དུ་རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་དཔུང་སྟོབས་ཤུགས། ཏང་སྲིད་ཁག་དང་སྤྱི་ཚོགས་ཚོགས་ཁག ཁེ་ལས་བྱ་གཞག་རྩ་འཛུགས་ཁག་ཚང་མས་ངེས་པར་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཚང་མ་ངེས་པར་བདའ་འདེད་བྱེད་དགོས་ཞེས་བཀོད་ཡོད་པས། མི་རིགས་གང་ཡིན་ཡང་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྩ་དོན་དུ་བཟུང་ནས་རང་གི་དབང་ཆ་དང་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། གཞན་གྱིས་དྲག་གནོན་དང་བཙན་འཛུལ་བྱེད་པར་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་ཉིད་ཀྱི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་དབང་བརྩོན་ལེན་བྱ་དགོས། གཞན་དོན་ཚན་འདིའི་ནང་དུ་གྲངས་ཉུང་མི་རིགས་ཁག་མང་པོ་འདུས་སྡོད་བྱེད་སར་རང་སྐྱོང་མངའ་ཁོངས་ལག་བསྟར་དང་རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་ལག་ལེན་བཅས་བྱ་དགོས། མི་རིགས་ཁག་ཚང་མར་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་བའི་རང་དབང་ཡོད་པ་དང་། ཚང་མར་རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་སམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་ཅེས་བཀོད་ཡོད་པས། རང་ཉིད་ཀྱི་སྐད་དང་ཡི་གེ་གཙོ་བྱས་ཏེ་ཡུལ་སྲོལ་གོམས་གཤིས་སོགས་བཀོལ་སྤྱོད་བྱེད་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པ་གསལ་་བོ་བསྟན་ཡོད། རྩ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་དྲུག་པའི་གཏན་འབེབས་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་ཆོས་ལུགས་དད་མོས་རང་དབང་ཡོད་ཅེས་གཏན་ལ་ཕབ་ཡོད། ཆོས་ལུགས་དད་མོས་རང་དབང་ཟེར་བ་ནི་ཆོས་ལུགས་ལ་དད་པ་བྱེད་དང་མི་བྱེད་རང་དབང་ཡིན་ལ། ཆོས་ལུགས་གང་ལ་དད་ཀྱང་རང་དབང་ཡིན་པས། མི་སུས་ཀྱང་དེ་ལ་བཙན་གནོན་དང་བཀག་འགོག་བྱེད་མི་ཆོག་པའི་དོན་ཡིན། དེའི་ཕྱིར་རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ལ་སྲུང་སྐྱོང་བྱེད་དགོས། འོན་ཀྱང་མི་སུས་ཀྱང་ཆོས་ལུགས་ལ་ཁ་གཡར་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པ་དང་སྤྱི་དམངས་ཀྱི་ལུས་པོའི་བདེ་ཐང་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བཀག་འགོག་བཅས་བྱེད་པ་ནི་ཁྲིམས་འགལ་ཡིན་པ་བཀོད་ཡོད། དེའི་ཕྱིར་ཁྲིམས་ལུགས་ཀྱི་གཏན་འབེབས་དག་གིས་མི་རིགས་ཁག་དང་སྤྱི་དམངས་ཀྱི་དབང་ཆ་དང་ཁེ་དབང་ལ་འགན་སྲུང་བྱས་ཡོད།
   འོན་ཀྱང་ད་ལྟའི་དུས་སྐབས་ཀྱི་ཁྲིམས་ལུགས་ལག་བསྟར་བྱེད་མཁན་འགའ་ཤས་ཀྱིས་ནང་སྒེར་གཅོད་ཀྱི་བསམ་བློའི་ཐོག་ནས་དྲང་བདེན་དང་འདྲ་མཉམ་སྟོན་པའི་གཡོ་ཟོལ་གྱིས་རང་རྩིབ་ཀྱི་གཉེན་མི་གྲོགས་པོ་དག་ཁྲིམས་འགལ་སྒོས་སྲུང་སྐྱོབ་བྱེད་པའམ་རང་ཉིད་ཀྱི་ཁེ་ཕན་འཚོལ་ཕྱིར་ཁྲིམས་འགལ་སྒོས་མི་རྣམས་ལོག་ལམ་དུ་བརྫངས་ཀྱིན་ཡོད། མི་དེའི་རིགས་ཀྱིས་མང་ཚོགས་ཀྱི་སྣང་ངོར་བཅའ་ཁྲིམས་མི་དྲང་བའི་སྣང་ཚུལ་སྟོན་གྱིན་ཡོད་པས། དེ་དག་ནི་དྲང་བདེན་གྱི་དགྲ་བོ་ཡིན་ལ་སྤྱི་ཚོགས་ཀྱི་ནག་ཉེས་པའང་ཡིན། དེའི་སྟབས་ཀྱིས་ང་ཚོས་ཁྲིམས་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ་ནག་ཉེས་མཁན་དེ་ཚོའི་སྤྱོད་ངན་ཕྱིར་བརྟོལ་ནས་ཕམ་པར་བཏང་དགོས།
བཞི།  འཛད་སྤྱོད་པའི་ཁེ་དབང་དང་ཚོང་གཉེར་བའི་འགན་འཁྲི།
  སྤྱི་ཚོགས་ཚོང་རའི་དཔལ་འབྱོར་གྱི་འགྲོས་དང་བསྟུན་ནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་་སུ་འགྲོ་བཞིན་ཡོད་ལ། ཐོན་སྐྱེད་མཁན་དང་ཚོང་གཉེར་བའི་ཚོང་རྫས་ཀྱི་རིགས་ཀྱང་སྣ་མང་ཅན་དུ་འགྱུར་བཞིན་ཡོད། སྤྱིར་བཏང་ཐོན་སྐྱེད་མཁན་དང་ཚོང་གཉེར་བའི་ཡོང་འབབ་ནི་རང་ཉིད་ཀྱི་ཐོན་རྫས་སམ་ཚོང་རྫས་དང་ཐད་ཀར་འབྲེལ་བ་ཡོད་ལ་ཐོན་སྐྱེད་དམ་ཚོང་རྫས་ནི་འཛད་སྤྱོད་པའི་མི་ལུས་བདེ་ཐང་དང་ཐད་ཀར་འབྲེལ་བ་གཏིང་ཟབ་མོ་ཡོད་པ་རེད། འོན་ཀྱང་ཐོན་སྐྱེད་པ་དང་ཚོང་གཉེར་བ་ཕལ་ཆེར་གྱིས་རང་ཉིད་ཀྱི་ཁེ་ཕན་རྐྱང་བར་བསམ་བློ་གཏོང་བ་ལས་འཛད་སྤྱོད་པའི་བདེ་ཐང་དང་ཁེ་དབང་སྣང་མེད་དུ་འཇོག་གི་ཡོད་པ་རེད། དེ་ནི་གཅིག་ནས་ཐོན་སྐྱེད་མཁན་དང་ཚོང་གཉེར་བ་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་མེད་པས་རང་ཉིད་ཀྱི་འགན་འཁྲི་མི་ཤེས་པའམ་བཅའ་ཁྲིམས་ལ་བརྩི་སྲུང་མི་བྱེད་པ་དང། གཉིས་ནས་འཛད་སྤྱོད་པ་ལ་བཅའ་ཁྲིམས་ཀྱི་ཡོན་ཚད་དམའ་བས་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་མ་ཐུབ་པ་དང་། གསུམ་ནས་འབྲེལ་ཡོད་དོ་དམ་སྡེ་ཁག་གིས་ཞིབ་བཤེར་དང་ལྟ་སྐུལ། ཁྲིམས་ལུགས་དྲིལ་སྒྲོག་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་མ་ཐུབ་པས་ལན་པ་རེད། རྒྱུ་རྐྱེན་དེ་དག་གི་དབང་གིས་རྒྱུན་པར་མང་ཚོགས་ཀྱི་ཁེ་ཕན་ལ་ཕམ་ཁ་རེག་གི་ཡོད་པ་མ་ཟད། མི་དམངས་མང་ཚོགས་ཀྱི་མི་ལུས་བདེ་ཐང་ལའང་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད་པ་རེད། གནས་བབ་དེ་འདྲ་ཞིག་གི་འོག་ཏུ་མང་ཚོགས་ཀྱིས་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་པ་དང་ཁྲིམས་ལུགས་བཀོལ་སྤྱོད་བྱས་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་གལ་ཆེན་ཞིག་རེད། སྤྱིར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིམས་ལུགས་ནང་དུ་དབང་ཆ་རིགས་དགུ་སྤྲད་ཡོད་དེ། དེ་དག་ནི། ༡.བདེ་འཇགས་ཐད་ཀྱི་དབང་ཆ། ༢.གནས་ཚུལ་ཤེས་རྟོགས་བྱེད་པའི་དབང་ཆ། ༣.རང་གིས་གདམ་གསེས་བྱེད་པའི་དབང་ཆ། ༤ .འདྲ་མཉམ་གྱིས་བརྗེ་ཚོང་བྱེད་པའི་དབང་ཆ། ༥.སྐྱིན་ཚབ་བསྙེག་པའི་དབང་ཆ། ༦.ཚོགས་པ་འཛུགས་པའི་དབང་ཆ། ༧.འབྲེལ་ཡོད་ཤེས་བྱ་ཐོབ་པའི་དབང་ཆ། ༨.བརྩི་འཇོག་ཐོབ་པའི་དབང་ཆ། ༩.ལྟ་སྐུལ་བྱེད་པའི་དབང་ཆ་བཅས་ཡིན། དེའི་ནང་གི་སྐྱིན་ཚབ་བསྙེག་པའི་དབང་ཆ་ཟེར་བ་ནི་འཛད་སྤྱོད་པས་ཚོང་རྫས་ཉོས་པ་དང་ཚོང་རྫས་བཀོལ་སྤྱོད་བྱས་པའམ་ཞབས་ཞུ་དང་ལེན་བྱས་རྐྱེན། མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་ཕོག་ཚེ་ཁྲིམས་ལྟར་སྐྱིན་ཚབ་ལེན་པའི་དབང་ཆ་ཡོད་ཅེས་པའི་དོན་ཡིན། འཛད་སྤྱོད་པའི་ཁེ་དབང་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དགུ་བའི་གཏན་འབེབས་ནང་དུ། ཚོང་གཉེར་པས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་པས། འཛད་སྤྱོད་པའམ་གནོད་འཚེ་ཕོག་མཁན་གཞན་དག་གི་མི་ལུས་ལ་གནོད་འཚེ་ཕོག་ན། སྨན་ཡོན་དང་གཡོག་གླ། འགྲིམ་འགྲུལ་གླ་ཆ་སོགས་སྨན་བཅོས་དང་སངས་དྲག་ཏུ་འགྲོ་བའི་བར་བཏང་བའི་འོས་མཐུན་གྱི་འགྲོ་སོང་། དེ་མིན་ལས་ཀ་ཆགས་པའི་ཡོང་སྒོ་བཅས་སྐྱིན་དགོས། དབང་བོ་སྐྱོན་ཅན་དུ་གྱུར་ཚེ་དབང་སྐྱོན་འཚོ་བའི་གསབ་དངུལ་དང་ཡོ་བྱད། དབང་བོ་སྐྱོན་ཅན་དུ་བཏང་བའི་སྐྱིན་ཚབ་བཅས་སྟེར་དགོས་ཞེས་བཀོད་ཡོད་པ་དང་། ཡང་དོན་ཚན་ང་གཅིག་པའི་གཏན་འབེབས་ནང་དུ་། ཚོང་གཉེར་བས་བརྙས་བཅོས་དམའ་འབེབས་དང་ལུས་པོར་སྔོག་བཤེར་བྱེད་པ། མི་ལུས་རང་དབང་ལ་བཙན་འཛུལ་བྱེད་པ་སོགས་འཛད་སྤྱོད་པ་ལ་གནོད་འཚེ་གཏོང་བའམ་གནོད་འཚེ་ཕོག་མཁན་གཞན་གྱི་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཅིང་། སེམས་ཁམས་ལ་གནོད་འཚེ་ཚབས་ཆེན་ཕོག་ཚེ། གནོད་འཚེ་གཏོང་མཁན་གྱིས་སེམས་ཁམས་ལ་གནོད་འཚེ་བྱུང་བའི་སྐྱིན་ཚབ་སྟེར་བར་རེ་བ་འདོན་ཆོག་ཅེས་བཀོད་ཡོད། དོན་ཚན་ང་ལྔ་བའི་ནང་དུ་ཚོང་གཉེར་བས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་པར་བསླུ་བྲིད་ཀྱི་བྱ་སྤྱོད་ཡོད་ན། འཛད་སྤྱོད་པའི་རེ་བ་ལྟར་གནོད་འཚེ་ཕོག་པར་སྐྱིན་ཚབ་ཁ་སྣོན་བྱེད་དགོས། སྐྱིན་ཚབ་ཁ་སྣོན་བྱེད་པའི་དངུལ་གྲངས་ནི་འཛད་སྤྱོད་པས་ཉོས་པའི་ཚོང་རྫས་ཀྱི་རིན་གོང་ངམ་ཞབས་ཞུ་དང་ལེན་བྱས་པའི་འགྲོ་སོང་གི་ལྡབ་གསུམ་ཡིན། སྐྱིན་ཚབ་ཁ་སྣོན་བྱེད་པའི་དངུལ་གྲངས་སྒོར་ལྔ་བརྒྱར་མི་འབུད་ན། ལྔ་བརྒྱ་ལྟར་སྐྱིན་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་གཞན་ཡོད་ཚེ་གཏན་འབེབས་ལྟར་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད།
   ཚོང་གཉེར་བས་ཚོང་རྫས་སམ་ཞབས་ཞུ་ལ་སྐྱོན་ཡོད་པ་ཤེས་བཞིན་དུ་ད་དུང་འཛད་སྤྱོད་པ་ལ་འདོན་སྤྲོད་བྱས་པས། འཛད་སྤྱོད་པའམ་གནོད་འཚེ་ཕོག་མཁན་གཞན་ཤི་བའམ་གྱོང་གུད་ཚབས་ཆེན་ཐེབས་ན། གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་འདིའི་དོན་ཚན་ཞེ་དགུ་བ་དང་། ང་གཅིག་པ་སོགས་ཀྱི་ཁྲིམས་ལུགས་གཏན་འབེབས་ལྟར་སྐྱིན་ཚབ་བསྙེག་པའི་དབང་ཆ་ཡོད་པ་མ་ཟད། གྱོང་གུད་ཕོག་པའི་ལྡབ་གཉིས་མན་གྱི་ཆད་པའི་རང་བཞིན་གྱིས་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་འདོན་ཆོག་ཅེས་གཏན་ལ་ཕབ་ཡོད། 
ལྔ།  འགྲིམ་འགྲུལ་དོན་རྐྱེན་བྱུང་རྐྱེན་དང་དེ་དང་འབྲེལ་བའི་འགྲིམ་འགྲུལ་བཅའ་ཁྲིམས་གཏན་འབེབས།
   དེང་སྐབས་མང་ཚོགས་ཀྱི་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་སོང་བ་ནི་རླངས་འཁོར་གྱི་གྲངས་འབོར་ལ་བལྟས་་ནའང་ཤེས་ཐུབ།  ༢༠༡༣ལོའི་ཟླ་༡བར་དུ་ཐོ་འགོད་བྱས་པ་ལྟར་ན་རང་རྒྱལ་ལ་རླངས་འཁོར་ཁྱོན་ཕལ་ཆེར་དུང་ཕྱིར་༡.༩༢ཡོད་པ་དང་། དེ་ནི་འཛམ་གླིང་གི་རླངས་འཁོར་གྱི་བརྒྱ་ཆ་༡.༦༩ཟིན་གྱི་ཡོད་པ་དང་ཁ་ལོ་བ་དུང་ཕྱིར་༢.༠༥ཡོད། འོན་ཀྱང་དེ་བཞིན་དུ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་འགྲོ་ཐུབ་ཀྱིན་མེད་པ་ནི་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་མཇུག་འབྲས་ལས་རྟོགས་ཐུབ། བསྡོམས་བརྩིས་བྱས་པ་ལྟར་ན་ཀྲུང་གོར་ལོ་རེར་མི་༡༠༥༡༢༠འགྲིམ་འགྲུལ་དོན་རྐྱེན་གྱིས་ཤི་བ་དང་། ཆ་སྙོམས་བྱས་ན་ཉིན་རེར་མི་༢༨༨འཆི་བཞིན་ཡོད་ལ། དེས་འཛམ་གླིང་གི་འགྲིམ་འགྲུལ་དོན་རྐྱེན་གྱིས་ཤི་བའི་གྲངས་ཚད་དང་བསྡུར་ན་བརྒྱ་ཆ་༡༥ཟིན་གྱི་ཡོད་པ་མ་ཟད། ལོ་རེར་བརྒྱ་ཆ་༤.༥འཕར་གྱི་ཡོད་པ་རེད། ༡༨༩༩ལོར་ཐེངས་དང་པོའི་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ནས་བཟུང་། འཛམ་གླིང་ཡོང་ལ་མི་ཁྲི་༣༠༠༠འགྲིམ་འགྲུལ་དོན་རྐྱེན་གྱིས་ཤི་བ་རེད། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཤི་བའི་མི་གྲངས་ལས་ཀྱང་བརྒལ་བ་རེད། ད་དུང་རང་རྒྱལ་དུ་ལོ་རེར་ལོ་བཅུ་བཞི་མན་གྱི་བྱིས་པ་ཁྲི་༡.༨༥ཙམ་རེ་འགྲིམ་འགྲུལ་དོན་རྐྱེན་གྱིས་འཆི་ལམ་དུ་བརྫངས་ཀྱིན་ཡོད་པ་་དང་། ཕལ་ཆེར་ཉིན་རེར་ལོ་བཅོ་ལྔ་མན་གྱི་བྱིས་པ་༩རེ་འགྲིམ་འགྲུལ་དོན་རྐྱེན་གྱིས་ཤི་བ་དང་། བྱིས་པ་༧༧ཙམ་རེ་འགྲིམ་འགྲུལ་དོན་རྐྱེན་གྱིས་རྨས་སྐྱོན་ཕོག་གི་ཡོད་པ་རེད། རང་རྒྱལ་གྱི་འགྲིམ་འགྲུལ་དོན་རྐྱེན་གྱིས་བྱིས་པ་དང་ན་གཞོན་ཤི་བའི་གྲངས་ཚད་དེ་སའི་གོ་ལའི་ཐོག་གྲངས་ཀ་ཆེས་མང་ཤོས་ཡིན་ལ།  ཡ་གླིང་གི་ལྡབ་༢.༥ཡིན།
   འགྲིམ་འགྲུལ་ཡོ་བྱད་ནི་ད་ལྟའི་དཔལ་འབྱོར་སྤྱི་ཚོགས་ནང་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། མི་ཀུན་གྱིས་རྒྱུན་པར་འགྲིམ་འགྲུལ་ཡོ་བྱད་བཀོལ་སྤྱོད་བྱེད་པའི་དུས་ཚོད་ཡང་ཧ་ཅང་མང་། རྒྱུ་མཚན་དེས་ཕྱིར་དེ་དང་འབྲེལ་བའི་དོན་རྐྱེན་བྱུང་བ་ཡང་མི་ཉུང་བ་ཞིག་ཡོད་པ་རེད། ང་ཚོས་གོང་གི་གནས་ཚུལ་དང་གྲངས་ཀ་དེ་དག་ལས་རྟོགས་ཐུབ་པ་ནི་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་གནས་ཚུལ་ཚབས་་ཆེན་ཡིན་པ་དང་། འགྲིམ་འགྲུལ་ཡོ་བྱད་བེད་སྤྱོད་བྱེད་སྐབས་གཟབ་ནན་བྱེད་པ། ལྷག་པར་དུ་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་དེ་དང་འབྲེལ་བའི་ཤེས་བྱ་ལ་སློབ་སྦྱོང་དང་བརྩི་སྲུང་བྱེད་པ་བཅས་ནི་ཤིན་ཏུ་གལ་ཆེ་བར་བསྟན་ཡོད།
   འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་ལྔའི་ཐད་ནས་བཤད་ན། གཅིག་ནས་ཁ་ལོ་བའི་ལན་སྐྱོན། ཁ་ལོ་བའི་རྐྱེན་གྱིས་དོན་རྐྱེན་བྱུང་ནས་ཤི་བའི་མི་གྲངས་ནི་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཤི་བའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་༦༠ཟིན་ཡོད་ལ། དེའི་སྟེང་དུ་ཁ་ལོ་བའི་ལག་ཁྱེར་མེད་མཁན་བརྒྱ་ཆ་༡༠བསྣན་ན་ཁྱོན་བརྒྱ་ཆ་༧༠ཙམ་ཟིན། དེ་དག་ནི་གཅིག་ནས་མི་ཡི་ལན་སྐྱོན་ཡིན། ༡.ཁ་ལོ་བའི་ལན་སྐྱོན། འགྲིམ་འགྲུལ་སྒྲིག་ལམ་དང་འགལ་བའི་ཕྱོགས་ནས་བལྟས་ན། མགྱོགས་ཚད་བརྒལ་བ་དང་སྒྲིག་ལམ་དང་འགལ་ནས་གཏོང་བ། སྒྲིག་ལམ་དང་འགལ་ནས་རླངས་འཁོར་མདུན་མ་ལས་བརྒལ་བ། ལྡོག་ལམ་ནས་འགྲོ་བ། ནང་དུ་འཇོག་ཚད་ལས་བརྒལ་བ། བཟི་རྗེས་རླངས་འཁོར་བསྐོར་བ་སོགས་ཀྱི་གནས་ཚུལ་ཤིན་ཏུ་མང་། གནས་ཚུལ་དེ་དག་ནི་ཁ་ལོ་བ་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་དང་འགྲིམ་འགྲུལ་བཅའ་ཁྲིམས་ལ་བརྩི་སྲུང་མ་བྱས་པའི་རྐྱེན་གྱིས་བྱུང་བ་ཡིན། ༢.རྐང་འཁོར་རམ་འཕྲུལ་རྟ་དང་གློག་རྟ་བཞོན་མཁན་ཚོས་རྐྱེན་གྱིས་ཡིན། རྐང་འཁོར་ནི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན་ལ། བསྡོམས་རྩིས་ལྟར་ན་རང་རྒྱལ་དུ་འཕྲུལ་སྒུལ་མིན་པའི་འཁོར་ལོ་ཕལ་ཆེར་དུང་ཕྱིར་༣ཙམ་ཡོད། འགྲིམ་འགྲུལ་དོན་རྐྱེན་ལས་ཤི་བའི་ཁྲོད་དུ་རྐང་འཁོར་བཞོན་མཁན་གྱི་ལན་སྐྱོན་ལས་ཤི་བ་ནི་སྤྱིའི་ཤི་གྲངས་ཀྱི་བརྒྱ་ཆ་༡༣ཟིན། དེ་དག་ནི་གཙོ་བོ་རླངས་འཁོར་བགྲོད་ལམ་དུ་བསྐྱོད་པ་དང་བཙན་དཀྱོགས་བྱས་པའམ་བཙན་ཤེད་ཀྱིས་བགྲོད་པ་སོགས་ཀྱི་རྐྱེན་གྱིས་ཡིན། ༣.རྐང་ཐང་བའི་ལན་སྐྱོན་ཡིན། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་གནས་ཚུལ་ལས་དབྱེ་ཞིབ་བྱས་ན། རྐང་ཐང་བའི་ལན་སྐྱོན་ལས་ཤི་བའི་གྲངས་ཚད་ནི་སྤྱིའི་ཤི་གྲངས་ཀྱི་བརྒྱ་ཆ་༡༢ཟིན། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྐང་ལམ་དུ་མི་བགྲོད་པ་དང་འགྲིམ་འགྲུལ་གློག་བརྡ་ལ་དོ་སྣང་མི་བྱེད་པ། འགྲིམ་འགྲུལ་ཉེན་རྟོག་པས་བཀོད་འདོམ་ལ་མི་ཉན་པ་བཅས་ལས་བྱུང་། ༤.རླངས་འཁོར་དུ་འདུག་མིའི་ལན་སྐྱོན་ཡིན། དེ་ནི་གཙོ་བོ་རླངས་འཁོར་དུ་འདུག་མིས་མགོ་དང་ལག་པ་རླངས་འཁོར་གྱི་ཕྱི་ལ་བསྲིངས་བ་དང་རླངས་འཁོར་བསྡད་མ་ཚར་གོང་ཡར་འཛུལ་མར་འབབ་བྱས་པས་བྱུང་།
   གཉིས་ནི་རླངས་འཁོར་གྱི་ལན་སྐྱོན། འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་འཁོར་གྱི་སྤྱི་ཁོག་ཞན་པ་དང་འཕྲུལ་ཆས་མ་ལག་གི་ནུས་པ་ཉམས་པའི་རྐྱེན་གྱིས་ཡིན། ལོ་རེར་རྒྱལ་ཡོངས་ནང་འཕྲུལ་སྒུལ་འཁོར་ལོའི་འཕྲུལ་ཆས་མ་ལག་ཆག་སྐྱོན་བྱུང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཤི་བ་ནི་སྤྱིའི་ཤི་གྲངས་ཀྱི་བརྒྱ་ཆ་༢ཟིན་ཡོད།
   གསུམ་ནི་ལམ་གྱི་སྐྱོན་ཆ། འགྲོ་ལམ་གྱི་སྐྱོན་ཆ་གཙོ་བོ་ནི་འགྲིམ་འགྲུལ་འདྲེས་ཚུབ་ཆེ་བ་དང་སྙོམས་ངོས་བསྣོལ་བ། ལམ་རྟགས་ཆ་མི་ཚང་བ། ལམ་སྐྱོན་ཅན། འགྲོ་ལམ་དེ་ཆ་རྐྱེན་གྱི་ཚད་གཞི་དང་མི་མཐུན་པ་བཅས་ཡིན།
   བཞི་ནི་འགྲིམ་འགྲུལ་ཁོར་ཡུག་ཕྱོགས་ཀྱི་སྐྱོན་ཆ། དེ་ནི་གཙོ་བོ་འགྲིམ་འགྲུལ་སྒྲིག་ལམ་མི་བཟང་བ་དང་གནམ་གཤིས་ཀྱི་ཆ་རྐྱེན་མི་བཟང་བ་སོགས་ཀྱི་སྐྱོན་ཡིན།
   ལྔ་ནི་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་དམའ་བའི་སྐྱོན། རང་རྒྱལ་གྱི་འགྲིམ་འགྲུལ་དོ་དམ་ཆུ་ཚད་ནི་ཕལ་ཆེར་མཉམ་མྱོང་གི་རྣམ་པ་དང་སྲིད་འཛིན་དོ་དམ་གྱི་རྣམ་པའི་ཐོག་ན་བསྡད་ཡོད་པ་ལས། ཚན་རིག་དོ་དམ་གྱི་རྣམ་པ་ཧ་ཅང་དབེན། གྲོང་ཁྱེར་ཆེན་པོ་ཁ་ཤས་སུ་རྒྱལ་ཕྱིའི་ལྐོག་ལྟ་ཚོད་བཀག་ཀྱི་མ་ལག་བཀོལ་སྤྱོད་བྱེད་བཞིན་ཡོད་ནའང་མི་དམངས་ཀྱིས་ད་དུང་དང་ལེན་བྱེད་ཐུབ་ཀྱི་མེད། མིག་སྔར་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་འགྲིམ་འགྲུལ་ཡོ་བྱད་དང་བརྡ་གཏོང་ཡོ་བྱད་སོགས་ཧ་ཅང་རྗེས་ལུས་ཡིན་པས། ལམ་མང་ཆེ་ཤོས་ལ་ཚོད་འཛིན་བྱེད་ཐུབ་ཀྱི་མེད་སྟབས་སྒྲིག་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱེད་མ་ཐུབ་པ་ནི་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ཞིག་ཡིན།
   ཐོག་མར་རྒྱ་ཆེ་བའི་ཁ་ལོ་བ་དང་འགྲིམ་འགྲུལ་བེད་སྤྱོད་བྱེད་པའི་མང་ཚོགས་རྣམས་ཀྱིས་གོང་གི་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་དག་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ཏེ་རང་གཞན་གཉིས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པར་གལ་ཆེ། དེས་ན་འགྲིམ་འགྲུལ་དོན་རྐྱེན་མི་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ནི་འགྲིམ་འགྲུལ་འགྲོ་ལམ་བདེ་འཇགས་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། བཅའ་ཁྲིམས་ཀྱི་གཏན་འབེབས་དག་ལ་བརྩི་སྲུང་བྱ་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་ནང་གི་གཏན་འབེབས་འགའ།
   དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ནང་གི་རླངས་འཁོར་ཁ་ལོ་བ་དང་རྐང་ཐང་བ་དང་རླངས་འཁོར་ནང་འདུག་མི། དེ་མིན་འགྲོ་ལམ་འགྲིམ་འགྲུལ་བྱ་འགུལ་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྒེར་ཚང་མས་བཅའ་ཁྲིམས་འདི་ལ་བརྩི་སྲུང་བྱ་དགོས།
   དོན་ཚན་ཉེར་གཉིས། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས་པ་དང་། བཀོལ་སྤྱོད་ཚད་ལྡན་སྒོས་བདེ་འཇགས་དང་ཚུལ་ལྡན་ངང་སྐོར་དགོས། ཆང་བཏུང་བ་དང་རྒྱལ་ཁབ་ཀྱིས་དམ་བསྒྲགས་བྱས་པའི་དབང་རྩའི་སྨན་ནམ་སྦྲིད་སྨན་བཏུང་བ་དང་། ཡང་ན་འཕྲུལ་སྒུལ་འཁོར་ལོ་བདེ་འཇགས་ངང་སྐོར་བར་གནོད་པའི་ནད་རིགས་ཡོད་པའམ་ངལ་དུབ་ཀྱིས་བདེ་འཇགས་ངང་སྐོར་བར་གནོད་པ་བཅས་ཀྱི་མིས་འཕྲུལ་སྒུལ་འཁོར་ལོ་སྐོར་མི་ཆོག མི་སུས་ཀྱང་བཙན་ཤེད་དང་ངན་སྐུལ། ངན་ཤོར་གྱིས་ཁ་ལོ་བ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་ལུགས། འཕྲུལ་སྒུལ་འཁོར་ལོ་བདེ་འཇགས་ཀྱིས་སྐོར་བའི་རེ་བ་བཅས་དང་འགལ་དུ་འཇུག་མི་ཆོག
   དོན་ཚན་ཉེར་དྲུག འགྲིམ་འགྲུལ་གློག་བརྡ་ནི་གློག་དམར་དང་གློག་ལྗང་། གློག་སེར་བཅས་ཀྱིས་གྲུབ་ཡོད། གློག་མར་ནི་བགྲོད་མི་རུང་བའི་བརྡ་དང་། གློག་ལྗང་ནི་བགྲོད་རུང་བའི་བརྡ། གློག་སེར་ནི་ཉེན་སྟོན་གྱི་བརྡ་བཅས་ཡིན།
   དོན་ཚན་ཞེ་བཞི།  འཕྲུལ་སྒུལ་འཁོར་ལོ་བསྣོལ་ལམ་བརྒྱུད་སྐབས།  འགྲིམ་འགྲུལ་གློག་བརྡ་དང་འགྲིམ་འགྲུལ་རྟགས། འགྲིམ་འགྲུལ་ལམ་ཐིག་གམ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམ་ལྟར་བགྲོད་དགོས། འགྲིམ་འགྲུལ་གློག་བརྡ་དང་འགྲིམ་འགྲུལ་རྟགས། འགྲིམ་འགྲུལ་ལམ་ཐིག་གམ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམ་སོགས་ཅི་ཡང་མེད་པའི་བསྣོལ་ལམ་བརྒྱུད་ནས་བགྲོད་སྐབས་དལ་བུར་སྐྱོད་དགོས་པ་མ་ཟད། རྐང་ཐང་དུ་བགྲོད་མི་དང་དམིགས་བསལ་གྱི་རླངས་འཁོར་རིགས་སྔོན་ལ་བགྲོད་དུ་འཇུག་དགོས།
   དོན་ཚན་ཞེ་བདུན། འཕྲུལ་སྒུལ་འཁོར་ལོ་རྐང་ཐང་འགྲོ་སའི་འཕྲེད་ལམ་བརྒྱུད་ནས་འགྲོ་དགོས་ཚེ་དལ་བུར་བགྲོད་དགོས། འཕྲེད་ལམ་དུ་རྐང་ཐང་འགྲོ་མཁན་ཡོད་ཚེ་རླངས་འཁོར་བསྡད་ནས་སྔོན་ལ་འགྲོ་རུ་འཇུག་དགོས། འཕྲུལ་སྒུལ་འཁོར་ལོ་གློག་བརྡ་མེད་སའི་འགྲོ་ལམ་དུ་བརྒྱུད་ནས་བགྲོད་དགོས་ཚེ། ལམ་འཕྲེད་ཀྱི་མི་འགྲོ་མཁན་ཡོད་ཚེ་གཟུར་དགོས།
   དོན་ཚན་ཞེ་དགུ འཕྲུལ་སྒུལ་འཁོར་ལོའི་ནང་དུ་མི་འཇོག་སྐབས་ཞིབ་བཤེར་གཏན་འབེབས་བྱས་པའི་གྲངས་ལས་བརྒལ་མི་ཆོག་པ་དང་། འགྲུལ་སྐྱེལ་རླངས་འཁོར་ནང་དུ་ཁྲིམས་འགལ་གྱིས་དངོས་རྫས་འཇོག་མི་ཆོག
   དོན་ཚན་རེ་དྲུག རྐང་ཐང་བའི་འགྲོ་ལམ་ནས་བགྲོད་དགོས་པ་དང་། མིའི་འགྲོ་ལམ་མེད་སར་ལམ་གྱི་གཡས་འགྲམ་བརྒྱུད་ནས་བགྲོད་དགོས།
   དོན་ཚན་བདུན་ཅུ། འགྲོ་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ན། ཁ་ལོ་བ་ལམ་སེང་བསྡད་ནས་དོན་རྐྱེན་བྱུང་ས་སྲུང་སྐྱོང་བྱེད་དགོས་ཤིང་། ཤི་རྨས་བྱུང་བའི་མི་ལ་ཁ་ལོ་བས་མགྱོགས་མྱུར་རྨས་མ་མྱུར་སྐྱོབ་བྱེད་དགོས་པ་མ་ཟད། འཕྲལ་དུ་ལས་འགན་སྒྲུབ་མཁན་གྱི་འགྲིམ་འགྲུལ་ཉེན་རྟོག་པའམ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཉེན་ཞུ་བྱེད་དགོས། རྨས་མ་མྱུར་སྐྱོབ་བྱེད་པར་དོན་རྐྱེན་བྱུང་ས་འགྱུར་ལྡོག་གཏོང་དགོས་ན། དོན་རྐྱེན་བྱུང་གནས་གསལ་བོ་བྱེད་དགོས། རླངས་འཁོར་ནང་འདུག་མི་དང་འགྲོ་འོང་བྱེད་པའི་ཁ་ལོ་བ། འགྲོ་འོང་བྱེད་པའི་མི་དག་གིས་དེ་ལ་རོགས་བྱེད་དགོས།
   དོན་ཚན་གྱ་བརྒྱད། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགལ་བའི་བྱ་སྤྱོད་མཁན་ལ་ཆད་པ་གཅོད་ཚུལ་གྱི་རིགས་ནི། ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། སྐོར་བྱེད་ཡི་གེ་གནས་སྐབས་སུ་ལེན་པའམ་མེད་པར་བཟོ་བ། བཀག་ཉར་བྱེད་པ་བཅས་སོ༎
   དོན་ཚན་གོ་གཅིག ཨ་རག་བཏུང་ནས་འཕྲུལ་སྒུལ་འཁོར་ལོ་བསྐོར་ན། སྐོར་བྱེད་ཡི་གེ་ཟླ་༦ལ་ལེན་པ་དང་སྦྲགས་ཉེས་ཆད་སྒོར་༡༠༠༠ཡན་དང་༢༠༠༠མན་གྱི་དངུལ་ཆད་གཅོད་དགོས།ཨ་རག་བཏུང་ནས་འཕྲུལ་སྒུལ་འཁོར་ལོ་བསྐོར་ཏེ་ཆད་པ་བཅད་རྗེས་ཡང་བསྐྱར་ཨ་རག་བཏུང་ནས་འཕྲུལ་སྒུལ་འཁོར་ལོ་བསྐོར་ན། ཉིན་༡༠མན་ལ་བཀག་སྐྱིལ་བྱེད་པ་དང་སྦྲགས་སྒོར་༡༠༠༠ཡན་དང་༢༠༠༠མན་གྱི་དངུལ་ཆད་གཅོད་དགོས་ཤིང་། སྐོར་བྱེད་དཔང་ཡིག་མེད་པར་བཟོ་དགོས། ཨ་རག་གིས་བཟི་རྗེས་འཕྲུལ་སྒུལ་འཁོར་ལོ་བསྐོར་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་མ་དྭངས་བར་དུ་བཀག་སྟེ། སྐོར་བྱེད་ཡི་གེ་མེད་པར་བཟོས་ནས། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས་ཤིང་། ལོ་༥ནང་ཚུན་ལ་སྐོར་བྱེད་ཡི་གེ་བསྐྱར་ལེན་བྱེད་མི་ཆོག ཨ་རག་བཏུང་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་བསྐོར་ན། ཉིན་༡༥བཀག་སྐྱིལ་བྱེད་པ་དང་སྦྲགས་སྒོར་༥༠༠༠དངུལ་ཆད་གཅོད་དགོས། སྐོར་བྱེད་ཡི་གེ་མེད་པར་བཟོ་དགོས་ཤིང་། ལོ་༥ནང་ཚུན་ལ་སྐོར་བྱེད་ཡི་གེ་བསྐྱར་ལེན་བྱེད་མི་ཆོག ཨ་རག་གིས་བཟི་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་བསྐོར་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་མ་དྭངས་བར་དུ་བཀག་སྟེ། སྐོར་བྱེད་ཡི་གེ་མེད་པར་བཟོས་ནས། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས་ཤིང་། ལོ་༡༠ནང་ཚུན་ལ་སྐོར་བྱེད་ཡི་གེ་བསྐྱར་ལེན་བྱེད་མི་ཆོག འཕྲུལ་སྒུལ་འཁོར་ལོ་སྐོར་བྱེད་ཡི་གེ་བསྐྱར་ལེན་བྱས་རྗེས་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོ་སྐོར་མི་ཆོག
   ཨ་རག་བཏུང་རྗེས་སམ་ཨ་རག་གིས་བཟི་རྗེས་འཕྲུལ་སྒུལ་འཁོར་ལོ་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་ཉེས་གསོག་གི་ཚད་དུ་བསླེབས་ན། ཁྲིམས་ལྟར་ཉེས་དོན་གྱི་ཉེས་འགན་བདའ་འདེད་བྱེད་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་ལོ་སྐོར་བྱེད་ཡི་གེ་མེད་པར་བཟོ་དགོས་ཤིང་། འཕྲུལ་སྒུལ་འཁོར་ལོ་སྐོར་བྱེད་ཡི་གེ་ཚེ་གང་བོར་བསྐྱར་ལེན་བྱེད་མི་ཆོག
   དོན་ཚན་གོ་གཉིས། གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་ནང་དུ་བཞག་པའི་མི་གྲངས་དེ་གཏན་འབེབས་གྲངས་ཚད་ལས་བརྒལ་ན། སྒོར་༢༠༠ཡན་དང་༥༠༠མན་གྱི་དངུལ་ཆད་གཅོད་དགོས་ཤིང་། ནང་དུ་བཞག་པའི་མི་གྲངས་བརྒྱ་ཆ་༢༠བརྒལ་བའམ་ཡང་ན་ཁྲིམས་འགལ་སྒོས་འགྲུལ་སྐྱེལ་རླངས་འཁོར་ནང་དུ་དངོས་ཟོག་བཞག་ན་སྒོར་༥༠༠ཡན་དང་སྒོར་༢༠༠༠མན་གྱི་དངུལ་ཆད་གཅོད་དགོས།
   དངོས་ཟོག་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོའི་ནང་དུ་བཞག་པའི་དངོས་ཟོག་དེ་ཞིབ་བཤེར་གཏན་འབེབས་བྱས་པའི་གྲངས་ཚད་ལས་བརྒལ་ན། སྒོར་༢༠༠ཡན་དང་སྒོར་༥༠༠མན་གྱི་དངུལ་ཆད་གཅོད་དགོས་ཤིང་། དངོས་ཟོག་བཞག་པའི་གྲངས་ཚད་བརྒྱ་ཆ་༣༠བརྒལ་བའམ་ཡང་གཏན་འབེབས་རྒྱབ་འགལ་སྒོས་དངོས་ཟོག་སྐྱེལ་འདྲེན་འཕྲུལ་སྒུལ་འཁོར་ལོའི་ནང་དུ་བཞག་ན། སྒོར་༥༠༠ཡན་དང་༢༠༠༠མན་གྱི་དངུལ་ཆད་གཅོད་དགོས།
   དོན་ཚན་གོ་དྲུག འཕྲུལ་སྒུལ་འཁོར་ལོའི་ཐོ་བཀོད་དཔང་ཡིག་དང་ཨང་རྟགས། བགྲོད་སྐྱོད་ཡི་གེ སྐོར་བྱེད་ཡི་གེ་སོགས་རྫུན་བཟོ་དང་བསྒྱུར་བཟོ་བྱས་ནས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱེད་པ་དང་། འཕྲུལ་སྒུལ་འཁོར་ལོ་ཉར་ལེན་བྱས་ཏེ། ཉིན་༡༥མན་ལ་བཀག་ཉར་བྱེད་པ་མ་ཟད་སྒོར་༢༠༠༠ཡན་དང་༥༠༠༠མན་གྱི་དངུལ་ཆད་གཅོད་དགོས་ཤིང་། ཉེས་གསོག་གི་ཚད་དུ་བསླེབས་ཡོད་ན་ཉེས་དོན་ཉེས་འགན་བདའ་འདེད་བྱེད་དགོས།
   ཞིབ་བཤེར་ཚད་ལོན་རྟགས་དང་ཉེན་འགོག་རྟགས་རྫུན་བཟོ་དང་བསྒྱུར་བཟོ་བྱས་ནས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱས་ཏེ་འཕྲུལ་སྒུལ་འཁོར་ལོ་ཉར་ལེན་བྱེད་པ་དང་། ཉིན་༡༠མན་ལ་བཀག་ཉར་བྱེད་པ་མ་ཟད་སྒོར་༡༠༠༠ཡན་དང་༣༠༠༠མན་གྱི་དངུལ་ཆད་གཅོད་དགོས་ཤིང་། ཉེས་གསོག་གི་ཚད་དུ་བསླེབས་ཡོད་ན་ཉེས་དོན་ཉེས་འགན་བདའ་འདེད་བྱེད་དགོས།
   གཞན་གྱི་འཕྲུལ་སྒུལ་འཁོར་ལོའི་ཐོ་བཀོད་དཔང་ཡིག་དང་ཨང་རྟགས། བགྲོད་སྐྱོད་ཡི་གེ སྐོར་བྱེད་ཡི་གེ ཞིབ་བཤེར་ཚད་ལོན་རྟགས། ཉེན་འགོག་རྟག་སོགས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱེད་པ་དང་། འཕྲུལ་སྒུལ་འཁོར་ལོ་ཉར་ལེན་བྱེད་པ་མ་ཟད། སྒོར་༢༠༠༠ནས་༥༠༠༠མན་གྱི་དངུལ་ཆད་གཅོད་དགོས།
   དོན་ཚན་བརྒྱ་དང་དང་བོ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབས་དང་འགལ་ནས། འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་བས་ཉེས་གསོག་གི་ཚད་དུ་བསླེབས་ཚེ། ཁྲིམས་ལྟར་ཉེས་དོན་ཉེས་འགན་བདའ་འདེད་བྱེད་པ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་ལོ་སྐོར་བྱེད་ཡི་གེ་མེད་པར་བཟོ་དགོས།
   འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་ལོ་སྐོར་བྱེད་ཡི་གེ་མེད་པར་བཟོ་དགོས་པ་མ་ཟད་སྐོར་བྱེད་ཡི་གེ་མི་ཚེ་གང་བོར་བསྐྱར་ལེན་བྱེད་མི་ཆོག
   དོན་ཚན་བརྒྱ་དང་བཅོ་ལྔ། འགྲིམ་འགྲུལ་ཉེན་རྟོག་པ་ལ་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ཡོད་ཚེ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་དགོས།
   དྲུགགོ་གནས་སྤྱད་དེ་གཞན་གྱི་རྒྱུ་ནོར་ལེན་པའམ་ཁེ་ཕན་གཞན་ལེན་པ།
   བདུནཁྲིམས་འགལ་སྒོས་རླངས་འཁོར་དང་འཕྲུལ་སྒུལ་འཁོར་ལོའི་བགྲོད་སྐྱོད་ཡི་གེ སྐོར་བྱེད་ཡི་གེ རླངས་འཁོར་ཨང་རྟགས་བཅས་ལེན་པ།
   བརྒྱདཁྲིམས་ལྟར་བླངས་བའི་རླངས་འཁོར་བེད་སྤྱོད་པ།
   དགུ རང་སར་དངུལ་ཆད་བླངས་ནས་ཆད་པ་བཅད་པའི་འཛིན་ཡིག་མི་འབྲི་བའམ་དངུལ་ཆད་བཅད་པའི་གྲངས་ཀ་ཇི་བཞིན་མི་འབྲི་བ།
   བཅུ ཉེར་ཕྱོགས་གཡོ་ཟོལ་བྱས་ཏེ། འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ཐག་གཅོད་དྲང་མོ་མི་བྱེད་པ།
   བཅུ་གཅིགབསམ་བཞིན་གནོད་བསྐྱལ་བྱས་ནས། འཕྲུལ་སྒུལ་འཁོར་ལོའི་ཨང་བྱང་དཔང་ཡིག་ལེན་པར་འགོར་འགྱངས་བཟོ་བ།
   བཅུ་གཉིསཛ་དྲག་ཆེ་བའི་ལས་འགན་བསྒྲུབ་ཀྱིན་མེད་ཀྱང་ཉེན་གཏོང་བརྡ་ཆས་དང་བརྡ་རྟགས་གློག་ཆས་སྤྱོད་པ།
   བཅུ་གསུམགཏན་འབེབས་དང་འགལ་ནས་རྒྱུན་ལྡན་བགྲོད་སྐྱོད་བྱེད་བཞིན་པའི་འཁོར་རིགས་འགོག་པའམ་ཞིབ་བཤེར་བྱེད་པ།
   བཅུ་བཞི ཛ་དྲག་ཆེ་བའི་གཞུང་དོན་བསྒྲུབ་ཀྱིན་མེད་ཀྱང་འཕྲུལ་སྒུལ་འཁོར་ལོ་བཀག་ནས་ནང་དུ་འདུག་པ།
   བཅོ་ལྔབཅའ་ཁྲིམས་གཏན་འབེབས་ཀྱི་ལས་འགན་མི་བསྒྲུབ་པ།
  སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེ་མིན་འགྲིམ་འགྲུལ་ཉེན་རྟོག་པ་ལ་གོང་ནས་བཤད་པའི་བྱ་སྤྱོད་ནང་གི་གཅིག་ཡོད་ཅིང་། དོ་བདག་པར་གྱོང་གུད་ཕོག་ཚེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།
   འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་ལ་སློབ་སྦྱོང་དང་བརྩི་སྲུང་བྱེད་པ་ནི་རང་གཞན་ཀུན་གྱི་བདེ་འཇགས་ཆེད་དུ་ཡིན་པས། མི་སྒེར་དང་འབྲེལ་ཡོད་ལས་ཁུངས་སམ་ཉེན་རྟོག་པས་ཀྱང་བརྩི་སྲུང་བྱེད་དགོས། རྩ་ཁྲིམས་ནང་གཏན་འབེབས་བྱས་པ་ལྟར་བཅའ་ཁྲིམས་ཀྱི་འོག་ཏུ་མི་ཚང་མ་འདྲ་མཉམ་ཡིན་པས། སུ་ཞིག་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་དགོས། འོན་ཀྱང་དེང་སྐབས་གཞོན་སྐྱེས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ་མང་བོ་ཞིག་གིས་རླངས་འཁོར་འགོག་པ་དང་ཞིབ་བཤེར་བྱེད་རྒྱུ་ནི་ཉེན་རྟོག་པ་རང་ཉིད་རང་མོས་ལྟར་ཡིན་པ་དང་། གཙོ་བོ་ཉེས་ཆད་གཅོད་པ་ཁོ་ནར་དམིགས་སུ་འཛིན་པ་དང་། ཕན་ཚུན་གོ་བརྡ་འཕྲོད་མ་འཕྲོད་ཙམ་གྱིས་ལག་ཕུད་ནས་ཁ་ལོ་པར་དོན་མེད་རྡུང་རྡེག་བྱེད་ཀྱིན་ཡོད་པས། རྒྱ་ཆེའི་ཁ་ལོ་བ་དང་ལྷག་པར་དུ་འབྲོག་ཁུལ་གྱི་ཁ་ལོ་བ་མང་བོ་ཞིག་བཅའ་ཁྲིམས་ལ་རྨོངས་བའི་རྐྱེན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤེས་ཀྱིན་མེད། དེའི་ཕྱིར་ཀུན་གྱིས་བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཚད་མཐོ་རུ་གཏོང་བ་དང་ཆབ་ཅིག་འགྲིམ་འགྲུལ་ཉེན་རྟོག་པའི་ལས་དོན་ལའང་ལྟ་རྟོགས་ནན་མོ་བྱེད་རྒྱུ་ནི་སྤྱི་དམངས་ཀུན་ཀྱི་དབང་ཆ་དང་འོས་འགན་ཞིག་ཡིན་ནོ།།

 
མགོན་པོ་སྐྱབས། རྔ་བ་ཁུལ་ཁྲིམས་འཛིན་ཅུས་སུ་ཕྱག་ལས་གནང་བཞིན་ཡོད།

相关热词搜索:

上一篇:༄༅། །བོན་བསྟན་འབྱུང་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་སྐོར་ཅུང་ཙམ་གླེང་བ།
下一篇:༄༅། །མི་རིགས་གསར་འགྱུར་གྱི་གནད་ལྔ་གླེང་བ།

分享到: