༄༅། །མི་རིགས་གསར་འགྱུར་གྱི་གནད་ལྔ་གླེང་བ།
2016年07月03日   来源:༢༠༡༥ལོའི《རྔ་བའི་བོད་རིག་པ》   

ཀིརྟི་སྐྱབས།
གླེང་གཞི།
   གསར་འགྱུར་ཞེས་པའི་མིང་ནི་བརྗོད་བྱའི་སྒོ་ནས་བཏགས་པ་དང་། ཚགས་པར་ནི་སྒྲོག་བྱེད་ཐབས་དང་ལག་ཆ་ཙམ་ལ་བརྟེན་ནས་བཏགས་པ་རེད།
   རིག་གཞུང་ལ་ལ་དང་བསྡུར་ན་གསར་འགྱུར་འདི་ཡང་མིའི་རིགས་བྱུང་བ་དང་མཉམ་དུ་བྱུང་ཞིང་སྤྱི་ཚོགས་སུ་འབྱུང་བཞིན་དང་བྱུང་མ་ཐག་པའི་དོན་དག་གསར་བ་ཁྱད་པར་ཅན་རྣམས་རེད། འདི་ནི་རྒྱལ་ཁབ་ཅིག་དང་མི་རིགས་གང་ཞིག་ཡིན་ཡང་དེའི་གནས་ཚུལ་ཏེ་ཉིན་དེ་དང་ཟླ་དེ། ལོ་དེའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆབ་སྲིད། རིག་གནས། དཔལ་འབྱོར། དམག་དོན་སོགས་ལེགས་ཉེས་ཀྱི་རྣམ་པ་མཚོན་པས། མི་ཚད་ལྡན་ཞིག་ཡིན་ན་སྔ་མོ་གཞུང་ལས་ཁང་ལ་ཐོན་མ་ཐག་གསར་འགྱུར་ལ་ལྟ་བ་དང་། ཕྱི་དྲོ་ཁྱིམ་ལ་ཐོན་མ་ཐག་བརྙན་འཕྲིན་གསར་འགྱུར་ལ་བལྟ་བའི་གོམས་གཤིས་ཆགས། དེ་ནི་མི་ཡོན་ཏན་ཅན་ཞིག་ལ་ངེས་པར་ལྡན་དགོས་པ་ཞིག་ཡིན་པ་མ་ཟད། ཡིག་རྨོངས་པ་ཞིག་ཡིན་ཀྱང་ཐུན་གསུམ་གྱི་རྒྱང་སྒྲོག་གསར་འགྱུར་ལ་ཉན་དགོས་པ་གལ་ཆེ།
   སྤྱིར་གསར་འགྱུར་ནི་སའི་གོ་ལ་ཆགས་པ་ནས་ཡོད་མོད། གསར་འགྱུར་ནི་འདི་དང་འདི་ལྟ་བུ་ཡིན་དགོས་ཞེས་རིག་གཞུང་ཞིག་ལོགས་སུ་མ་ཕྱེས་པ་མ་གཏོགས་གསར་འགྱུར་སྔོན་ནས་མེད་པ་ཞིག་མིན་པ་ཀུན་གྱིས་ཤེས་སླ། ང་ཚོས་ཉམས་སུ་མ་མྱོང་ཡང་སའི་གོ་ལ་ཆགས་པ་དང་བསྟུན་ནས་གསར་འགྱུར་བྱུང་བ་རེད། ང་ཚོ་མི་མ་བྱུང་བའི་སྔོན་མ་སའི་གོ་ལ་བྱུང་ཞིང་གོ་ལ་བྱུང་བའི་དུས་ཚོད་དེ་གོ་ལ་གཞན་པའི་མིས་ཤེས་ན་སའི་གོ་ལ་ཆགས་པ་དེ་དོན་དག་གསར་བ་ཞིག་བྱུང་བ་ཤེས་སླ་བོ་རེད། དེས་ན་སའི་གོ་ལའི་མཐོ་ས་ནས་ཆུ་མར་བྲི་བ་དང་དེའི་ཤུལ་ནས་རྩི་ཤིང་དང་སྲོག་ཆགས་བྱུང་བ་སོགས་སྐབས་དེའི་དོན་དག་གསར་བ་ཞིག་མ་རེད་ཅེས་སུས་ཟེར་ཐུབ། དེ་ནས་ཡུན་རིང་བོའི་རྗེས་སུ་སྤྲ་དང་སྤྲེའུའི་རིགས་ཁྱད་པར་ཅན་མིར་གྱུར་རྗེས་རིམ་བཞིན་དོན་དག་ཛ་དྲག་ཅན་གང་ཞིག་བྱུང་ཚེ་ཕན་ཚུན་ཁ་བརྒྱུད་ཀྱི་གསར་འགྱུར་རྣམ་པ་བྱུང་། དེ་ནས་སྤྱི་ཚོགས་གོང་འཕེལ་གྱི་དབང་གིས་ཡི་གེ་འབྲི་བའི་སྲོལ་བྱུང་སྟེ་འཕྲིན་ཡིག་གི་ལམ་ནས་དོན་དག་བྱུང་ཚུལ་རྣམས་ཕན་ཚུན་བརྒྱུད་རེས་བརྡ་སྤྲོད་བྱེད་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ལས་རྒྱལ་བོ་དང་བློན་པོ། མི་མཁས་པ་དང་དཔའ་བོ་སོགས་ཀྱི་གསར་བཏོད་མཛད་རྗེས་དང་། མི་ཁྲེལ་མེད་ཀྱི་ངན་རུལ་རྩིང་སྤྱོད་རྣམས་ཀྱང་དུས་དེ་དང་སྐབས་དེའི་ཁ་བརྒྱུད་དང་འཕྲིན་ཡིག་བཅས་ལས་ཆེད་དུ་མ་བསྒྲགས་ཀྱང་གསར་འགྱུར་དུ་གྱུར་པས་མིའི་རིགས་ཀྱི་གསར་འགྱུར་ཚང་མ་འདི་ལྟར་བྱུང་བ་རེད།
   རང་རྒྱལ་མི་རིགས་གསར་འགྱུར་ལ་མཚོན་ན་བཅོས་བསྒྱུར་རྗེས་སུ་སྔར་དང་བསྡུར་ན་གསར་འགྱུར་དང་གསར་འགྱུར་རིག་པའི་གཞུང་ལུགས་སོགས་ཇེ་ཚང་ཇེ་རྒྱས་སུ་གྱུར་དང་འགྱུར་བཞིན་ཡོད་མོད། འོན་ཀྱང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དམན་པས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆབ་སྲིད་རིག་གནས་དཔལ་འབྱོར་སོགས་འཕེལ་ཚད་དལ་པས་མི་རིགས་ཀྱི་གསར་འགྱུར་ཡང་འགྲེམ་གྲངས་ཉུང་ཞིང་ཕན་ནུས་ཀྱང་ཅུང་ཙམ་ལས་ཐོན་གྱི་མེད་པས་བདག་གིས་ཅུང་ཙམ་གླེང་བར་བྱ།
གཅིག མི་རིགས་གསར་འགྱུར་གྱི་གལ་ཆེའི་རང་བཞིན།
   མི་རིགས་གསར་འགྱུར་གྱིས་རང་གི་མི་རིགས་ལ་ཀྲུང་གོའི་གུང་ཁྲན་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་དང་རང་གི་ས་གནས་དང་རྒྱལ་ནང་དང་རྒྱལ་སྤྱིའི་ས་ཆ་སོ་སོའི་འཛུགས་སྐྲུན་གྱི་གྲུབ་འབྲས་མཚམས་སྦྱོར་དང་། སྔོན་ཐོན་ཉམས་མྱོང་དང་ཚན་རིག་ལག་རྩལ་བརྒྱུད་སྤྲོད། མི་རིགས་རང་ཉིད་ཀྱི་རིག་གནས་དང་འདོད་བློ་བརྗོད་དེ་ཕྱོགས་སོ་སོའི་ཐད་ནས་འབུར་དུ་ཐོན་པའི་གྲུབ་འབྲས་ལ་གཟེངས་བསྟོད་དང་། མི་རིགས་ཀྱི་དཔལ་འབྱོར་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ཤུགས་སྣོན་ཆེན་པོ་རྒྱག་ཐུབ་པ་མ་ཟད། མི་རིགས་ཁྲོད་ནས་འབྱུང་བཞིན་པའི་ཀུན་སྤྱོད་ངན་པ་སོགས་ཐེར་འདོན་དང་སློབ་གསོ་བྱས་ཏེ་ཆུ་མ་ཡོང་གོང་གི་རགས་དང་སྤྱོད་བཟང་གི་ལམ་ལ་ཁྲིད་ནས་སྤྱི་ཚོགས་བདེ་འཇགས་ཡོང་བར་ཧ་ཅང་གལ་ཆེ་བས་མི་རིགས་གསར་འགྱུར་ནི་མི་རིགས་གོང་འཕེལ་དུ་འགྲོ་བའི་སྣ་འདྲེན་ཡིན། དེས་ན་མའོ་ཙེ་ཏུང་གིས་“ཞིང་ཆེན་ཞིག་གི་གསར་འགྱུར་ལ་ཞིང་ཆེན་ཡོངས་ཀྱི་ལས་ཀ་དང་མི་དམངས་ཡོངས་རྫོགས་རྩ་འཛུགས་དང་སྐུལ་སློང་། སྐྱོན་བརྗོད། སྐུལ་འདེད་སོགས་ཀྱི་ནུས་པ་ཡོད།” ཅེས་པ་ལྟར། མི་རིགས་གསར་འགྱུར་གྱིས་ཀྱང་མི་རིགས་ཀྱི་ས་ཆར་དེ་འདྲའི་ནུས་པ་ཐོན་པར་ར་སྤྲོད་བྱས་པས་མི་རིགས་ས་ཁུལ་གྱི་གསར་འགྱུར་ཁང་དང་གསར་འགོད་པ་རྣམས་ཀྱིས་རང་གི་ལས་དོན་འདི་གཟི་བརྗིད་ཅན་ཞིག་ཏུ་བརྩིས་ནས་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
གཉིས།མི་རིགས་གསར་འགྱུར་ཡང་ཏང་གི་མི་རིགས་སྲིད་ཇུས་ལ་བརྟེན་དགོས།
   མི་རིགས་སོ་སོའི་སྲིད་འབྱོར་རིག་གསུམ་སོགས་ཡར་རྒྱས་སུ་འགྲོ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་ལ་བརྟེན་དགོས་པ་མ་ཟད། མི་རིགས་གསར་འགྱུར་ཡང་མི་རིགས་སྲིད་ཇུས་ལ་བརྟེན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་བྱེད་ཕྱོགས་སྲིད་ཇུས་རྣམས་གྲངས་ཉུང་མི་རིགས་ལ་ངེས་པར་བསྒྲགས་དགོས་ཚེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འཛུབ་སྟོན་ལ་ངེས་པར་བརྟེན་དགོས། གལ་ཏེ་མི་རིགས་སྲིད་ཇུས་ཀྱི་འཛུབ་སྟོན་མེད་ན་ང་ཚོའི་མི་རིགས་གསར་འགྱུར་གྱི་དྲིལ་སྒྲོག་ཡག་པོ་ཞིག་སྤེལ་མི་ཐུབ། དཔེར་ན། སྔོན་ང་ཚོའི་ལས་ཁུངས་ཀྱི་རྒྱ་རིགས་ལས་བྱེད་པ་ཞིག་གིས་“《རྔ་བའི་བོད་ཡིག་གསར་འགྱུརནི་སྒོར་མོ་ཟད་བྱེད་ཙམ་ལས་མེད་པས་འདི་མེད་པར་བྱས་ནས་དེའི་ཚབ་ཏུ་རྒྱ་ཡིག་གི་གསར་འགྱུར་ཇེ་མང་བྱས་ན་བཟང་ཟེར། ད་དུང་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་སློབ་མ་རྣམས་གསར་འགྱུར་ལས་ཁུངས་སུ་ལེན་དུས། གཞུང་ལས་ཁང་གི་རྒྱ་རིགས་ལས་བྱེད་པ་ལ་ལས། འོ་དེས་སྐད་མི་གོ་བས་གསར་འགྱུར་ཅི་ལྟར་འབྲི། ཞེས་བོད་སྐད་སྐད་དུ་མི་བརྩི་བ་འདི་དང་འདི་ལྟ་བུ་ནི། ཕྱོགས་གཅིག་ནས་ཏང་གི་མི་རིགས་སྲིད་ཇུས་སྣང་མེད་དུ་བཞག་པ་དང་། ཕྱོགས་གཅིག་ནས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་འདུ་ཤེས་བཟུང་སྟེ་མི་རིགས་ལ་བརྙས་བཅོས་བྱས་པ་ཞིག་རེད། འདི་འདྲའི་གཉེན་པོར་ཇི་ལྟར་བྱ་ཞེ་ན་ང་ཚོ་མི་རིགས་གསར་འགྱུར་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་སློབ་སྟོན་དེ་རང་གིས་དྲག་ཆས་སུ་སྤྲས་དགོས་པ་རེད།
   སྤྱིར་མི་རིགས་གསར་འགྱུར་ནི་མི་རིགས་སོ་སོའི་ཆབ་སྲིད་རིག་གནས་དཔལ་འབྱོར་སོགས་ཡར་རྒྱས་སུ་འགྲོ་བ་དང་བསྟུན་ནས་ཡར་རྒྱས་འགྲོ་བ་ཡིན་ལ། དེ་དག་ཇེ་རྒུད་དུ་སོང་ན་མི་རིགས་གསར་འགྱུར་ཡང་ཇེ་ཞན་དུ་འགྱུར་སྲིད། ལྷག་པར་མི་རིགས་སྲིད་ཇུས་དང་ཆབ་སྲིད་ཐད་མི་རིགས་ཀྱི་གནད་འགག་ཡིན་པའི་མི་རིགས་སོ་སོའི་སྐད་ཡིག་ལ་མཐོང་ཆུང་དང་ཚོད་འཛིན་བྱས་ན་དེ་ནི་མི་རིགས་གསར་འགྱུར་ཉམས་པའི་འགལ་རྐྱེན་ཡིན་པས་མི་རིགས་ཀྱི་གསར་འགོད་པ་ཀུན་གྱིས་ཕྱོགས་གཅིག་ནས་རྒྱལ་ཁབ་ཡར་རྒྱས་དང་ཕྱོགས་གཅིག་ནས་མི་རིགས་ཡར་རྒྱས། ཕྱོགས་གཅིག་ནས་རང་མི་རིགས་ཀྱི་གསར་འགྱུར་ལས་དོན་ཡར་རྒྱས་ཀྱི་ཆེད་དུ་མར་ཁེ་སི་དང་ལེ་ཉིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་རང་རྒྱལ་གྱི་གཙོ་འཛིན་སྐུ་རབས་གསུམ་གྱི་དགོངས་པ་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་བསྟུན་ནས་མི་རིགས་གསར་འགྱུར་གྱི་བྱ་བ་གཉེར་དགོས་པ་ལས་ཁ་ནས་མི་རིགས་གསར་འགྱུར་བཤད་དེ་ལག་གིས་མི་རིགས་གསར་འགྱུར་ལྷོད་མི་རུང་། མི་རིགས་གསར་འགྱུར་གཉེར་མི་རིགས་སྐད་ཡིག་གཉེར་མིན་ལ་རག་ལས་ཡོད། དཔེར་ན་དགོན་པ་སོ་སོའི་གྲྭ་བ་༡༠༠%བོད་ཡིག་ཤེས་མཁན་ཡིན་པས་ཏང་གི་སྲིད་ཇུས་ཀྱི་སློབ་གསོ་གཏོང་བར་རྒྱ་ཡིག་གིས་བྲིས་པའི་གསར་འགྱུར་ལས་བོད་ཡིག་གིས་བྲིས་པའི་གསར་འགྱུར་གྱི་ནུས་པ་ཆེ། རྒྱ་སྐད་བཤད་པའི་ནུས་པ་ལས་བོད་སྐད་བཤད་པའི་ནུས་པ་ཆེ། མི་རིགས་གསར་འགྱུར་ནི་མི་རིགས་ཀྱི་དོན་དག་གསར་བ་ཡིན་དགོས་མོད་དེ་ལས་ཀྱང་གལ་ཆེ་བ་ནི་མི་རིགས་སོ་སོའི་རང་གི་སྐད་ཡིག་ཡིན་དགོས།  དེ་ཅིའི་ཕྱིར་ཞེ་ན། མི་རིགས་རང་སྐད་ཀྱིས་ཐད་ཀར་མི་རིགས་རང་གི་སྐད་ཀྱི་བརྙན་འཕྲིན་གསར་འགྱུར་དང་རླུང་འཕྲིན་གསར་འགྱུར་སྤེལ་ན་གོ་ཐུབ་པ་དང་། མི་རིགས་རང་ཡིག་གིས་བྲིས་པའི་གསར་འགྱུར་ལ་མི་རིགས་རང་གིས་ལྟ་ཤེས་པ་དང་། གལ་ཏེ་ཡི་གེ་མ་ཤེས་ཀྱང་ཐོས་ན་དོན་རྟོགས་པས་མི་རིགས་གསར་འགྱུར་གྱི་ཆེས་མཆོག་ཏུ་གྱུར་པའི་ལག་ཆ་ནི་རང་གི་སྐད་ཡིག་ཡིན་པ་འདོན་མི་ཟའོ༎ འོན་ཀྱང་ད་ལྟའི་སྤྱི་ཚོགས་ཀྱི་ཕྱོགས་ལྷུང་དང་མགོ་འཁོར་གྱི་དབང་གིས་མི་རིགས་སྐད་ཡིག་ལ་མཐོང་ཆུང་དང་ཚོད་འཛིན་བྱེད་པ་མང་བ་དང་། ཐ་ན་མི་རིགས་རང་གི་སྐད་ཡིག་ལ་རང་ཡིད་མི་ཆེ་བའང་མང་བོ་ཡོད། དེ་འདྲ་བྱེད་མི་ཆོག་སྟེ། མི་རིགས་སྐོར་གྱི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལས། མི་རིགས་སོ་སོ་དང་ནང་སྒོས་སུ་གྲངས་ཉུང་མི་རིགས་དར་རྒྱས་ཕུན་ཚོགས་སུ་འགྲོ་བར་སྐུལ་འདེད་དང་ཁག་ཐེག་བྱེད་དགོས་ན། ངེས་པར་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ལ་ཁག་ཐེག་བྱེད་དགོས། ཞེས་གསུངས་པས་ང་ཚོའི་མི་རིགས་ཀྱི་གསར་འགྱུར་གོང་འཕེལ་དུ་གཏོང་བའི་རྩ་བ་མི་རིགས་རང་གི་སྐད་ཡིག་ཡིན་པས།  དེའི་རྒྱབ་རྟེན་ལ་མི་རིགས་སྲིད་ཇུས་ངེས་པར་དུ་བསྟེན་དགོས།
   ད་ལྟ་ལ་ལས་གཡག་ཞར་གྱིས་རྩྭ་ཟ་བ་ལྟར་ཕྱོགས་གཅིག་མཐོང་ཡང་ཕྱོགས་གཅིག་མི་མཐོང་སྟེ། ཏང་གི་མི་རིགས་སྲིད་ཇུས་ཡང་དག་པ་ཞིག་མི་མཐོང་བ་དང་། ད་ལྟ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་སྐབས་ཡིན་པ་སོགས་རང་དགར་བསྐྱུར་ནས་དེའི་ཡན་ཆོད་ཅིག་མཐོང་ཁུལ་བྱེད་པ་ནི་སྟོང་ལབ་རེད། ང་ཚོས་ནམ་ཡང་ཀྲུང་གོའི་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་འདི་མི་རིགས་གསར་འགྱུར་གྱི་དཔུང་གཉེན་དུ་བསྟེན་ཏེ་རང་གི་མི་རིགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་དགོས།
གསུམ།མི་རིགས་གསར་འགྱུར་གྱི་རྟེན་ས་གཙོ་བོ་ནི་མི་རིགས་དེའི་སྐད་ཡིག་ཡིན།
   མི་རིགས་གསར་འགྱུར་གྱི་དྲིལ་སྒྲོག་ཡོ་བྱད་གཙོ་བོ་ནི་མི་རིགས་སོ་སོའི་རང་ཡིག་རང་སྐད་ཡིན། མི་རིགས་རང་གི་ཡི་གེས་བྲིས་པའི་གསར་འགྱུར་ཞིག་མིན་ཚེ་དེ་ལ་མི་རིགས་རང་གི་གསར་འགྱུར་ཞེས་བརྗོད་ན་མི་འགྲིག  ཅི་ཕྱིར་ཞེ་ན་མི་རིགས་མང་ཆེ་བས་མི་རིགས་རང་གི་སྐད་ཡིག་མ་གཏོགས་གཞན་གྱི་སྐད་ཡིག་མི་ཤེས་པས་རང་གི་སྐད་ཡིག་ལས་མི་ཤེས་པའི་མི་རིགས་ཤིག་ལ་སྐད་ཡིག་གཞན་ཞིག་གི་གསར་འགྱུར་ཇི་ལྟར་བསྒྲགས་ཀྱང་གོ་མི་ཐུབ་པ་དང་ཕན་མི་ཐོག་སྟེ་དཔེར་ན་སྒྱེ་མོ་ཁ་མདུད་ཅིག་གི་ནས་ལ་འབྲས་ལྡུག་པར་རྩོམ་པ་དང་འདྲ་བས་ཁྱོད་ཀྱི་འདོད་པ་དེ་སྐོང་མི་ཐུབ་པས་ནམ་ཡང་མི་རིགས་རང་གི་སྐད་ཡིག་གི་གསར་འགྱུར་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་ཏང་གི་ཆབ་སྲིད་བསམ་བློ་སོགས་དྲིལ་སྒྲོག་བྱས་ན་གོ་སླ་ཞིང་ཕན་པ་མྱུར། དེས་ན་མི་རིགས་སྐོར་གྱི་གཞུང་ལུགས་དང་མི་རིགས་སྲིད་ཇུསལས། མི་རིགས་སྐད་ཡིག་གི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་རེད། ཅེས་གསུངས། མའོ་ཙེ་ཏུང་གིས་ཀྱང་། ཆབ་སྲིད་ཀྱི་ལས་ཀ་ནི་དཔལ་འབྱོར་ལས་ཀ་མཐའ་དག་གི་སྲོག་རྩ་ཡིན། ཞེས་སློབ་སྟོན་གནང་། མི་རིགས་སྤྱི་དང་ནང་སྒོས་སུ་གྲངས་ཉུང་མི་རིགས་དར་རྒྱས་ཕུན་ཚོགས་སུ་འགྲོ་བར་སྐུལ་འདེད་དང་ཁག་ཐེག་བྱེད་དགོས་ན། ངེས་པར་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ལ་ཁག་ཐེག་བྱེད་དགོས། གསུངས་པ་བཞིན་མི་རིགས་གསར་འགྱུར་གྱི་སྐུ་ཚེ་བརྟན་མིན་གྱི་འགག་རྩ་ནི་མི་རིགས་སོ་སོའི་སྐད་ཡིག་རེད། དེ་བས་བདེན་རུང་རྫུན་རུང་མི་རིགས་གོང་འཕེལ་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ནི་མི་རིགས་སྲིད་ཇུས་རེད། དེ་ལས་གཞན་པའི་གལ་ཆེ་བ་ཞིག་མེད། དཔེར་ན། བོད་མི་༩༨%ཡན་གྱིས་བོད་སྐད་གོ་བས་བོད་སྐད་ཀྱི་རྒྱང་སྒྲོག་བརྙན་བཕྲིན་ལ་བརྟེན་ནས་ཏང་གི་སློབ་གསོ་བྱས་ན་ཕན་པ་རྒྱ་སྐད་ལས་བཟང་བ་མངོན་སུམ་ཚད་མས་གྲུབ། ད་ལྟ་ཞི་ཅིན་ཕིང་གིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་དགོས་ཟེར་བ་འདི་རང་གཞན་ཚང་མ་ལེགས་ལམ་ལ་འགྲོ་བའི་ལྟས་བཟོར་རེད། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། རང་རྒྱལ་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ལ་སྐད་ཡིག་འདྲ་མཉམ་ཡིནགསུང་བ་ནི་རང་རྒྱལ་མི་རིགས་ང་དྲུག་གི་ཆབ་སྲིད་དཔལ་འབྱོར་སོགས་ཕྱོགས་ཀུན་ནས་ཡར་རྒྱས་ཡོང་རྒྱུར་དགོངས་པ་དང་། མི་རིགས་ང་དྲུག་པོ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་གཞན་ལས་རྣམ་པར་རྒྱལ་བའི་ཆེད་དུ་རེད། མི་རིགས་ཤིག་གི་སྐད་ཡིག་མེད་པར་བཏང་ན་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁག་གཅིག་མེད་པར་བཏང་བ་ཡིན་པས་དེ་ནི་སྣང་ཆུང་བྱེད་ཡུལ་ཞིག་གཏན་ནས་མིན། དཔེར་ན་བོད་ལྟ་བུར་མཚོན་ན་བོད་མིའི་སྤྱི་གྲངས་ཀྱི་༧༠%ཙམ་ཡིག་རྨོངས་ཀྱི་ཁར་རང་སྐད་མི་སྤྱོད་པར་རྒྱ་སྐད་རྐྱང་རྐྱང་གི་གསར་འགྱུར་བསྒྲག་ན་ཕན་པ་སྤུ་ཙམ་ཡང་མེད། དེ་བས་བོད་ཡིག་གི་གསར་འགྱུར་ཀློག་ཅིང་བསྒྲགས་ན་ཀྲུང་གོ་གུང་ཁྲན་ཏང་གི་སློབ་གསོ་གཏོང་བའི་ལག་ཆ་ཆེས་མཆོག་ཏུ་གྱུར་པ་ནི་དེ་རེད། གོང་འོག་ཚང་མས་ཡུན་རིང་ལ་དམིགས་ཏེ་གནས་ལུགས་བརྩི་དགོས་པ་དང་། གནས་ལུགས་བརྩིས་ན་ཚན་རིག་བརྩིས་པའང་རེད།
   མི་རིགས་གསར་འགྱུར་ནི་མི་རིགས་ཀྱི་དོན་གསར་བ་ཡིན་དགོས་ཀྱང་། དེ་མི་རིགས་རང་གི་ཡི་གེས་མ་བྲིས་པ་དང་སྐད་ཀྱིས་མ་བཤད་ན་མི་རིགས་ཀྱི་གསར་འགྱུར་ཞིག་ཡིན་པ་ཙམ་ལས་མི་རིགས་དེ་དང་དེ་ལ་ཕན་མི་ཐོག  མི་རིགས་གསར་འགྱུར་ནི་མི་རིགས་སོ་སོའི་རང་གི་ཡི་གེས་འབྲི་ཞིང་རང་སྐད་ཀྱིས་བསྒྲགས་ན་བརྗོད་བྱ་རང་གཞན་གང་གི་གསར་འགྱུར་ཡིན་ཡང་མི་རིགས་རང་གིས་བལྟས་མ་ཐག་དོན་གོ་ཞིང་ཉན་མ་ཐག་བློར་འཆར་པས་མི་རིགས་དེ་དང་དེར་དུས་ངེས་ཅན་ཞིག་གི་ནང་ཡར་འཁྲིད་དང་སློབ་གསོ་ཐེབས་སླ། དེ་འདྲ་མིན་པར་རྒྱ་སྐད་རྒྱ་ཡིག་མི་གོ་བའི་མི་རིགས་གཞན་ལ་དེ་ཅི་ཙམ་བསྒྲགས་ཤིང་བསྟན་ནའང་རྡོ་ཐོག་ལ་ས་བོན་བཏབ་པ་དང་འདྲ་བས་ཕན་པ་འབྱུང་མི་སྲིད་པས་མི་རིགས་གསར་འགྱུར་གྱི་ཆེས་གལ་ཆེ་བའི་ལག་ཆ་དང་ཕན་ནུས་ཡོད་པ་ནི་མི་རིགས་རང་རང་གི་སྐད་དང་ཡི་གེ་ཡིན།
བཞི། གསར་འགྱུར་ལ་བདེན་པའི་རང་བཞིན་ངེས་པར་ཡོད་དགོས།
   གསར་འགྱུར་ལ་བདེན་པའི་རང་བཞིན་མེད་པར་རྫུན་པ་ཞིག་ཡིན་ཚེ་གསར་འགོད་པས་ཕྱོགས་གཅིག་ནས་རང་གི་ལས་དོན་ལ་བརྩི་འཇོག་མ་བྱས་པ་དང་། ཕྱོགས་གཞན་གཅིག་ནས་ཏང་གི་གསར་འགྱུར་ལས་དོན་ལ་མཐོང་ཆེན་མ་བྱས་པ་དང་འགན་མ་ཁུར་བའི་རྟགས་རེད། དེར་བརྟེན་གསར་འགྱུར་རྫུན་པ་བྲིས་ན་སྤྱི་ཚོགས་ནས་གསར་འགོད་པ་རང་ཉིད་ལ་མཐོང་ཆེན་མི་བྱེད་པ་མ་ཟད་གསར་འགྱུར་དེ་ལ་ལྟ་མཁན་ཉུང་བ་དང་ཀློག་མཁན་ཚོས་ཀྱང་ཁྱོད་ལ་གདེང་འཇོག་ཇེ་དམར་གྱུར་ནས་ཁྱོད་ཀྱི་གསར་འགྱུར་དེ་ཉོ་མཁན་ཡང་ཇེ་ཉུང་དུ་འགྲོ་སྲིད། སྤྱིར་གསར་འགྱུར་དང་རིག་གཞུང་སོགས་རྩོམ་འབྲི་དང་རྩོམ་སྒྲིག་གང་བྱེད་ན་ཐོག་མར་རྩ་དོན་བཞི་རྒྱུན་འཁྱོངས་ཀྱི་རྨང་གཞིའི་ཐོག་གཞན་ལ་ཕན་པའི་ཀུན་སློང་ཡག་པོ་ཞིག་དང་བཅས་རྩོམ་དགོས། རྨང་གཞི་དེའི་ཐོག་ནས་སྤྱི་ཚོགས་སུ་བྱུང་དང་འབྱུང་བཞིན་པའི་བྱ་བ་ཁྱད་པར་ཅན་བཟང་ངན་ཅི་རིགས་བདེན་པ་བདེན་ཐུབ་ཀྱིས་བྲིས་ཏེ་བཟང་བོ་ཞིག་ཡིན་ན་དེ་སུས་བྱས་པ་དང་ཇི་ལྟར་བསྒྲུབ་པ་ལ་བསྟོད་བསྔགས་གང་ལེགས་བྱས་ཏེ་སྤྱི་ཚོགས་སུ་དོན་བཟང་སྒྲུབ་པར་སྐུལ་མ་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་བར་སྣེ་འཁྲིད་དགོས། བྱ་བ་ངན་པ་ཞིག་ཡིན་ན་དེའང་བདེན་པ་བདེན་ཐུབ་ཀྱིས་འབྲི་དགོས་ཏེ་བྱ་ངན་དེ་ཡུལ་གང་ནས་ནམ་ཞིག་ལ་མི་སུས་ཅི་ཕྱིར་ཇི་ལྟར་བསྒྲུབ་པ་དང་དེས་སྤྱི་ཚོགས་ལ་གནོད་རྐྱེན་ཅི་བྱས་དང་། མཐར་ཁོ་ལ་ཁྲིམས་ཅི་འདྲ་ཞིག་བཅད་པས་རྗེས་འབྲས་ངན་པ་དེ་རང་གཅིག་པུས་འཁུར་བ་ནི་རང་སྡུག་རང་གིས་ཉོས་པ་སོགས་གནས་ཚུལ་དྲང་བོར་བརྗོད་ནས་སྤྱི་ཚོགས་སུ་བྱུང་བའི་སྤྱོད་ངན་ཐེར་འདོན་སྒོས་མི་མང་བོར་སློབ་གསོ་བཏང་སྟེ་སྤྱི་ཚོགས་བདེ་འཇགས་དང་མིའི་རིགས་ཤེས་རིག་ལྡན་པའི་ལམ་ལ་འཁྲིད་དགོས།
   དེ་སྔོན་གསར་འགྱུར་སྒྲོ་སྐུར་ཅན་འབྲི་མཁན་ཡོད། དེ་ནི་ངེས་པར་དགག་དགོས། དེ་སྔའི་གསར་འགྱུར་རྫུན་མ་ཇི་ལྟར་བྱུང་ཞེ་ན། སྔུན་གྱི་རུལ་སུངས་དང་བསྟུན་ནས་འབྱུང་གི་ཡོད། མི་མི་ཉུང་བ་ཞིག་གིས་རང་འགོ་ཁྲིད་ཅིག་བྱེད་རྒྱུ་བྱུང་ན་རང་གིས་ལྐོག་རྔན་ལེན་ཐུབ་རྒྱུ་རེད་སྙམ་སྟེ་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཡར་འགྲོ་ཆེད་ལས་དོན་མ་བསྒྲུབས་ཀྱང་བསྒྲུབས་སོ་ཞེས་སྒྲོ་འདོགས་པ། དཔེར་ན་ཟམ་པ་ལས་མ་ཚར་ཀྱང་ཟམ་པ་ལས་ཚར་ནས་འདི་དང་འདིའོ་ཞེས་པ་དང་། ཆུ་གློག་ཁང་ལས་མ་ཚར་ཀྱང་ལས་ཚར་ནས་འདི་དང་དེའོ་ཞེས་ལས་གང་ཡང་མ་འགྲུབ་གོང་ལ་འགྲུབ་པོ་ཞེས་རྫུན་བསྟོད་དང་། ལས་ཀར་ཕན་པ་དང་བྱེད་ནུས་དེ་ལྟ་བུ་ཞིག་མེད་ཀྱང་ལྡབ་མང་བོས་འུད་བསྟོད་བྱེད་ཆེ་བས་མི་ལ་ལའི་བསམ་པར་གསར་འགྱུར་མང་ཆེ་བ་རྫུན་པ་ཤ་སྟག་ཏུ་འདོད་པ་མ་ཟད། དོན་ངོ་མ་ཞིག་བྲིས་ཀྱང་ལ་ལས་ཡིད་ཆེས་མི་བྱེད་པའི་ཚོད་ལ་སླེབས། འདི་འདྲ་བྱས་ན་སྤྱི་ཚོགས་གང་ཞིག་ཡིན་ཡང་འདྲ་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ཀྱི་བྱ་བར་གནོད་པ་འབྱུང་བཞིན་ཡོད། དཔེར་ན། “སྔོན་མི་ཞིག་གིས་ང་སྤྱང་ཀིས་རྨུར་ཐལ་”ཞེས་རྫུན་ལབ་སྟེ་ངུས་ཤིང་བོས་པ་དང་། རྗེས་སུ་སྤྱང་ཀི་དངོས་སུ་ཐོན་དུས་ཁོས་ཇི་ལྟར་བོས་ཀྱང་རི་འདབས་ཀྱི་མི་རྣམས་ཀྱིས་རྫུན་ཡིན་སྙམ་སྟེ་མ་ཡོང་བས་ཁོ་སྤྱང་ཁུས་ཟོས་པ་དང་འདྲ། རྫུན་འབྲི་རྒྱུ་ལོབས་སོང་ན་ཉན་མཁན་དང་ལྟ་མཁན་གྱིས་ཡིད་མི་ཆེས་པར་གསར་འགྱུར་གང་དགར་གཡུག་པ་མ་ཟད་བདེན་པ་ཞིག་བཤད་ཀྱང་ལྟ་མཁན་གྱིས་ཡིད་མི་ཆེས་པས་མང་ཚོགས་ལ་སློབ་གསོ་གཏོང་ནུས་ཇེ་ཞན་དུ་འགྱུར་བཞིན་ཡོད། ང་ཚོ་གསར་འགོད་པ་རྣམས་གོང་གི་ལྷ་ལ་མི་ལྟ་ཞིང་། འོག་གི་འདྲེ་ལའང་མི་འདྲོགས་པར་ཏང་གི་རྩ་དོན་མ་ཤོར་བའི་ཆ་ནས་སྙིང་སྟོབས་བསྐྱེད་དེ་དོན་དངོས་ཤིག་འབྲི་བའི་རྒྱུན་བསྐྱངས་ན་གོང་འོག་ལྟ་མཁན་ཚང་མའི་སེམས་འགུགས་ཐུབ་ལ་དེ་དང་མཉམ་དུ་སློབ་གསོའི་རང་བཞིན་ཤུགས་ཇེ་ཆེར་གྱུར་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ཡར་རྒྱས་ལ་ཕན་པ་ཆེན་པོ་ཐོན་སྲིད།
ལྔ། གསར་འགོད་པར་ལྡན་དགོས་པའི་ཆ་རྐྱེན།
༡.གསར་འགོད་པར་ཆབ་སྲིད་ཀྱི་བྱང་ཚད་མཐོ་དགོས།
   ང་ཚོས་བཤད་པའི་ཆབ་སྲིད་ནི་ངེས་པར་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། གཙོ་བོ་ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཕྱོགས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་དར་ཞིང་དམངས་ལ་ཕན་པ་སྒྲུབ་པ་དེ་རེད།
   ང་ཚོ་མི་རིགས་ཀྱི་གསར་འགོད་པ་རྣམས་རི་བོང་ཅལ་འདྲོགས་མི་བྱེད་པར་ནན་ཏན་གྱིས་ཆབ་སྲིད་སྐོར་གྱི་གཞུང་ལུགས་སྦྱང་དགོས། གལ་ཏེ་ཆབ་སྲིད་ཀྱི་བྱང་ཚད་ངེས་ཅན་ཞིག་མེད་པར་འོལ་ཚོད་ཙམ་བྱས་ན་ཁྱོད་ནི་འོབས་ཁ་ལ་ངལ་གསོ་བ་དང་འདྲ།
   ང་ཚོ་གསར་འགོད་པ་རྣམས་ལ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་རྨང་གཞིའི་ཐོག་ནམ་ཡང་གང་ཞིག་དྲང་ཕྱོགས་ཀྱི་ཆབ་སྲིད་ཡིན་པ་དང་གང་ཞིག་ལས་ལོག་པའི་ཆབ་སྲིད་གསལ་བོར་འབྱེད་དགོས། ད་ལྟ་སྤྱི་ཚོགས་རུལ་སུངས་ཀྱི་དབང་གིས་འགོ་ཁྲིད་ཀྱི་རིགས་མཐའ་དག་དང་གུང་ཁྲན་ཏང་ཡོན་ཡོད་ཚད་མི་དམངས་ལ་ཞབས་འདེགས་མཁན་མིན་པས་ང་ཚོ་གསར་འགོད་པས་རིག་པ་དྭངས་མོ་བྱེད་དགོས།
ང་ཚོས་ནམ་ཡང་རང་གི་རྒྱབ་རྟེན་ལ་འཛིན་དགོས་པ་ནི་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གཞུང་ལུགས་ཡིན། ང་ཚོས་ནམ་ཡང་རང་གཞན་གྱི་ལེགས་ཉེས་འཇལ་བའི་མེ་ལོང་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། མི་རིགས་སྲིད་ཇུས་ཡིན།
༢.གསར་འགོད་པ་ཞིག་ཡིན་ཚེ་ཐོག་མར་ལས་སྒོའི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས།
   ད་ལྟའི་མི་རིགས་ཀྱི་གསར་འགྱུར་ལ་གསར་འགོད་པའི་ཆེད་ལས་མི་སྣ་ཉུང་བས་ལས་རྐང་ལ་ཞུགས་པའི་གསར་འགོད་པ་རྣམས་ཀྱིས་གསར་འགྱུར་རིག་པ་སྦྱོང་རྒྱུ་དང་། གསར་འགྱུར་རིག་པའི་ཐད་ཀྱི་དཔྱད་རྩོམ་མང་བོར་བལྟ་རྒྱུ་དང་། དུས་ཐུང་སྦྱོང་བརྡར་སོགས་ལ་ཞུགས་གང་ཐུབ་བལྟ་རྒྱུ། ད་དུང་གཞུང་སྒེར་གང་ཡིན་ཀྱང་ཅི་ཐུབ་ཀྱིས་མ་དངུལ་ཕུད་དེ་ཆེད་ལས་གསར་འགྱུར་སློབ་གྲྭ་ལས་གསར་འགྱུར་རིག་པ་ཆེད་དུ་སྦྱོང་རྒྱུ་ཨེ་རེག་བལྟས་ཏེ་རང་རང་སོ་སོས་གསར་འགྱུར་འབྲི་རྩལ་སྦྱོང་དགོས།
༣.གསར་འགོད་པའི་འགན་ཁུར།
   གསར་འགོད་པ་ནི་ཏང་དང་རྒྱལ་ཁབ་མི་དམངས་བཅས་ཀྱི་མགྲིན་ཚབ་པ་ཡིན་པས་དོན་གསར་ཁྱད་པར་ཅན་གང་ཞིག་བྱུང་ན་དེ་སྤྱི་ཚོགས་ལ་བསྒྲགས་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་སྣེ་འཁྲིད་པ་ཡག་པོ་ཞིག་གི་འགན་ཡོངས་སུ་འཁུར་དགོས་པ་མ་ཟད་གསར་འགྱུར་གྱི་ཆེས་གལ་ཆེ་བའི་བསྲུང་བྱ་བདེན་པའི་རང་བཞིན་ལ་ངེས་པར་བརྩི་སྲུང་བྱེད་དགོས། གལ་ཏེ་དེ་ལས་ལྡོག་ན་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་ཕར་ཞོག་སྤྱི་ཚོགས་ཀྱིས་ཁྱོད་ལ་རྐྱལ་སྟོང་ཞེས་འབོད་པས་ངེས་པར་གསར་འགོད་པས་རང་གི་འོས་འགན་ཡག་པོར་སྲུང་དགོས།
༤.གསར་འགོད་པ་ནི་སྙིང་སྟོབས་ཅན་ཞིག་ཡིན་དགོས།
   སྤྱིར་ལས་དོན་གང་ཞིག་སྒྲུབ་ཚེ་རང་གི་ལས་སྒོའི་བྱ་བ་སྒྲུབ་པའི་ཆ་རྐྱེན་འཛོམས་རྗེས་ནམ་ཡང་བག་མི་ཁུམ་པར་མདུན་དུ་སྐྱོད་དགོས། ལྷག་པར་ད་ལྟའི་སྤྱི་ཚོགས་ཀྱི་རུལ་སུངས་དང་རྙོག་འཛིང་གི་སྐབས་འདིར། སྙིང་སྟོབས་བསྐྱེད་དེ་རང་གི་ལས་དོན་གོང་སྤེལ་ལ་འབད་དགོས། སྙིང་སྟོབས་ཤིག་མ་བསྐྱེད་ན་ཁྱོད་ཀྱིས་ཏང་དང་སྲིད་གཞུང་གི་མགྲིན་ཚབ་བྱེད་པ་ལྟ་ཞོག་ང་ཚོ་མི་རིགས་ཀྱི་གསར་འགྱུར་འདི་སྟོང་ལབ་ཙམ་དུ་གྱུར་ཏེ་མཐར་འཇིག་སྲིད་རྒྱུ་རེད། དེས་ན་ད་ལྟའི་རྙོག་འཛིང་གི་དཀའ་བ་ཁྱད་དུ་བསད་དེ་བློ་གཅིག་སེམས་གཅིག་གིས་བདེན་དོན་རྒྱུན་འཁྱོངས་བྱས་ཚེ་ནམ་ཞིག་ང་ཚོར་རྒྱལ་ཁ་འཐོབ་ཐུབ་ལ་དེ་དུས་མིང་དོན་མཚུངས་པའི་ཏང་དང་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་ཏུ་སྙམ་ན་ཆོག དེ་འདྲ་མ་ཡིན་པར་ད་ལྟའི་གསར་འགོད་པ་ལ་ལ་ལྟར་བག་ཁུམ་སྟེ་དཔེར་ན་རྫོང་རེའི་སྨན་ཁང་གིས་སྨན་རིལ་ལེབ་སྐར་བརྒྱད་ཅན་རེ་སྒོར་བདུན་ཅན་དུ་བཅོས་ནས་ཚོང་ལོག་རྒྱག་གི་ཡོད་པ་ལྟ་བུ་སོགས་ལ་ང་ཚོས་དཔྱོད་དམ་ཞེ་ན། ངག་འདར་བཞིན། འོ་ཧོ་དེ་མི་རུང་རྗེས་སུ་རང་ལ་ལན་སློག་སྲིད་ཅེས་རྒྱུན་དུ་ཞུམ་ཞུམ་འདར་འདར་དུ་བསྡད་ན་ང་ཚོའི་རྨི་ལམ་དུ་གང་ལ་ཡང་མི་གནོད་པའི་གསར་འགྱུར་ལེགས་པོ་ཞིག་རྨིས་མི་སྲིད་སྙམ། གསར་འགོད་པ་ཞིག་ཡིན་ཚེ་མཐོན་པོའི་རྭ་རྩེར་འཇུ་ཕོད་པ་དང་དམའ་མོའི་སུག་མཐར་ཡང་འཇུ་ཕོད་པ་ཞིག་ཡིན་དགོས་པ་ལས་ནམ་ཡང་གཞུང་ལས་ཁང་དུ་བསྡད་ནས། ལམ་འགྲོ་བའི་གཏམ་ཙམ་དང་རྒྱང་ཉན་རྒྱང་ལྟ་ལྟག་ཉན་ཙམ་གྱིས་ཁྱོད་ཀྱི་ཟླ་ཕོགས་ལེན་བྱེད་ཁོ་ན་ཙམ་ལས་རིན་ཐང་ལྡན་པའི་གསར་འགྱུར་ཞིག་འབྲི་མི་ཐུབ།
༥.གསར་འགོད་པ་ཐབས་ལ་མཁས་དགོས།
   སྤྱིར་བྱ་བ་གང་ཞིག་ཡིན་རུང་ཐབས་ལེགས་ན་ལས་སླ་བ་ཀུན་གྱིས་ཤེས། འོན་ཀྱང་དེ་ལྔ་གསར་འགོད་པ་ལ་ལས་སྤྱི་ཚོགས་ཀྱི་ངན་རུལ་རྣམས་མཐོང་ན་ཅི་མི་སྙམ་པར་བསྐྱུར་བ་མ་ཟད་ཐ་ན་དེ་གསང་རོགས་ཀྱང་བྱས་པ་རེད། རུལ་སུངས་ནི་ཀུན་གྱིས་ཤེས་པ་ལྟར་རྒྱལ་ཁབ་ནས་ས་གནས་བར་གྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པའི་ཁྲིམས་འགལ་རྣམས་རེད། དེས་ཞིང་ཆེན་དང་ཁུལ་ལྟ་བུའི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་རྐང་རྩར་གནོད་པ་ཐེབས་ཏེ་གྱོང་ཆེན་རྒྱག གསར་འགོད་པ་དང་ཞིབ་དཔྱོད་སྡེ་ཁག་བརྒྱུད་སྐྱོན་དེ་གསལ་བོར་བྱུང་རྗེས་སྐྱོན་གྱི་ཆ་རྣམས་གསལ་བོར་བསྒྲགས་ན་སྤྱི་ཚོགས་ལ་ཕན་པ་ཆེན་པོ་འབྱུང་ལ་རྒྱལ་ཁབ་དང་མི་རིགས་ལས་དོན་ལ་ང་ཚོས་བྱས་རྗེས་ཆེན་པོ་ཞིག་རང་ཤུགས་ཀྱིས་འཇོག་ཐུབ་པ་རེད། དེ་ལས་ལྡོག་སྟེ། ཚོགས་འདུ་དེ་འདྲ་ཞིག་འཚོགས། གསུངས་འདི་འདྲ་ཞིག་བུད་ཅེས་པ་སོགས་འུད་བསྟོད་ཁོ་ནས་ཤོག་ལྷེ་གྲུ་བཞི་མ་མང་བོ་ཞིག་རླུང་རྟ་ཕུད་ཕུད་བྱས་པར་སྙིང་བོ་ཅི་ཡང་མེད། ནུབ་ཁུལ་གསར་གཏོད་སྐབས་འདིར་ང་ཚོས་རིག་པ་དྭངས་མོས་གསར་འགྱུར་གྱི་བདེན་དོན་བསྙེག་དགོས་པ་ལས་བོད་ཀྱི་“ལྷ་བཤོས་ཁྱི་གུས་ཁྱེར་ན་ཁ་འཛུམ་དམུལ་ལེ། དཀྱིལ་འཁོར་བ་མོས་ལྡག་ན་ཁ་འཛུམ་དམུལ་ལེ།” ཞེས་པའི་དཔེ་ལྟར་བསྡད་ན་ཁྱོད་ཏང་སྲིད་དམངས་གསུམ་གྱི་མགྲིན་ཚབ་པ་ཕར་ཞོག་ཤེས་མེད་ཤོག་བུའི་སྟག་ལག་ན་མྱུ་གུ་ཅན་འཇིགས་འཇིགས་འདྲ་བ་ཞིག་ལས་ཅི། ལྷག་པར་མི་རིགས་གསར་འགོད་པ་རྣམས་ཀྱིས་རང་ཉིད་ལ་བླང་བྱ་ནན་པོ་བྱེད་དགོས།
༦.གསར་འགོད་པའི་དམིགས་ཡུལ་ཤེས་དགོས།
   ཏང་གི་མཐར་ཐུག་གི་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་རེད། ང་ཚོ་མི་རིགས་གསར་འགོད་པ་རྣམས་ཀྱི་དམིགས་ཡུལ་ཡང་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ངེས་པར་ཡིན་དགོས། ད་ལྟ་ས་ཆ་ལ་ལར་རྒྱལ་ཁབ་གཅིག་གྱུར་གྱི་ཡར་རྒྱས་ལ་འདང་མི་རྒྱག་པར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་གཞུང་སོགས་སྣང་མེད་དུ་བཞག་སྟེ་ཏང་གི་མི་རིགས་སྲིད་ཇུས་ལ་བརྙས་བཅོས་དང་མི་རིགས་ལས་དོན་ཁ་ཤགས་བཤད་པ་ལྟར་རྩེད་སྤྱད་ཙམ་དང་། རང་ཡོད་དབང་ཆ་ཁོ་ནར་བརྟེན་ནས་རང་དོན་ཏག་ཏག་བསྒྲུབ་ན་ཏང་གི་བྱ་བ་མིན་ལ་སྲིད་གཞུང་གི་ལས་དོན་ཡང་མིན་པས་ང་ཚོས་ངེས་པར་དེ་དག་ལ་དབྱེ་བ་ཕྱེས་ཏེ་སུས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ན་དེ་ང་ཚོས་བསྒྲག་དགོས་ལ་སུས་ཁྲིམས་འགལ་བྱས་ན་དེའང་ང་ཚོས་བསྒྲག་ཐུབ་དགོས། གལ་ཏེ་གསར་འགོད་པ་ཞིག་དེ་ལས་ལྡོག་ན་ཁྱོད་ནི་ངན་རུལ་བ་ལ་ལའི་ཡོ་བྱད་ཙམ་དུ་གྱུར་ཏེ་གསར་འགོད་པའི་མཚན་ཉིད་ཉམས་པས་ཁྱོད་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་ཞིག་བྱེད་མ་ཐུབ་པ་རེད།
མཇུག་བསྡུའི་གཏམ།
   མདོར་ན། མི་རིགས་གསར་འགྱུར་ལ་དཔྱད་ན་མི་རིགས་ཀྱི་གསར་འགྱུར་ཁང་ངམ་མི་རིགས་ཀྱི་གསར་འགོད་པ་ཞིག་ཡིན་ཚེ། ཐོག་མར་མི་རིགས་གསར་འགྱུར་གྱི་གལ་ཆེའི་རང་བཞིན་ཤེས་དགོས། དེ་ནས་ད་ལྟའི་སྤྱི་ཚོགས་ཀྱི་དབང་གིས་མི་རིགས་སོ་སོས་རང་གི་གསར་འགྱུར་གཉེར་དུས་རང་གི་གསར་འགྱུར་གྱི་འཛུབ་སྟོན་ལ་ངེས་པར་མི་རིགས་སྲིད་ཇུས་རྟེན་དགོས། མི་རིགས་གསར་འགྱུར་གྱི་ལག་ཆ་ཆེས་གཙོ་བོ་ནི་རིགས་སོ་སོའི་རང་སྐད་རང་ཡིག་བྱས་ན་ཀྲུང་གོ་གུང་ཁྲན་ཏང་གི་སློབ་གསོ་ཐོབ་པ་དང་རང་ཉིད་ཡར་རྒྱས་འགྲོ་བར་ཕན་པ་ཡོད།
   ང་ཚོ་གསར་འགོད་པ་རྣམས་ཀྱིས་གསར་འགྱུར་གྱི་བདེན་པའི་རང་བཞིན་རྒྱུན་འཁྱོངས་དང་། རང་ལ་ལྡན་དགོས་པའི་ཆ་རྐྱེན་རྣམས་ཡོད་པ་རྒྱུན་སྐྱོང་དང་མ་ཚང་བ་ཁ་སྐོང་ལ་འབད་ནས་ཏང་དང་མི་དམངས་ཀྱི་མགྲིན་ཚབ་པ་བཟང་བོ་ཞིག་བྱེད་དགོས།
ཀིརྟི་སྐྱབས། རྔ་བ་ཁུལ་ཚགས་པར་ཁང་ནས་ལས་འཁྱུར་ངལ་གསོ་བྱས་ཟིན།

相关热词搜索:

上一篇:༄༅། །ཁྲིམས་ལུགས་དང་འབྲེལ་བའི་རྒྱུན་མཁོའི་ཤེས་བྱའི་སྐོར་གླེང་བ།
下一篇:༄༅། །རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མཛད་རྣམ་མདོར་བསྡུས།

分享到: