༄༅། །རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མཛད་རྣམ་མདོར་བསྡུས།
2016年07月03日   来源:༢༠༡༢ལོའི《རྔ་བའི་བོད་རིག་པ》   

བཙན་ལྷ་ངག་དབང་ཚུལ་ཁྲིམས།  སྒྲོལ་དཀར་སྐྱིད།
 

   བོན་གྱི་རྒྱལ་བ་གཉིས་པ་རྗེ་མཉམ་མེད་པ་ཆེན་པོ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པ་དེ་ཉིད་ཀྱི་མཁས་བཙུན་བཟང་གསུམ།   འཆད་རྩོད་རྩོམ་གསུམ།   ཐོས་བསམ་སྒོམ་གསུམ།   མཁྱེན་བརྩེ་ནུས་གསུམ་སོགས་ཀྱི་སྒོ་ནས་བསྟན་འགྲོར་ཕན་བདེ་སྤེལ་ཚུལ་གྱི་རྣམ་པར་ཐར་པ་ནི།   བདག་ལྟ་བུས་བརྗོད་པའི་ནུས་པ་མ་མཆིས་ཀྱང༌།   རང་ཉིད་ཀྱི་མཐོང་ཐོས་ཡུལ་དུ་གྱུར་པའི་བླ་ན་མེད་པའི་མཛད་རྣམ་གྱི་ཡི་གེ་ཁུངས་དག་རང་བློར་གང་ངེས་རྣམས་ལྷག་བསམ་ཟོལ་མེད་ཀྱིས་ཅུང་ཙམ་བརྗོད་པར་བྱ་ན་འདི་ལྟ་སྟེ།
   དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་ནི།   ཤར་རྒྱལ་མོ་རོང་གི་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་གནས་མཆོག་རྒྱལ་མོ་དམུ་རྡོའི་རི་བོ་གཡུང་དྲུང་ལྷ་སྟེང་དགོན་དང་ཉེ་བའི་གནས་ལག   གཉན་རྗེ་གབ་ཏོག་ཤ་བ་རིའི་ཞོལ་གྱི་ཆུ་ཆེན་རབ་བརྟན་གྱི་ཞིང་ཁམས་སྟུག་ཀྱོའམ་སྟེགས་ལྕོག་གམ་སྟེགས་མཆོག་ལུང་གི་མུ་ནི་གསེར་གཞུང་ཐང་སྟེ་རྒྱ་སྐད་དུ་(独觉沟华西坝)ཞེས་བྱ་བར་ཡབ་རྒྱུ་ཡི་བོན་བཞི་ལ་མཁས་པ་དབྲ་རིགས་ཀླུ་རྒྱལ་ཞེས་བྱ་བ་དང་།   ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པའི་རིན་ཆེན་སྨན་གཉིས་ཀྱི་སྲས་སུ།   དབང་ལྡན་ཞེས་པ་མེ་ཕོ་སྤྲེལ་གྱི་ལོ་སྤྱི་ལོ་༡༣༥༦དཔྱིད་ར་སྟག་ཟླའི་ཡར་ཚེ་ལྔའི་ཉི་ཤར་གྱི་དུས་སུ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་སོ།  །
   གནས་མཆོག་གབ་ཏོག་ཤ་བ་རི་ཞེས་བྱ་བའི་ཡུལ་མཆོག་དེ་ནི།  གནས་རི་རིན་ཆེན་སྤུངས་པ་གཉན་རྗེ་གབ་ཏོག་གི་དཀར་ཆགལས།  དམུ་རྡོ་གཡུང་དྲུང་སྤུངས་རྩེའི་བྱང་ནུབ་ཀྱི།  །གནས་ཆེན་གཉན་རྗེ་གབ་ཏོག་ཅེས་བྱ་བར།  །རིན་ཆེན་སྤུངས་པའི་རི་བོ་ཞེས་ཀྱང་བྱ།  །ཤ་བ་རི་མཆོག་རྒྱལ་མོ་ཞེས་ཀྱང་བྱ།  །གནས་ཆེན་ཤེལ་དཀར་གཡུང་རོང་ཞེས་ཀྱང་བྱ།  །འདི་འདྲའི་གནས་རི་ཨེ་མ་ངོ་མཚར་ཆེ།  །ཚིག་ཀ་འདི་ཡི་དོན་དེ་མ་ཤེས་ན།  །གཉན་རྗེ་གབ་ཏོག་ཅེས་པའི་རྒྱུ་མཚན་ནི།  །གཉན་ནི་གནས་པ་རྒྱལ་པོ་རྩུབ་པས་གཉན།  །རྗེ་ནི་གནས་ཆེན་རྣམས་ཀྱི་གཙོ་བོ་རྗེ།  །གབ་ནི་གཞན་གྱི་མ་མཐོང་སྦས་པའི་གབ།  །ཏོག་ནི་ཁྱད་འཕགས་གནས་རི་ཀུན་གྱི་ཏོག  །དེ་ཕྱིར་གཉན་རྗེ་གབ་ཏོག་ཅེས་བྱ་འོ།  །གནས་ཀྱི་ཕུ་མདའ་ཉིན་སྲིབ་གར་བལྟས་ཀྱང་། །གང་དང་མི་འདྲ་ཡ་མཚན་རྨད་དུ་བྱུང་། །རིན་ཆེན་གཏེར་མཆོག་སྤུངས་པའི་ཚུལ་དུ་ཡོད།  །དེ་ཕྱིར་རིན་ཆེན་སྤུངས་པའི་གནས་ཞེས་བྱ།  །ཤ་བ་རི་ཞེས་བཏགས་པའི་རྒྱུ་མཚན་ནི།  །སྔོན་ཚེ་ཀླུ་བཙན་ཤ་བར་སྤྲུལ་ནས་བྲོས།  །རིག་མཆོག་བཻ་རོ་དྲན་པ་ལ་སོགས་ཏེ།  །གྲུབ་ཐོབ་རིག་འཛིན་མཁའ་འགྲོ་མང་པོ་ཡིས།  །ཞབས་བཅགས་སྨོན་ལམ་རྒྱ་ཆེན་བཏབ་ནས་བཞག  །དེ་ཕྱིར་ཤ་བ་རི་ཞེས་བྱ་བ་འོ།  །ཤེལ་དཀར་གཡུང་རོང་བྱ་བའི་རྒྱུ་མཚན་ནི།  །ཤེལ་གྱི་རྡོ་རིང་དཀར་པོ་མངོན་པ་ནི།  །རི་བྲག་གཞན་དང་མི་འདྲ་ཁྱད་པར་འཕགས།  །ཤེལ་དཀར་མདངས་བཞིན་གསལ་ཕྱིར་ཤེལ་དཀར་བྱ།  །གཡུང་ནི་གཡུང་དྲུང་བོན་གྱི་རྒྱུད་སྡེ་ཡི།  །གཏེར་ཁ་ཟབ་མོ་ཡོད་པས་གཡུང་ཞེས་བྱ།  །ཤེལ་གྱི་རྡོ་རིང་དཀར་པོའི་རྩེ་མོ་རུ།  །བཻ་རོ་ཏིང་འཛིན་བཞུགས་པའི་སྐུ་རྗེས་དང་།  །བླ་ཆེན་དྲན་པ་ཚེ་དབང་པད་འབྱུང་གསུམ།  །འབྲུག་ཁྱུང་སེང་གེར་སྤྲུལ་པའི་ཞབས་རྗེས་ཡོད།  །ཅེས་གསུངས་སོ།  །
   ཡང་དམ་པ་ཁྱུང་གི་གདུང་རབས་རིག་སྣང་འོད་ཀྱི་རྒྱལ་པོའི་སྲས་བཞི་ཡོད་པའི་ཐ་ལྟག་ཐ་མའི་གོང་མཁྱུང་འཕགས་ཁྲ་བོ་དང་ལྷ་སྲས་གཡུང་དྲུང་རྣམ་གཉིས་བྱོན་ཏེ་སྲས་ཀྱིས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས།  དེ་ལས་དབུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་བོན་སྲིད་དང་རྒྱལ་སྲིད་ཀུན་དར་བར་མཛད་པའི་ཚེ།  གང་ཉིད་ཀྱི་བཞུགས་ཡུལ་གཙོ་བོ་སྟུག་ཀྱོ་མུ་ནི་གསེར་གཞུང་ཐང་ཡིན་པ་ནི།  ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་ལས།  ཁྱུང་འཕགས་ཁྲ་བོའི་སྲས་ལྷ་སྲས་གཡུང་དྲུང་ཉིད་ཀྱིས་དམུ་རྡོ་ལྷ་གཉན་ལ་གཡས་སྐོར་ལན་གསུམ་མཛད་དེ།  རྒྱལ་མོ་རོང་གི་ས་སྙིང་སྟུག་ཀྱོ་ཅེས་པ་བོད་སྐད་དུ་ལུང་མདའ་ཟེར་བ་དེ་རུ་བབས་སོ།  །ཞེས་དང་།  ཡང་དེ་ཉིད་ལས།  ལྷ་སྲས་གཡུང་དྲུང་ཉིད་ལ་མི་ཉག་རྒྱལ་པོ་ལ་སོགས་པ་རྒྱལ་རོང་གི་མི་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ།  །མི་མཆོག་དམ་པ་ལྷ་སྲས་གཡུང་དྲུང་ལགས།  །བདག་ཅག་རྒྱལ་མོ་རོང་གི་མི་རྣམས་ཀྱིས།  །ཉིད་ཀྱིས་གང་གསུང་ངེས་པར་བསྒྲུབ་ལགས་པས།  །མི་རྗེ་དབང་པོ་ཉིད་ཀྱིས་མཛད་དུ་གསོལ།  །ཞེས་སོགས་ཞུས་ཞེས་དང་།  དབུ་འབོར་ལྷ་སྲས་གཡུང་དྲུང་རིན་པོ་ཆེའི་ཐུགས་ཀྱིས་དགོངས་པ་བཏང་ནས། གཉན་རྗེ་གབ་ཏོག་གི་ཤར་ཕྱོགས།  གནས་མཆོག་ཇོ་འོ་རྗེའི་བྱང་ཕྱོགས།  ས་གཞི་མཎྜལ་བཏེགས་པ་ལྟ་བུ།  མུ་ནི་གསེར་གཞུང་ཞེས་བྱ་བར་གཤེགས་ཏེ།   འཁོར་རྣམས་ལ་རང་ཡུལ་གྱི་ལོ་སར་ལྟ་བུ་དགའ་སྟོན་ཞག་འཚོགས་དགོས་གསུངས།  ཞེས་གསུངས་སོ།  །གཞན་ཡང་ལྷ་སྲས་གཡུང་དྲུང་ཉིད་སྟུག་ཀྱོ་རུ་བཞུགས་པའི་ཚེ།  ལུང་པ་དེའི་ཕུག་གི་ཆུ་མིག་དཀར་མོའི་འགྲམ་ནས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་པའི་ཚུལ་དང་།  སྲས་ཀུན་སློང་བུ་ཙ་དང་ཁྲོ་ཙ་དབང་ཙ་དགེ་ཤིས་ཙ་བཞི་འཁྲུངས་པ་དང་།  སྟུག་ཀྱོ་གདོང་སྲེ་གདོང་རིང་འགོ་སྟེ་སྟེགས་མཆོག་ལུང་པའི་གཡས་ཕྱོགས་ཀྱི་བདེ་ཐང་(太平)ཞིག་ཡོད་པ་དེར་སྲས་བཞི་སོ་སོར་སྡེ་བགོས་མཛད་པའི་ཚུལ་སོགས་ཀྱང་ཤེལ་མེ་དེ་ཉིད་ལས་ཞིབ་ཅིང་ཕྲ་བ་གསལ་པོར་གསུངས་འདུག་པ་འདིར་ཡི་གེ་མང་བས་འཇིགས་ནས་མ་བྲིས་ལགས།  གཟིགས་འདོད་ན་ཆུ་ཆེན་ལོ་རྒྱུས་དཔྱད་ཡིག་སྨད་ཆར་ཤེལ་དཀར་མེ་ལོང་ཆ་ཚང་བཀོད་ཡོད་པས་དེར་གཟིགས་འཚལ།
   དེ་ནས་དམ་པ་དེ་ཉིད་བྱིས་པའི་དུས་སུ་མ་ཡུམ་གྱིས་བཙའ་རྫི་ཅུང་ཟད་མ་ཐེ་བའི་རྐྱེན་གྱིས་སྤྱན་ཡ་གཅིག་ལ་ཤིང་ཐུར་ཞིག་ཟུགས་པ།  ཕྱི་ནས་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་གྲགས།  གང་ཉིད་ཆུང་དུས་ནས་སྔོན་གྱི་ལས་འཕྲོ་སད་དེ་སྐྱེས་ཐོབ་ཤེས་རབ་ཀྱི་འཕྲུལ་དང་ལྡན་པས།  ཡབ་ཀྱི་དྲུང་ནས་ཡི་གེ་བྲི་ཀློག་དང་།  རིམ་གྱིས་སྨན་རྩིས་དང་སྨན་དཔྱད།  གཏོ་རིགས་ལ་སོགས་རྒྱུའི་བོན་བཞི་ལ་གསན་བཞེས་མཛད་པ་ཙམ་གྱིས་མཁས་པར་གྱུར་ཏེ།  མཚན་ཡང་གཡུང་དྲུང་རྒྱལ་དུ་བཏགས་སོ།  །
   དགུང་ལོ་ཅུང་ཟད་རྒྱས་ཏེ་ལོ་ན་བཅུ་ལྷག་གི་སྟེང་ནས་འཇིག་རྟེན་འཁོར་བ་ལ་སྐྱོ་བ་སྐྱེས་ནས་མི་རྟག་ངེས་འབྱུང་དྲག་པོ་ཐུགས་རྒྱུད་ལ་ཤར་ཏེ།  ཕྱྭ་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་མདུན་དུ།  དགེ་བསྙེན་གཏན་ཁྲིམས་སྣ་ལྔ།  གཙང་གཙུག་གི་ཁྲིམས་ཉི་ཤུ་རྩ་ལྔ་བཅས་ཀྱི་སྡོམ་པ་བཞེས་ནས་ཚུལ་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ།  དེ་ནས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ཏེ་གྲྭ་ས་དབེན་ས་ཁར་མཛད།  མཁས་གྲུབ་དུ་མའི་ཞབས་སུ་བཏུད་ནས་ཕྱི་ནང་གསང་བའི་དབང་ལུང་མན་ངག་དུ་མ་ནོད་ཅིང་།  ཁྱད་པར་དུ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཕྱག་ཕྱིར་ལོ་དུ་མ་ཞིག་གཤེགས་ཏེ།   ཕྱི་ནང་གསང་གསུམ་གྱི་བོན་གྱི་དབང་ལུང་ཁྲིད་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན།  དེ་དག་གསན་པ་ཙམ་མ་ཡིན་པར་གནས་ཆེན་རྣམས་སུ་ཉམས་ལེན་བསྒོམ་སྒྲུབ་མཐར་ཕྱིན་པར་མཛད་དོ།  །
   དགུང་ལོ་སོ་གཅིག་གི་སྐབས་སྤྱི་ལོ་༡༣༨༦ནས་འདུ་གནས་ཆེན་པོ་གཙང་གཡས་རི་དབེན་ས་ཁར་སྒྲིག་ཞུགས་མཛད།  དབུས་ཀྱི་ནཱ་ལེན་དྲར་ཕ་ཡུལ་གཅིག་པའི་ས་སྐྱ་པའི་མཁས་ཆེན་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱི་སྤྱན་སྔར་ཕར་ཚད་འདུལ་མངོན་དབུ་སྡོམ་ལ་སོགས་གཞུང་ཆེན་དྲུག་ལ་མཁས་པར་སྦྱངས་ནས་ཐོས་བསམ་བསྒོམ་པའི་སྒྲོ་འདོགས་གཅོད་དེ།  དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་བཤད་གྲྭ་ཆེན་མོར།  གྲྭ་སྐོར་མཚན་ཉིད་རབ་འབྱམས་པའི་མཚན་བཏགས་བཞེས།  བྷེ་དྲང་སྲོང་རིན་རྒྱལ་གྱི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་ཞུས་ཤིང་ལ་སྟོད་དུ་བྲུའི་མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ཀྱི་གཙོར་མཛད་པའི་དྲང་སྲོང་རྨ་མེད་བཅུ་ཕྲག་གཅིག་གི་དབུས་སུ།  བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ།  དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་མིག་འབྲས་བཞིན་དུ་བསྲུང་བར་མཛད་དེ།  རྣམ་རྒྱལ་ཁང་བཟངལས།  བོད་ཀྱི་ཡུལ་དུ་ཐུགས་རྗེས་མངའ་བདག་མཛད།  །རིག་པའི་གནས་ལྔ་གཟིགས་པའི་སྤྱན་གཅིག་པ།  །ལྔ་བརྒྱའི་ལས་ཉེས་ཐ་རམ་སེལ་བར་མཛད།  །འཛམ་གླིང་རྒྱན་དྲུག་ཞལ་ཚབ་སྨན་རི་བ།  །ཞེས་སོ།  །
   གཞན་ཡང་།  དམ་པ་དེ་ཉིད་ཀྱིས་གདུལ་བྱའི་བློ་ཡི་པད་མོ་ཁ་འབྱེད་དེ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ།  རྒྱ་ཆེ་བའི་ཕྱི་ནང་གསང་བའི་བོན་ལ་འཆད་ཉན་གྱི་དབུ་བཙུགས་ཏེ།  སྡེབ་ལེགས་ཚིག་གི་ཕྲེང་བས།  ལུང་རིགས་རྒྱ་ཆེན་པོ་བསྡུས་པར་བྱེད་པ་དང་།  འཁྲུགས་པ་གོ་རིམ་དུ་བསྡེབས་པ།  ཟབ་མོ་རྣམ་པར་འབྱེད་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པ་གསལ་བར་མཛད་པས།  ཐམས་ཅད་མཁྱེན་པའི་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་པའི་སྙན་དབྱངས་གངས་ལྗོངས་ཡོངས་སུ་ཁྱབ་པར་མཛད་དེ།  གང་ཉིད་ཀྱི་གསུང་འབུམ།  འགྲེལ་བའི་སྡེ་ལ་ཚན་གྲངས་༢༣དང་།  ཁྲིད་རིམ་གྱི་སྡེ་ལ་ཚན་གྲངས་༢༤དང་།  མཆོད་བསྟོད་ཀྱི་སྡེ་ལ་ཚན་གྲངས་༡༨དང་།  རིག་གནས་ཀྱི་སྡེ་ལ་ཚན་གྲངས་གཉིས་བཅས་ཁྱོན་བསྡོམས་ཆོས་ཚན་༦༧མཆིས་པར།  ཕྱོགས་གཅིག་ཏུ་བསྒྲིགས་པའི་གསུང་འབུམ་གླེང་བམ་བཅུ་ལས་བརྒལ་བ་བཞུགས་སོ།  །
   གང་ཉིད་ཀྱི་རྗེས་འཇུག་སློབ་མ་བསྟན་འགྲོའི་དོན་ཆེན་བསྒྲུབ་ནུས་པ།  རྒྱལ་ཚབ་དམ་པ་རྒྱལ་རོང་བ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་གཉིས།  མཁས་པའི་བྱ་བ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཅན་བྲུ་ཤའི་གདུང་འཛིན་ཆེན་པོ་ཀུན་དགའ་དབང་ལྡན་དང་ཤེས་རབ་སེང་གེ་གཉིས།  ཡུལ་ངེས་མེད་དུ་བཤད་སྒྲུབ་སྤེལ་མཛད་མི་ཉག་བསོད་ནམས་རྒྱལ་མཚན་དང་རྒྱལ་རོང་དར་མདོ་བ་ཚུལ་ཁྲིམས་དབང་ལྡན་སོགས་མཁས་ཆེན་ཉི་ཤུ་དང་བསྟན་པ་ལ་ཤིན་ཏུ་ཕན་པའི་སློབ་མ་བརྒྱ་ཕྲག་ཙམ་དང་།  དེ་བཞིན་རྗེ་ཉིད་ཀྱི་དྲུང་དུ་སྡོམ་པ་མནོས་ནས་དབང་ལུང་ཞུས་པའི་སློབ་མ་སྟོང་ཕྲག་ལས་བརྒལ་བ་བྱུང།  དེ་དག་ལས་འཕྲོས་ནས་གཤེན་བསྟན་དར་རྒྱས་སུ་གཏོང་བའི་བཤད་གྲྭ་དང་དགོན་སྡེ་སྟོད་སྨད་ཀུན་དུ་མང་དུ་ཡོད་ཅིང་།  དེའི་འཕྲིན་ལས་ལས་ལྔ་བརྒྱའི་དུས་འདིར་བོན་གྱི་བསྟན་པ་དར་རྒྱས་སུ་མཛད་པའི་བཀའ་དྲིན་གཞལ་དུ་མེད་པའོ།  །  དེ་ཡང་རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བལས།  བསྟན་པའི་དར་ཆེན་མཉམ་མེད་ཆེན་པོས་ཕྱར།  །སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །སྙིགས་མའི་དུས་འདིར་བོན་བསྟན་དར་མཛད་པ།  །དཔག་མེད་བཀའ་དྲིན་བསྟན་དང་འགྲོ་ལ་ཆེ།  །ཞེས་སོ།  །
   སྐབས་ཤིག་ཏུ་གང་ཉིད་ཀྱིས་དེ་སྔོན་དབུས་གཙང་དུ་ཕེབས་ཁར།  རྗེས་སུ་ངེས་པར་དུ་ཡབ་ཡུམ་གཉིས་ལ་ཐུག་ཕྲད་མཛད་པར་ཕེབས་རྒྱུ་ཡིན་པའི་ཆད་ཚིག་བོར་བ་བཞིན།  སློབ་མ་རིན་ཆེན་རྒྱལ་མཚན་སོགས་ཕྱག་ཕྱིར་ཁྲིད་དེ་རང་ཉིད་ཀྱི་འཁྲུངས་ཡུལ་རྒྱལ་རོང་ཆུ་ཆེན་རབ་བརྟན་སྟེག་ཀྱོ་ལུང་པའི་མུ་ནི་གསེར་གཞུང་དུ་ཡབ་ཡུམ་མཇལ་ཕྲད་ཆེད་དུ་ཕེབས།  ཡབ་ཡུམ་སོགས་ཞལ་ཕྲད་ནས་ཟླ་ཤས་སུ་བཞུགས་རྗེས་དྲིན་ཆེན་ཡབ་ཡུམ་ལ།  ང་ཁྱེད་གཉིས་ལ་མཇལ་ཕྲད་བྱེད་པར་ཡོང་བའི་ཁས་ལེན་ཡོད་པ་བཞིན་འདིར་འོང་པ་ཡིན།  ད་ནི་སླར་དབུས་གཙང་གི་གྲྭ་སར་མ་སོང་ན་རྩ་བའི་བླ་མའི་བཀའ་དང་འགལ་བ་ཡོད་པས།  དངུལ་འདི་དག་དང་རང་ལ་ཡོད་པའི་རྒྱུ་ནོར་གྱིས།  མུ་ནི་གསེར་གཞུང་ཐང་གི་གོང་འདིར་ལྷ་ཁང་གཅིག་བཞེངས་དང་།  ཚེ་འདི་དང་ཕྱི་མར་གང་ལ་ཡང་ལེགས་སོ་གསུངས་ནས་ཡབ་ཡུམ་ལ་མེ་ཏོག་གཏོར་ཏེ་སྨོན་ལམ་བཏབ་ནས་སླར་དབུས་གཙང་དུ་ཕེབས་ཏེ།   དར་རྩེ་མདོ་རུ་སླེབས་སྐབས་མདོ་སྟོད་ཀྱི་གྲྭ་ས་ནས་འོང་བའི་གྲྭ་སློབ་འགའ་རེའི་སྐད་ལ།  གཡས་རུ་དབེན་ས་ཁར་ས་གཡོས་ཆེན་པོ་བྱུང་བས་འཇིག་སོང་ཟེར་བའི་གཏམ་ཐོས་ཕྲལ།  །ཐུགས་ཡིད་ཅུང་ཙམ་ཆད་དེ།  དར་མདོ་ལྷ་མོ་རྩེ་རུ་ཏིང་ངེ་འཛིན་སྒོམ་སྒྲུབ་མཛད་ནས་བཞུགས།  མཐར་གཙང་སྟོད་དུ་བོན་བསྟན་གྱི་གྲྭ་ས་བསྐྱར་གསོ་བྱེད་ཆེད་ཡར་ལ་བྱོན་པར་ཐུགས་ཐག་བཅད།  དེ་ནས་དཔོན་སློབ་གཉིས་སོགས་ཡར་ལ་བྱོན་པའི་ལམ་དུ།  ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་དང་མཇལ་ཕྲད་བྱུང་སྐབས་ཕན་ཚུན་གླེང་མོས་ཞིབ་ཚགས་གནང་བ་དང་།  ཁྱད་པར་དུ་བན་བོན་གྱི་འདུལ་བའི་བརྒྱུད་པ་འདི།  དུས་སྙིགས་མའི་དབང་གིས་འདུལ་བའི་བསྟན་པ་རྟགས་ཙམ་འཛིན་པའི་དུས་ལ་བབ་ཀྱིས་གསོ་དགོས་ཚུལ་གྱི་བགྲོས་གླེང་མ་བགྲོས་རང་མཐུན་བྱུང་བས།  རྗེ་ཙོང་ཁ་བས།  བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས།  །མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་།  །འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ།  །ཤེས་རབ་རྒྱལ་མཚན་མཆོག་ལ་མངོན་པར་བསྟོད།  །ཅེས་དང་།  རྗེ་མཉམ་མེད་པས།དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།  །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།  །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།  །བློ་བཟང་གྲགས་པའི་མཆོག་ལ་མངོན་པར་བསྟོད།  །ཅེས་ཕན་ཚུན་བསྟོད་བསྔགས་ཀྱི་ཚིག་བཅད་ཤོ་ལོ་ཀ་རེ་རེ་འབུལ་རེས་མཛད།
   དེ་ནས་རྗེ་མཉམ་མེད་ཆེན་པོ་གཙང་དབེན་ས་ཁར་ཕེབས་ཏེ།  དགུང་ལོ་ལྔ་བཅུ་ཤིང་མོ་བྱ་༡༤༠༥ལོར་སྨན་རིའི་ཞོལ།  གཡར་ཆེན་ཕུག་ཏུ་དགོན་པ་བཏབ་སྟེ།  མཚན་ལ་དཔལ་བཀྲ་ཤིས་སྨན་རིའི་དགོན་ཞེས་འདོགས་པར་མཛད།  སྟོད་མངའ་རིས་མན་ཆད།  སྨད་རྒྱལ་མོ་རོང་ཡན་ཆད་ཀྱི་བུ་སློབ་སྤྲིན་ཕུང་བཞིན་དུ་ངང་གིས་འདུས་སོ།  །དེར་ལོ་སྐོར་བཅུ་གཅིག་གི་བར་དུ་འཆད་རྩོད་རྩོམ་གསུམ་ཁོ་ན་མཛད་ནས།  བཤད་སྒྲུབ་གཉིས་ཀ་སྤེལ་མར་མཛད་དེ་བརྟན་པར་བཞུགས་སོ།  །
   དེ་ལ་ཇི་སྐད་དུ།  བརྒྱ་པའི་མགོན་པོ་གཉིས་པ་བསྟན་འགྲོའི་མགོན། །བསྟན་པ་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་བཞེས།  །གངས་ལྗོངས་ས་སྟེང་དབྱར་རྔ་ལྡིར་བའི་ཚེ།  །བསྟན་འཛིན་མདོངས་མཐའི་ཚོགས་རྣམས་དགྱེས་དགུས་བྲེལ།  །ཞེས་སོ།  །  ཞར་བྱུང་།
   ཆུ་ཆེན་རྫོང་སྟེགས་མཆོག་སྟུག་ཀྱོལུང་པར་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས།
  སྤྱི་ལོ་༢༠༠༡ལོའི་ཟླ་བ་བཅུ་པར་ལོ་ན་གྱ་གསུམ་ལོན་པའི་རྒས་འཁོགས་ཕྲན་དང་རྔ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་མཁས་མ་སྒྲོལ་དཀར་སྐྱིད་དང་།  བོན་གྱི་མཁས་དབང་དམ་པ་མཁན་པོ་བསྟན་འཛིན་ཕུན་ཚོགས་སོགས་དང་ལྷན་ཅིག་ཏུ་རི་ཆེན་རྒྱལ་མོ་དམུ་རྡོའི་གནས་ལག  གཉན་རྗེ་གབ་ཏོག་ཤ་བ་རིའི་ཞོལ་གྱི་སྟེགས་མཆོག་མུ་ནི་གསེར་གཞུང་ཐང་ལ་གནས་མཇལ་དུ་འགྲོ་བའི་གོ་སྐབས་བཟང་པོ་ཐོབ།
བོན་གྱི་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ།  སྟེགས་མཆོག་མུ་ནི་གསེར་གཞུང་ཞེས་པའི་ཡུལ་ལྗོངས་དེ་ནི།  གནམ་འཁོར་ལོ་རྩིབས་བརྒྱད་དང་།  ས་པད་མ་འདབ་བརྒྱད་སོགས་ལེགས་ཚོགས་ཀྱི་མཚན་མ་གསལ་ཞིང་།  ཕ་མཐའ་མི་མངོན་པའི་ནགས་ཀླུང་སྟུག་པོའི་ཕྲེང་བས་ཀུན་ནས་མཛེས་པར་བྱས་པ་སྟེ།  རི་རྩེ་ཁ་བས་གཡོགས་རུང་།  རི་རྟིང་དྲོད་ཀྱིས་འཛིན་ས།  གྲོང་རོང་འབབ་ཆུ་རྒོད་རུང་།  འབྲུ་རིགས་སྣ་ལྔ་མོད་ས།  རི་སྐེད་ནགས་ཀླུང་རྒྱས་རུང་སྤང་ཐང་ནོར་གྱིས་ཁེངས་ས།  རོང་འབྲོག་ནགས་གསུམ་འཛོམས་པའི་ཡུལ་མཆོག་ཉམས་དགའ་བ་ཞིག་གོ།  །
   གནས་མཆོག་དེར་སྔོན་གྱི་ཚེ།  ཐོག་མར་འཆི་མེད་དྲན་པ་ཡབ་སྲས་རྣམ་གསུམ་སྟེ།  དྲན་པ་ནམ་མཁའ་དང་།  ཚེ་དབང་རིག་འཛིན།  པད་མ་འབྱུང་གནས་གསུམ།  ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འབྲུག་ཁྱུང་སེང་གསུམ་དུ་སྤྲུལ་ནས་གནས་མཆོག་འདིར་བྱོན་ཏེ།  རང་བྱུང་ཤེལ་གྱི་རྡོ་རིང་དཀར་པོའི་སྟེང་དུ་བབ།  འབྲུག་སྐད་ལྡིར་ལྡིར།  ཁྱུང་སྐད་ཙེར་ཙེར།  སེང་སྐད་སེང་སེང་གི་སྒྲ་དབྱངས་རབ་ཏུ་སྒྲོགས་པའི་ཚེ།  མི་སྲུན་ཀླུ་རྒྱལ་བཙན་པོ་ཞིག་ཡོད་པ་དེ་ཤ་བར་སྤྲུལ་ནས་བྲོས་ཀྱང་།  བྲོས་དབང་མེད་པར་རིག་མཆོག་དྲན་པ་ཡབ་སྲས་ཀྱི་ཐུགས་རྗེའི་སྟོབས་ཀྱིས་གཟིར་ཏེ་དམ་ལ་བཏགས་སོ།  །  བར་དུ་ལོ་ཆེན་བཻ་རོ་ཙ་ན་དང་རྒྱུང་ཡར་ཁོད་སྤུངས་ལ་སོགས་རིག་འཛིན་མཁའ་འགྲོ་རྒྱ་མཚོ་གྲངས་མེད་པ་རྒྱལ་མོ་རོང་གི་གནས་མཆོག་འདིར་བྱོན་ནས་འགྲོ་བའི་དོན་དུ་དབང་བསྐུར།  ཟབ་མོ་དོན་གྱི་གཏེར་ཁ་མང་དུ་སྦས་ཏེ་སྨོན་ལམ་རྒྱ་ཆེན་བཏབ་ནས་བཞག་གོ  །ཐ་མར་སྐྱེས་མཆོག་རིག་འཛིན་སེམས་དཔའི་རྣམ་པར་རོལ་བ་དྲུང་མུ་ཧ་ར་དང་།  གླིང་གཤེན་མུ་ལ།  གཏེར་སྟོན་གུ་རུ་ཡོན་ཏན་སེང་གེ།  ཁྲོ་གཉན་རྒྱལ་མཚན།  སེ་གཉན་ཞིག་པོ་སོགས་གྲུབ་ཐོབ་རིག་འཛིན་མང་པོ་བྱོན་ནས་གནས་མཆོག་གི་གཏེར་སྒོ་ཕྱེ་སྟེ་འགྲོ་དོན་རྒྱ་ཆེན་པོ་མཛད་ཅེས་པའི་ངོ་མཚར་གཏམ་བཤད་མང་པོ་ལོ་ལོན་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་མཆིས་སོ།  །
   ང་ཚོ་ཆུ་ཆེན་རྒྱལ་མོ་རྔུལ་ཆུའི་འགྲམ་ནས་སྟེགས་མཆོག་ལུང་དུ་ཕྱིན་པ་ན།  ལུང་པ་དེའི་ལུང་མདོ་ནི་བྲག་རི་ཕར་ངོས་ཚུར་ངོས་མཐོ་ལ་གཟར་བའི་ལུང་ཆུའི་འགྲམ་ནས་རླངས་འཁོར་གཅིག་རྐྱང་ཐར་ཙམ་གྱི་གཞུང་ལམ་ནས་ཕྱིན་པའི་གང་མཚམས་ཞིག་ནས་ས་ཆ་ཇེ་ཡངས་སུ་སོང་སྟེ།  ཡུལ་ལུང་ཀུན་ཏུ་རྩི་ཤིང་ནགས་ཚལ་གྱི་དྲ་བས་ཕྱོགས་དང་ཕྱོགས་མཚམས་ཡོངས་སུ་བྲེས་པའི་བར་བར་ན་རྡོ་བརྩིགས་ཀྱི་ཁང་པ་གྲུབ་བཞི་དང་ཞིང་ས་གཤིན་པོའི་ས་ཞིང་མང་ཞིང་།  འབྲས་ལྡན་བཟའ་ཤིང་གི་སྐྱེད་ཚལ་སོགས་བར་མཚམས་ཀུན་ནས་མཛེས་པའི་གྲོང་གསེབ་དང་གྲོང་སྡེ་བརྒྱུད་དེ།  རོང་འབྲོག་མཚམས་ཀྱི་མུ་ནི་གསེར་གཞུང་ཐང་དུ་སླེབས་པ་ན།  ཇི་སྐད་དུ།  ནོར་འཛིན་ས་ཡི་ཐིག་ལེ་ལྟ་བུའི་གནས།  །དཔལ་འབྱོར་རྒྱ་མཚོའི་ཕྲེང་བས་བསྐོར་བའི་གནས།  །མཁས་གྲུབ་ངང་པ་དཔག་མེད་འདུ་བའི་གནས།  །མི་ནི་གསེར་གཞུང་སྐྱེས་མཆོག་འཁྲུངས་པའི་གནས།   །ཞེས་པ་ལྟར་གྱི་ཡུལ་མཆོག་དེ་ནི།   དབྱར་བསིལ་ཞིང་དགུན་དྲོ་བ།   བཀྲ་ཤིས་པའི་རྫས་རྟགས་བརྒྱད་དང་།   ཉེ་བའི་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཟོ་དབྱིབས་ཀྱི་རྣམ་པ་གསལ་བའི་རི་རྩིབས་ཀྱིས་བསྐོར་ཞིང་།  རྩི་ཤིང་ནགས་ཚལ་གྱི་དྲ་བས་ཕྱོགས་མཚམས་ཀུན་ཏུ་བྲེས་པའི་རྩེ་མོར་ཁུ་བྱུག་དང་འཇོལ་མོ་ལ་སོགས་པའི་སྒྲོ་ལྡན་གཞོན་ནུ་རྣམས་ཀྱིས་ཉམས་ལྡན་དབྱངས་སྙན་རབ་ཏུ་སྒྲོགས་པ་དང་།  ཡན་ལག་བརྒྱད་དང་ལྡན་པའི་ཆུ་རྒྱུན་བསིལ་མ་གྱ་གྱུར་འབབ་ཅིང་ཚར་དུ་དངར་བའི་ལྗོན་ཤིང་གི་ཕྲེང་བ་དང་དྲི་ཞིམ་གྱི་མེ་ཏོག་ཀུན་ནས་བཞད་པའི་སྣོད་བཅུད་ཀྱི་དགེ་མཚན་ཕུན་སུམ་ཚོགས་པ་དུ་མས་ཕྱོགས་དང་ཕྱོགས་མཚམས་སུ་མཛེས་པ་སྟེ།  དགེ་བཅུ་འཛོམས་པའི་ཡུལ་མཆོག  ཤར་རྒྱལ་མོ་རོང་གི་ལྟེ་བ་དང་སྙིང་པོར་གྱུར་པ།  བསྔགས་པར་འོས་པ།  བདེར་གཤེགས་བོན་གྱི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལ་བསྙེན་གོམས་རྟག་ཏུ་མཛད་པ་རྣམས།  མིའི་རྣམ་རོལ་དུ་མངོན་པར་བྱོན་པའི་ཡུལ་མཆོག  སྟེགས་མཆོག་མི་ནི་གསེར་གཞུང་ཐང་ཞེས་བྱ་བའི་ཡུལ་དེ་ནི་སུམ་རྩེན་ལྷའི་དགའ་ཚལ་ས་ལ་འཕོ་བ་ལྟ་བུ་ལྟ་བས་ཆོག་མི་ཤེས་པ་ཞིག་གོ  །   ཡུལ་དེའི་ཤར་ཕྱོགས་སུ་བོན་གྱི་མཚན་ཉིད་ཀྱི་བཤད་གྲྭ་ཡོད་པའི་དགོན་ཆེན་གཡུང་དྲུང་ལྷ་སྟེང་།  ལྷོར་ངོ་མཚར་ཅན་གྱི་རང་བྱུང་ཤེལ་གྱི་རྡོ་རིང་དཀར་པོ།   ནུབ་ཏུ་བཻ་རོ་དྲན་པ་ལ་སོགས་གྲུབ་ཐོབ་རིག་འཛིན་མང་པོ་ཞབས་ཀྱི་བཅགས་པའི་བྲག་ཐོག་གི་སྒྲུབ་ཕུག་སེང་གེ་རྫོང་།  བྱང་དུ་མཚན་སྙན་གཡུ་འབྲུག་གི་རྔ་སྒྲས་ནམ་མཁའ་འགེང་བའི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་སོགས་པ་དང་།  མི་འགྱུར་བཞི་སྟེ།  ས་མི་འགྱུར་ཤིང་སྣེ་ དམར་པོ་沙尔)དར་སྐུ།  རྡོ་མི་འགྱུར་རྡོ་གསུམ་རི་གུ།རྡོ་ཕ་བོང) ཆུ་མི་འགྱུར་ཆུ་མིག་ཚག་ཚིགཁྲོན་ཆུ ཤིང་མི་འགྱུར་མུ་ལེ་གྲིམ་ཤིང་།  བཅས་ཀྱིས་མཐའ་ནས་བསྐོར་བའི་ཚུལ་དུ་མཆིས་པའི་ཐང་དེའི་མར་སྣེ་རི་སྐེད་ཀྱི་སྒང་ཐོག་ཏུ་རྡོ་མཁར་གཉིས་མཆིས་པ་དེའི་ཟུར་དུ་རྡོ་ཁྱིམ་ཁང་ཆག་ཆུང་བ་ཞིག་ཡོད་པ་དེ་ནི་རྗེ་མཉམ་མེད་ཆེན་པོ་སྐུ་བལྟམས་པའི་གནས་སོ།  ། དེ་ཡང་ལོ་རྒྱུས་ཐོག  ཆིན་གྱི་གོང་མ་ཆན་ལོང་གི་སྐབས་སུ་ཆུ་ཆེན་དམག་འཁྲུག་ཚབས་ཆེན་དེ་བྱུང་རྗེས།  ས་ཆ་དེ་གའི་མི་ཕོ་ཕལ་ཆེར་ཤི་རྨས་སུ་སོང་།  བུད་མེད་ཕལ་ཆེར་ཡུགས་ས་མར་གྱུར་པ་རྣམས་ལ་ཁྲིན་ཏུ་ཨན་ཏེ་(安德)ས་ཆ་ནས་མི་ཕོ་མང་པོ་བཀུག་ནས་མག་པར་བཞག   དེའི་སྟབས་ཀྱིས་རྗེ་མཉམ་མེད་ཆེན་པོ་འཁྲུངས་པའི་ཁྱིམ་གཞིས་ཀྱང་དུས་ཀྱི་བསྐལ་དོན་དུ་སོང་སྟེ།  མི་མངོན་པར་བག་ལ་ཞ་བར་གྱུར་པས།  གནས་མཇལ་བ་རྣམས་ཀྱིས་སུ་ལ་དྲིས་ཀྱང་གསལ་ཆ་མེད་པར་ཡས་ཀྱི་ཁྱིམ་ཚང་དེ་ཨེ་མི་ཡིན།  ཡང་ན་མས་ཀྱི་ཁྱིམ་ཚང་དེ་ཨེ་མི་ཡིན་ཟེར་བ་ཙམ་ལས་ཡིད་ཆེས་བློ་འགེལ་ཆོག་པ་ཞིག་མེད་པར་གྱུར།  ཉེ་བའི་དུས་སྐབས་ཤིག་ནས་རྔ་བའི་སྣང་ཞིག་དགོན་གྱི་སློབ་ཁྲིད་མཁན་པོ་དང་གཙང་སྨན་རི་དགོན་གྱི་སློབ་ཁྲིད་མཁན་པོ་གཅིག་ལྕོགས་འགན་ཁུར་བ་བསྟན་འཛིན་ཕུན་ཚོགས་དང་ལི་ཤུ་གཤེན་རྒྱལ་བསྟན་འཛིན་སྤྲུལ་སྐུ་དང་།  དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་རྣམས་ཀྱིས་ཡུལ་དེའི་ཉེ་འཁོར་དུ་རྩད་ཞིབ་ཐེངས་དུ་མ་བྱས་ཀྱང་ངེས་བརྟན་ཞིག་མ་རྙེད།  དེ་རྗེས་ཡུལ་ཐག་ཅུང་ཟད་རིང་བའི་ཁྲོ་སྐྱབས་དང་བྲག་སྟེང་སོགས་སུ་ཞིབ་གཅོད་བྱས་མཐར།  དམ་པ་དེ་ཉིད་ཀྱི་འཁྲུངས་པའི་ཁྱིམ་ཚང་ནི།  སྟེགས་མཆོག་ལུང་པའི་མུ་ནི་གསེར་གཞུང་ཐང་གི་མས་སྣེར།  གདོངས་ཐོག་ཏུ་མཁར་ཆག་གཉིས་ཡོད་པའི་མས་ཟུར་ཀྱི་ཁྱིམ་ཤུལ་ཆུང་ཆུང་ཞིག་ཡོད་པ་དེ་ཡིན་པ་དང་།  དེའི་གཤམ་འོག་ཏུ་གང་ཉིད་ཆུང་དུས་ཀྱི་རྩེད་ར་དང་།  དེའི་ཐད་ཀྱི་སྤང་ཐང་གི་སྣེར་ཉིད་ཀྱིས་ཟོག་རྫི་བྱེད་སྐབས་རྟ་འདོགས་སའི་རྡོ་ཙོག་ཅིག་ཡོད་པ་བཅས་རྟགས་དང་མཚན་མ་ཡོད་པ་ཚོར་བས་ཞིབ་རྩད་བྱས་ཏེ་ངེས་བརྟན་རུང་བ་རྙེད་དོ།  །
   དེ་ནས་མཁན་པོ་བསྟན་འཛིན་ཕུན་ཚོགས་ཀྱི་གཙོས་པའི་དད་ལྡན་རྣམས་ཀྱིས་རྣམ་པ་ཀུན་ཏུ་འདི་སྙམ་དུ་དགོངས་པར་མཛད་པ་སྟེ།  དེ་ཡང་དཔེར་ན་རྒྱ་མཚོ་ལས་ནོར་བུ་ལོན་པར་འདོད་པའི་ཚོང་དཔོན་ཞིག  དཀའ་བ་དང་དུ་བླངས་ཏེ་རྒྱ་མཚོའི་འགྲམ་ངོགས་སུ་ཐོན་པ་ན།  དོན་མེད་དུ་ཕྱིར་མི་ལྡོག་པར།  འབད་པ་ཆེན་པོས་ནོར་བུ་རིན་པོ་ཆེ་ཐོབ་པར་བྱེད་པ་དེ་བཞིན་དུ།  བདག་ཅག་ཀྱང་སྙིང་སྟོབས་བསྐྱེད་ནས་བརྩོན་འགྲུས་ཆེན་པོས་རྗེ་མཉམ་མེད་པ་ཆེན་པོའི་སྐུ་བལྟམས་སར།  དྲན་གསོའི་རྟེན་ཁང་ཞིག་བཟོ་སྐྲུན་བྱ་བའི་ཐབས་ལ་ཅི་ནས་ཀྱང་འབད་པར་བྱའོ་སྙམ་པའི་དམ་བཅའ་བརྟན་པོ་བསྟེན་པར་མཛད།
   དེ་ནས་ཧུར་བརྩོན་སྒོས་དོན་སྙིང་ལྡན་པའི་བྱ་བ་འདི་མྱུར་དུ་སྒྲུབ་པའི་ལས་འགན་ཁུར་དུ་བླངས་ནས།  དེར་འགྲོ་གྲོན་དང་ཡོ་བྱད་སོགས་གང་དགོས་རྣམས་འདུ་འཛོམས་གྲ་སྒྲིག་གི་བྱ་བ་ལེགས་པར་བསྒྲུབས།  ལོ་དུ་མར་རྔ་བ་དང་ཟུང་ཆུ།  མཛོད་དགེ།   བྲག་སྟེང་ལ་སོགས་པའི་ཡུལ་གྱི་དད་ལྡན་བློ་གྲོས་ཅན་རྣམས་མ་སྐུལ་དང་བླང་གིས་རེས་མོས་ཚུལ་དུ་འོངས་ནས་དཀའ་ངལ་ཁྱད་དུ་བསད་ནས་འབད་པ་ཆེན་པོས་སྒྲུབ་པས།  ད་ལྟ་དྲན་གསོ་ཁང་གསུམ་ཐོག་ཅན་ངོ་མཚར་བའི་བཀོད་པས་ཁྱད་པར་འཕགས་པ་ཞིག་བསྐྲུན་པའི་བར་ཁང་གི་ནང་དུ།  དབུས་སུ་རྗེ་མཉམ་མེད་པ་ཆེན་པོ།   གཡས་སུ་དམ་པ་རོང་བྲག་མགོ་འཛུང་དུ་འཁྲུངས་པའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན།  གཡོན་དུ་མངའ་རིས་བསོད་ནམས་རྒྱལ་མཚན་གསུམ་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བཟོ་བཀོད་ཕུན་སུམ་ཚོགས་པ་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་ཕྱུག་པ་དང་།  ལྡེབས་ངོས་སུ་སྐུ་ཐང་མང་པོ་བཤམས་ཤིང་།  ཁང་ཤུལ་ནས་ཐོན་པའི་རྗེ་མཉམ་མེད་ཆུང་དུས་ཀྱི་ཞབས་རྗེས་གཅིག་དང་།  རྡོ་ཡི་ཀ་གདན་གསུམ་བཅས་མཇལ་རྒྱུ་འདུག   ཁོར་ཡུག་གི་ལོགས་བྲིས་ལ་སོགས་པའང་ཚོན་རྩིས་ཚར་དུ་དངར་བར་བྱས་པ་ཞིག་བཞེངས་གྲུབ་འདུག  དེ་ནི་དད་ལྡན་ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དང་ཡུལ་སྐོར་སྤྲོ་གསེང་བྱེད་མཁན་རྣམས་ཀྱི་ལྟ་སྐོར་བྱེད་ས་ཐུན་མོང་སྤྱོད་ཡུལ་བླ་ན་མེད་པ་ཞིག་ཏུ་གྱུར་འདུག་གོ  །
   གཞན་ཡང་མུ་ནི་གསེར་གཞུང་ཐང་གི་ལྷོ་ངོས་སུ་གནའ་སྔ་མོར་མཚེའུ་གསུམ་ཡོད་པའི་ཤུལ་དང་།  སྤངས་ཐང་གི་ཡས་སྣེར་རྗེ་མཉམ་མེད་པའི་ཞལ་བཀོད་ལྟར་བཞེངས་པའི་ལྷ་ཁང་ཞིག་རོ་སོགས་ཀྱང་མཆིས།  དེ་ནས་ཡར་ལུང་པའི་ཕུ་རུ་ཕྱིན་པ་ན།  ལུང་ཆུ་བསིལ་མ་གྱ་གྱུར་འབབ་པའི་འགྲམ་ངོགས་སུ་རི་གཟར་མཐོན་པོའི་བྲག་ཐོག་ནས་རྦབ་ཆུ་རྒོད་པོ་ཐུར་དུ་ལྷུང་ལྷུང་འབབ་པའི་གཡས་ཟུར་གྱི་བྲག་ངོས་སུ་རང་བྱུང་གི་འབྲུག་གནམ་ལ་ཕུར་བ་ལྟ་བུའི་རིས་མོ་མངོན་གསལ་དོད་པ་དང་།  རྦབ་ཆུའི་སྐེད་པར་བྲག་གི་བྱ་སྐྱིབས་ཚོམས་ཁང་ཙམ་གྱི་རྒྱ་ཁྱོན་ཡོད་པ་ཞིག་རྦབ་ཆུའི་ཡོལ་བས་བྲེས་པས་མི་མངོན་པར་སྦས་པ་དང་། རྦབ་ཆུའི་འོག་ཏུ་འདོམ་པ་གཉིས་ཙམ་ཡོད་པའི་རུལ་སྦལ་རྣམ་པ་ཅན་གྱི་རྡོ་ཕ་བོང་ཞིག་མཆིས་པ་དེར་སླེབས།  དེ་ནི་གནའ་སྔ་མོར་ཡུལ་དེའི་མངའ་བདག་རྒྱལ་མོ་མུ་ལ་ས་ལེ་ཞེས་པ་ཞིག་བྱུང་བ་དེའི་འཁྲུད་ཁང་རེད་ཅེས་ཟེར་སྲོལ་མཆིས།  དེ་ནས་ཡར་གསེག་ལམ་དུ་སོང་ན་བྲག་ཐོག་གི་སྒྲུབ་ཕུག་བྲག་དབེན་སེང་གེ་གཡང་རྫོང་དུ་ཐོན་ཞིང་།  དེ་ནས་ནུབ་ཕྱོགས་སུ་ཕར་འཕྲེད་ལམ་ལ་སོང་ན་རང་བྱུང་ཤེལ་གྱི་རྡོ་རིང་དཀར་པོའི་རྩར་ཐོན་རྒྱུ་རེད་ཟེར་ཡང་།  ད་ལྟ་དེར་རླངས་འཁོར་གྱི་གཞུང་ལམ་ལས་པའི་སྒང་ཡིན་པར་འདུག་པས།  ང་ཚོ་དེར་གནས་སྐོར་འགྲོ་བའི་སྐལ་བས་དབེན་པར་གྱུར་རོ།  །

 
བཙན་ལྷ་ངག་དབང་ཚུལ་ཁྲིམས།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།
སྒྲོལ་དཀར་སྐྱིད།  རྔ་བ་ཁུལ་བོད་ཡིག་རྩོམ་བསྒྱུར་ཅུས་ཅུས་ཀྲང་གཞོན་པ།

相关热词搜索:

上一篇:༄༅། །མི་རིགས་གསར་འགྱུར་གྱི་གནད་ལྔ་གླེང་བ།
下一篇:༄༅། །སྣང་ཞིག་ཅོག་ལོ་དགོན་པའི་བྱུང་རབས་གནད་བསྡུས།

分享到: