༄༅། །སྣང་ཞིག་ཅོག་ལོ་དགོན་པའི་བྱུང་རབས་གནད་བསྡུས།
2016年07月03日   来源:༢༠༡༢ལོའི《རྔ་བའི་བོད་རིག་པ》   

གདོང་བཙུན་རྒྱ་ཐར།
 

   རྔ་སྨད་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སྟོད་སྨད་བར་གསུམ་དུ་ཕྱེས་པའི་རྔ་བ་སྨད་པའི་ཨ་འཁྱམས་ཤང་གི་ཁོངས་སུ་གཏོགས་ཤིང་།  རྫོང་ཐོག་ནས་མར་སྤྱི་ལེ་སུམ་ཅུ་ཙམ་སོང་ཚེ་རྔ་ཀླུང་རིང་མོ་དལ་གྱིས་རྒྱུ་བའི་ཉེ་འགྲམ་དུ་གྲོང་ལས་དགོན་པའི་ཚུལ་དུ་གནས་གཞི་ཆགས་ནས་ཡོད།
   སྡེ་འདིའི་ཆོས་ལུགས་གྲུབ་མཐའ་ནི།  རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོས་སྲོལ་བཏོན་པའི་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མ་མེད་པ་དེ་ཡིན་ལ།  དགོན་སྡེ་འདི་ཕྱག་འདེབས་གནང་མཁན་ནི།  སྣང་ཞིང་ཁག་གསུམ་ཞེས་ཡོངས་སུ་གྲགས་པ་བསྟན་སྤེལ་འགྲོ་ཕན་གྱི་མཛད་བཟང་ཀུན་ལས་འཕགས་པ་འཁྲུལ་སྣང་དབྱིངས་སུ་ཞིག་པའི་གདུང་རྒྱུད་འཛིན་པ་སྣང་ཞིག་དོ་འཕགས་ཆེན་པོ་ལ་སྲས་གསུམ་འཁྲུངས་པ་སྟེ་ཆེ་བ་བྱ་ཆེན། འབྲིང་ལྕགས་མདུད།  ཆུང་བ་དངུལ་སྐུ་གསུམ་གྱི་ནང་ཚན་འབྲིང་ལྕགས་མདུད་འདུལ་བ་རྒྱལ་མཚན་གསོལ་བ་ཁོང་ཉིད་ཡིན།
   ཁོང་གིས་ཡབ་དོ་འཕགས་ཆེན་༡༠༨༨ལོར་འཁྲུངསཔོའི་མདུན་སར་བསྙེན་སྒྲུབ་ལས་གསུམ་གྱི་གྲུབ་པའི་གདེངས་ཚད་མཐོན་པོར་བརྙེས་ཏེ་འབྱུང་བཞི་ལ་རང་དབང་ཐོབ་ཅིང་། རྡོ་ཟན་ལྟར་བཅངས་པ་དང་།  ལྕགས་ལ་མདུད་པ་བརྒྱབ་པ་སོགས་ཀྱི་གྲུབ་པའི་རྟགས་མཚན་ཁྱད་པར་ཅན་བརྙེས་པས་མཚན་ལ་ཡང་སྣང་ཞིག་ལྕགས་མདུད་ཚང་ཞེས་གྲགས་པ་གནམ་འོག་ཏུ་ཁྱབ།
   རྔ་སྨད་དུ་ཕེབས་ཏེ་ཅོག་ལོའི་རི་ཁྲོད་ཅེས་པར་ཅོག་ལོ་སྒོམ་ཆེན་སྒོམ་ཆུང་གཉིས་ཞེས་གྲགས་པའི་བླ་མ་རྣམ་གཉིས་བཞུགས་པ་ཚུལ་བཞིན་དུ་བཀུར་ཏེ་ཟབ་མོའི་བོན་རྣམས་ཞུས་མཐར།  སྔོན་གྱི་རི་ཁྲོད་དེར་བརྟེན་ནས་དགོན་གཞི་ཐོག་མར་བཟུང་བ་དང་།  གནས་དེར་ལྷ་ཁང་གསས་ཁང་སོགས་ཁང་ཚན་མང་པོ་གསར་དུ་བཞེངས་ནས་བསྟན་འགྲོའི་དོན་ཆེན་མཛད། རྔ་སྨད་དུ་གྲུབ་སྡེ་སེར་འཚོགས་ཀྱི་གཞི་བཙུགས་ཏེ་བླ་བྲང་བཞེངས་པ་ད་ལྷའི་ཨ་མཆོག་ཁང་དམར་ལྷ་ཁང་ཡིན་པར་གྲགས།
   ཕྱིས་སུ་ཁོང་ཉིད་ཤར་ཁོག་ཨ་གླིང་རྒྱལ་བཙུན་ཡ་ཀི་ཚོ་བཞི་སོགས་ཀྱིས་མཆོད་གནས་སུ་གདན་དྲངས་ཏེ་གདུལ་བྱའི་དོན་རྒྱ་ཆེར་བྱུང་ཞིང་ལྕགས་མདུད་བཀྲ་ཤིས་གཡུང་དྲུང་གླིང་གི་དགོན་སྡེ་ཕྱག་བཏབ་གནང་སྟེ་བསྟན་པའི་རྒྱལ་མཚན་ཕྱར།
   དེ་ལྟར་སྣང་ཞིག་ལྕགས་མདུད་འདུལ་བ་རྒྱལ་མཚན་ཚང་གིས་རྔ་སྨད་ཅོག་ལོ་དགོན་པ་དང་།  ཤར་ཁོག་སྣང་ཞིག་དགོན་པ་སོགས་དགོན་སྡེ་བདེ་སྐྱིད་ཀྱི་གཞི་མ་རེ་རེ་གསར་དུ་བཏབ་སྟེ་འགྲོ་དོན་ཕྱོགས་མེད་དུ་མཛད།  དགུང་ལོ་བདུན་ཅུའི་ཐོག་བསྟན་པའི་ལས་གཉེར་སྣང་ཞིག་བྱ་ཆེན་བརྒྱུད་འཛིན་རིམ་བྱོན་གྱིས་མཛད་དགོས་པའི་ཞལ་ཆེམས་སོགས་བཞག་སྟེ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
དེ་ནས་བཟུང་ད་ལྟའི་བར་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་གི་བོན་སྲིད་གཉིས་ཀྱི་ཐུགས་འགན་སྣང་ཞིག་བྱ་ཆེན་གདུང་རབས་རིམ་བྱོན་གྱིས་བཞེས་ཏེ།  བསྟན་པའི་ལས་དོན་ཆེ་ཕྲ་ཀུན་ལ་གཟིགས་རྟོག་མཛད་ཅིང་།  སྐལ་ལྡན་གདུལ་བྱའི་བློ་ཁ་བོན་ལ་བསྒྱུར་ཏེ་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་པའི་རྣམ་དཀར་གྱི་ས་བོན་བླ་ན་མེད་པ་རེ་བསྐྲུན་དང་སྐྲུན་བཞིན་མཆིས།
ཡབ་རྗེ་དོ་འཕགས་ཆེན་པོ་ནས་བརྩིས་ཏེ་དགོན་འདིའི་བླ་རབས་རིམ་བྱོན་གྱི་མཚན་ཙམ་བགྲངས་ན།
   ༡སྣང་ཞིག་ཡོན་ཏན་རྒྱལ་མཚན་ནམ་དོ་འཕགས་ཆེན་པོ།  ༢སྣང་ཞིག་ཁག་གསུམ་གྱི་ནང་ཚན་སྲས་འབྲིང་བོ་ལྕགས་མདུད་འདུལ་བ་རྒྱལ་མཚན།  ༣བྱ་ཆེན་གདུང་རབས་ལྷུན་གྲུབ་རྒྱལ་མཚན།  ༤ཀུན་དགའ་རྒྱལ་མཚན།  ༥ནམ་མཁའ་རྒྱལ་མཚན། ༦ཟླ་བ་རྒྱལ་མཚན། ༧ཡོན་ཏན་རྒྱལ་མཚན། ༨ཀུན་དགའ་ལྷུན་གྲུབ། ༩ཤེས་རབ་རྒྱལ་མཚན། ༡༠ལྷུན་གྲུབ་རྒྱལ་མཚན། ༡༡ཤེས་རབ་འོད་ཟེར། ༡༢ཆགས་མེད་བྱ་བྲལ། ༡༣བསྟན་པའི་རྒྱལ་མཚན།  ༡༤ཚུལ་ཁྲིམས་རྒྱལ་མཚན། ༡༥ཡེ་ཤེས་རྒྱལ་མཚན། ༡༦བསོད་ནམས་རྒྱལ་མཚན།  ༡༧ལྷུན་གྲུབ་དབང་ལྡན།  ༡༨བསྟན་པ་ཚུལ་ཁྲིམས།   ༡༩རིན་ཆེན་ལྷུན་གྲུབ།  ༢༠ཤེས་རབ་རྒྱལ་བ། ༢༡ནམ་མཁའ་རྒྱལ་མཚན།  ༢༢ཤེས་རབ་དབང་རྒྱལ།  ༢༣ཚེ་དབང་རྒྱལ་མཚན། ༢༤ཚུལ་ཁྲིམས་དབང་མཆོག ༢༥བསྟན་པ་ཚུལ་ཁྲིམས།  ༢༦བསྟན་པ་ལྷུན་གྲུབ།  ༢༧ཤེས་རབ་བློ་གྲོས།  ༢༨ཚུལ་ཁྲིམས་རྒྱལ་མཚན།  ༢༩རིན་ཆེན་རྒྱལ་མཚན།  ༣༠གཡུང་དྲུང་བསྟན་པ། ༣༡བསོད་ནམས་རྒྱལ་མཚན།  ༣༢བསྟན་འཛིན་དབང་རྒྱལ།  ༣༣ཕུན་ཚོགས་རྣམ་རྒྱལ།  ༣༤བློ་གྲོས་ཐོགས་མེད།  ༣༥གཡུང་དྲུང་བསྟན་པའི་ཉི་མ། ༣༦གྲུབ་དབང་གཡུང་དྲུང་བསྟན་འཛིན། ༣༧སྣང་སྟོན་ནམ་མཁའ་བློ་གྲོས། ༣༨སྐྱབས་མཆོག་བསྟན་པ་རབ་རྒྱས། ༣༩ད་ལྟ་ཞལ་བཞུགས་སྣང་ཞིག་སྐྱབས་མགོན་༧རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་བཅས་མཁའ་འགྱིང་གཉན་གྱི་གདུང་རྒྱུད་ཤེལ་དཀར་གྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་པའི་འགྲོ་འདྲེན་སྐྱེས་ཆེན་བླ་མ་གདུང་རབས་སོ་དགུའི་གྲངས་ཟིན་གྱིས་བསྟན་དང་འགྲོ་བའི་དོན་རླབས་ཆེན་མཛད་པ་ཡིན་ནོ།  །
འདི་ནས་སྣང་ཞིག་བྱ་ཆེན་གདུང་རབས་མི་སྣ་གྲགས་ཆེན་འགས་རྔ་སྨད་ཅོག་ལོ་དགོན་གྱི་བསྟན་པའི་ལས་དོན་ལ་བརྩེ་གཟིགས་གནང་ཚུལ་ཆེ་ལོངས་ཙམ་བཀོད་ན།
   གདུང་རབས་ཉེར་བཞི་བ་ཚུལ་ཁྲིམས་དབང་མཆོག་ཚང་གིས།  སྟོད་ཀྱི་གྲྭ་ས་གོང་འོག་བར་གསུམ་འགྲིམས་ཏེ་མཁན་སློབ་གོང་མའི་མདུན་ནས་ཟབ་རྒྱས་བོན་གྱི་གདམས་པ་གང་མང་མནོས།  རྔ་སྨད་ཅོག་ལོ་དགོན་པའི་རྟེན་དང་བརྟེན་པའི་བཀོད་པ་ཡིད་དུ་འོང་བ་ཞིག་མཛད་དེ་སྔོན་གྱི་རི་ཁྲོད་གྱི་མིང་དེ་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་ཞེས་པར་བསྒྱུར་ནས་བསྟན་པའི་དོན་ཆེན་བསྒྲུབས།
   གདུང་རབས་ཉེར་བདུན་པ་ཤེས་རབ་བློ་གྲོས་ཚང་གིས། མཚན་ལྡན་གྱི་བླ་མ་ཁྱད་པར་ཅན་མང་པོ་རྩ་བའི་བླ་མར་བཀུར་ཏེ་གཞི་ལམ་འབྲས་གསུམ་གྱི་དོན་རྟོགས་ཤིང་། གྲུབ་པའི་གདེངས་ཚད་མཐོན་པོར་བརྙེས། སྤ་བསྟན་རྒྱལ་བཟང་པོའི་དབུ་ཡང་མདོ་སྨད་དུ་གདན་དྲངས་པ་དང་།  སྐུ་གདུང་།  སྐུ་གཟུགས་གསུང་རབ་སོགས་ཀྱི་བཞེངས་པ་རྒྱ་ཆེར་གནང་། རྣམ་རྒྱལ་བསམ་གཏན་གླིང་གི་དགེ་འདུན་པའི་འཚོ་རྟེན་ནམ་སྤྱི་རྫས་ཕུན་སུམ་ཚོགས་པར་བསགས་ཏེ་རྒྱུན་འཚོགས་ཀྱི་སྲོལ་བཙུགས།
   གདུང་རབས་ཉེར་དགུ་བ་རིན་ཆེན་རྒྱལ་མཚན་ཚང་གི་སྐུ་རིང་ལ།  ཚོ་འདུ་ཚོ་བ་བཅོ་བརྒྱད།  བྱ་རྒྱ་ཞར་ཁག་དང་བཅུ་དགུ་ཞེས་གྲགས་པའི་ཡུལ་སྡེ་ཚང་མ་སྐྱབས་འོག་དད་པ་ཅན་གྱི་འབངས་སུ་གྱུར་པ་དང་། དགོན་འདིར་བླ་གྲྭ་སྔགས་བོན་བཅས་སུམ་བརྒྱ་ལྷག་ཙམ་འཕེལ་བར་བཤད།
   གདུང་རབས་སོ་བཞི་བ་བློ་གྲོས་ཐོགས་མེད་ཚང་།  སྐུ་བྱིས་པའི་དུས་ནས་གཞན་དང་མི་འདྲ་བར་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ་ཞིང་། ཁུ་བོ་རིན་ཆེན་རྒྱལ་མཚན་སོགས་བླ་མ་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་ཏེ་བོན་ཕྱི་ནང་གསང་གསུམ་གྱི་གདམས་ངག་ཡོངས་སུ་བླངས་ཏེ་མཁས་དང་གྲུབ་པའི་གོ་འཕང་མངོན་དུ་བརྙེས་པ་དང་དགོན་འདིར་བརྩེ་བས་གཟིགས་པ་མི་ཆུང་བའི་ངོས་ནས་བསྟན་སྤེལ་འགྲོ་འདྲེན་གྱི་འཕྲིན་ལས་བླ་ན་མེད་པའི་བཀའ་འཁོར་རྒྱུན་མི་ཆད་པར་བསྐོར།
   གདུང་རབས་སོ་ལྔ་བ་གཡུང་དྲུང་བསྟན་པའི་ཉི་མ་ཚང་གི་སྐུ་རིང་ལ།  སྔོན་འགྲོ་དངོས་གཞི་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁྱིམ་པ་བ་རྣམས་ལ་ས་ག་ཟླ་བ་འབུམ་འགྱུར་གྱི་དུས་ཚིགས་སུ་སྔོན་འགྲོ་འབུམ་དགུའི་སྒོ་ནས་སྒྲིབ་སྦྱོང་བྱེད་པའི་སྲོལ་བཙུགས།
   གདུང་རབས་བདུན་པ་རྒྱལ་བ་གཉིས་པ་དངོས་བྱོན་སྣང་སྟོན་ནམ་མཁའ་བློ་གྲོས་རིན་པོ་ཆེ་ཚང་གི་སྐུ་རིང་ལ།  གྲོང་བོན་སེར་ཚོགས་སམ་ཚོ་འདུ་ཟེར་བའི་སྐྱ་མིན་སེར་མིན་དང་།  སྔགས་པའི་བསྟན་པ་གཉིས་ཀྱི་མཇུག་བསྒྲིལ་པར་མ་ཟད། བར་སྐབས་ཤིག་ལ་བླ་རྟོགས་འགས།  ཕྱག་ལེན་ནི། འཕྲིན་ལས་བྲུ་ལུགས། འབུད་རྡུང་གཤེན་ལུགས། བཅའ་བཟོ་སྐྱང་ལུགས་སོགས་ཆ་མ་ཡ་སྡེབ་ཀྱི་ལུགས་སྲོལ་ངན་པ་དེ་དག་ཚར་བཅད་དེ། ཡང་དག་རྒྱལ་བ་སྨན་རི་བའི་རིང་ལུགས་སམ་དཔལ་ལྡན་བྲུ་ཡི་ཕྱག་སྲོལ་འཁྲུལ་མེད་དུ་བསྒྱུར།  གྲྭ་ཚང་ཡང་ཉིས་བརྒྱ་ལྷག་ཙམ་བྱུང་སྟེ་དུས་བབས་བསྟན་པའི་བཀའ་སྲུང་བསྐོས་ཤིང་བསྟན་པ་གཉེར་དུ་གཏད།
   གདུང་རབས་སོ་བརྒྱད་པ་སྐྱབས་མཆོག་བསྟན་པ་རབ་རྒྱས་ཚང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཁྲི་འཕང་མཐོན་པོར་བཞེངས།  སྤྱི་རྩིས་༡༩༥༡ལོརཅོག་ལོ་ནས། དབལ་རི་ཐང་གི་གཡས་ཟུར་ཨ་ཟུང་རྩར་དགོན་པ་གནས་སྤོ་མཛད། ས་དེར་སྣང་ཞིག་བླ་བྲང་ངམ་གཟིམ་ཁང་བཞེངས། འདུ་ཁང་ཀ་རིང་བཞི་ཅན་རྟེན་དང་བརྟེན་པ་བཅས་ལེགས་པར་བསྐྲུན།
   རྗེས་སུ་སླར་ཡང་ཤོར་བཀུར་ཞེས་པའི་ས་དེར་དགོན་པ་གནས་སྤོ་མཛད།  འདུ་ཁང་ཀ་རིང་དྲུག་ཅན་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས། གྲྭ་ཁང་བཞི་བཅུ་ལྷག་དང་རྒྱལ་པོའི་བརྩན་ཁང་། སྣང་ཞིག་བླ་བྲང་།  དབལ་བོན་སྟག་ལའི་ཐུགས་རྟེན་ཆེ་ལེགས། ཕྱི་ཁྱམས་ལྕགས་རིའི་ཚུལ་དུ་འཁོར་འཕྲེང་ཆེ་ཆུང་གིས་མཐའ་ནས་བརྒྱན་པ་སོགས་ཕྱི་ནང་གི་བཀོད་པ་སོགས་སྐལ་ལྡན་པ་དང་འདྲེན་པའི་གནས་སུ་ཆེ་བའོ།  །
   གདུང་རབས་སོ་དགུ་བ་རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་ཚང་།  སྤྱི་རྩིས་༡༩༨༣ལོར་སྐུ་འཁྲུངས།  ཡོངས་འཛིན་མཁས་པའི་དབང་པོ་རྣམ་གཉིས་དང་། རྩ་བའི་བླ་མ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་མན་ངག་དང་ཟབ་རྒྱས་བོན་གྱི་གདམས་ངག་གི་བདུད་རྩི་གྲངས་མེད་པར་མནོས།  སྔོན་གྱི་བླ་མ་གོང་མའི་ཕྱག་སྲོལ་བཞིན་དགོན་འདིར་གཟིགས་རྟོག་ཆད་མེད་ཀྱི་ངོས་ནས་ལོ་རེའི་སྔོན་འགྲོའི་ཁྲིད་ལུང་སོགས་བར་མེད་གནང་བ་དང་། མི་སྡེ་ལྷ་འབངས་ཡོངས་ཀྱི་སྐྱིད་སྡུག་སྐྱབས་མགོན་གྱི་བཀའ་དྲིན་མི་ཆུང་བའི་སྒོ་ནས་བསྟན་འགྲོའི་དོན་ཆེན་མཛད་བཞིན་ད་ལྟ་མཚན་དཔེ་ཡིད་བཞིན་ནོར་བུའི་བཀོད་པ་བདག་ཅག་འགྲོ་བའི་མགོན་དུ་བཞུགས་བཞིན་པའི་སྐབས་ལགས་སོ།  །
   དེ་ལྟར་སྣང་ཞིག་ཁག་གསུམ་གྱི་ནང་ཚན་ལྕགས་མདུད་འདུལ་བ་རྒྱལ་མཚན་གྱིས་དགོན་འདིའི་གནས་གཞི་ཐོག་མར་བཏབ་སྟེ་བསྟན་པ་སྤེལ་བ་དང་།   དེ་བཞིན་གཅེན་སྣང་ཞིག་བྱ་ཆེན་བརྒྱུད་འཛིན་རིམ་བྱོན་གྱིས་“རྡོ་ལ་ལག་བརྒྱུད་དང་།  ཆུ་ལ་ལམ་ཞུགས་”ཀྱི་ཚུལ་དུ་གོང་མའི་ཕྱག་སྲོལ་བཟང་པོའི་མུ་ད་ལྟའི་བར་དུ་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་།
   གཞན་ཡང་སྣང་ཞིག་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དང་། ཨ་ལགས་ནམ་མཁའ་རིན་ཆེན་ཚང་སོགས་ནང་ཆེན་སོ་སོའི་བླ་སྤྲུལ་ཁག དགེ་བའི་བཤེས་གཉེན་བླ་གྲྭ་དགེ་འདུན་པ་མང་པོས་ཀྱང་ཅོག་ལོ་དགོན་འདི་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་དང་གཉིས་མེད་ཀྱི་སྒོ་ནས་སྲི་ཞུ་གང་ནུས་རེ་བསྒྲུབས་དང་སྒྲུབ་མུས་ཡིན་པ་དང་།  འདི་གའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཀྱང་དགོན་སྡེ་འདི་ཉིད་ཕྱག་དད་པས་འཚལ་ས་དང་། ཚོགས་བསགས་པའི་ཞིང་ས་རུ་མཐོང་སྟེ།  དགེ་འདུན་པ་རྣམས་ལ་མང་ཇ་མང་འགྱེད་ཀྱིས་མཚོན་པའི་བསྙེན་བཀུར་བཟང་པོ་སྔ་ཕྱིར་ཕུལ་དང་འབུལ་བཞིན་པའི་ཚུལ་ལགས་སོ།  །
   དེ་ལྟར་སྣང་ཞིག་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་འདི་ཉིད་ཐོག་མར་ཕྱག་འདེབས་མཛད་པ་པོ་དང་དེའི་བརྒྱུད་ཁུངས་ཡང་དག་པའི་ལོ་རྒྱུས།  སྔ་ཕྱི་རིམ་ཅན་དུ་བྱུང་བའི་བླ་མ་སྐྱེས་ཆེན་དག་གི་མཛད་རྣམ། གཞན་ཡང་གདུང་རྒྱུད་མིན་པའི་བླ་སྤྲུལ་འགའ་ཞིག་གིས་བསྟན་པ་འདི་ལ་གཅིག་ཏུ་སྨན་པའི་མཛད་བཟང་བསྐྱངས་ཚུལ་སོགས་ཀྱི་སྐོར།  སྣང་དགོན་དཀར་ཆག་ཚད་ལྡན་རྣམས་དང་།སྣང་ཞིག་ཅོག་ལོ་དགོན་པའི་བྱུང་བ་མདོ་ཙམ་བརྗོད་པ་རྒྱལ་བསྟན་གསལ་བའི་ཉིན་བྱེད་དད་ལྡན་དྭངས་འདྲེན》 སོགས་སུ་གསལ་བས་ཞིབ་པར་མཁྱེན་འདོད་རྣམས་ཀྱིས་དེར་གཟིགས་པར་འཚལ།
དེ་ལྟ་བུའི་སྣང་ཞིག་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་གི་སྡེ་ཆེན་པོ་འདི་ཉིད་ཀྱང་།  ང་ཚོའི་དགོན་སྡེ་སྤྱི་དང་མཐུན་པར་ཕྱིའི་བཀོད་པ་དང་།  ནང་གི་འཛུགས་བསྐྲུན་སོགས་ཀྱི་སྐོར་ཏེ་ལྷ་ཁང་དང་འདུ་ཁང་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་པ་རྒྱ་ཆེར་བྱས་ཟིན་པ་དག་སྤྱི་རྩིས་༡༩༥༨ལོར་དགོན་པའི་རྟེན་དང་བརྟེན་པ་བཅས་ལ་འཕོ་འགྱུར་ཚབ་ཆེན་བྱུང་སྟེ་ཡིད་སྐྱོ་བའི་གནས་སུ་གྱུར། འདུ་ཁང་བླ་བྲང་མགར་ཁང་དང་སྨན་ཁང་སོགས་བྱས་ནས་དགེ་འདུན་པ་རྣམས་གནས་ནས་སྤྱུགས།  རེ་ཞིག་བོན་སྤྱོད་ཀྱི་སྒྲ་ཙམ་ཡང་ཐོས་སུ་མེད་པའི་ཚད་དུ་བསླེབས་ནའང་།
སྤྱི་ལོ་༡༩༨༢ལོར་ཏང་གི་ཡང་དག་པའི་སྲིད་ཇུས་གསེར་གྱི་ཉི་མའི་འཛུམ་ཞལ་རིས་མེད་དུ་ཤར་བའི་བཀའ་དྲིན་འོག  སླར་ཡང་ཆོས་སྒོ་ཕྱེས་ཏེ་སྔོན་གྱི་འདུ་ཁང་བླ་བྲང་སོགས་ཉམས་པ་སླར་གསོའི་ཕྱོགས་ལ་འབད་པ་ཆེར་བསྐྱེད་བྱས་པས།  ད་ལྟ་དགོན་པའི་ཕྱི་ནང་གི་བཀོད་པ་རྣམས་གང་ལ་གང་འཚམས་རེ་འཛུགས་བསྐྲུན་བྱས་དང་བྱེད་མུས་སུ་གོང་ས་༧སྐྱབས་མགོན་རིན་པོ་ཆེ་རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་འགོ་འདྲེན་བརྩེ་སྐྱོང་རྒྱུན་མི་ཆད་པའི་འོག་བླ་གྲྭ་དགེ་འདུན་པ་བརྒྱ་ཕྲག་ལྷག་གིས་སྔོན་སྲོལ་བཟང་པོའི་རྒྱུན་སྐྱོང་བཞིན་པའི་དུས་ལགས་སོ།  །
   ཅེས་སྣང་ཞིག་ཅོག་ལོ་དགོན་པའི་ལོ་རྒྱུས་ཉུང་ངུར་བརྗོད་པ་འདི་ཡང་དྲུང་ཡིག་པ་གདོང་བཙུན་རྒྱ་ཐར་གྱིས་སྣང་ཞིག་སྐྱབས་མགོན་མཆོག་གི་བཀའ་དགོངས་བཞིན་བྲིས་པར་ཉེས་འགལ་ཡོད་ཚད་སྐྱབས་ཡུལ་དམ་པར་བཤགས་ཤིང་དགེ་བས་རྒྱལ་བསྟན་རྒྱས་པའི་རྒྱུ་གྱུར་ཅིག  དགེའོ།  །

གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ།

   གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་༢༠༠༩ལོའི་ཟླ་བ་༩པའི་ཚེས་༡༣ཉིན་མདོ་སྨད་བོན་གྱི་བསྟན་བདག་གོང་ས༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྣམ་གཉིས་ཀྱི་གཙོས། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པ་ལྷན་རྒྱས་ཀྱིས། གཡུང་དྲུང་བོན་གྱི་བསྟན་པའི་ཞ བས་ཞུ་རུ་དམིགས་ཏེ། སངས་རྒྱས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡན་ལག ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ་གསར་དུ་རྩ་འཛུགས་བྱས། ཚོགས་པ་དེའི་ཁོངས་སུ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་དང་དྲུང་གཞོན་སྤྱི་གཉེར་བཅས་ལས་བྱེད་མི་སྣ་དང་རྩོམ་སྒྲིག་པ་ཞིབ་འཇུག་པ་སོགས་ཀྱི་ལས་འགན་བསྐོ་བཞག་བྱས་ཡོད་ལ། ཁོང་རྣམ་པས་ཕྱག་ལས་གཙོ་བོ་ནི། ཡིག་རྙིང་འཚོལ་སྡུད་དང་པར་སྐྲུན། ཞང་བོད་ཀྱི་རིག་གཞུང་ཞིབ་འཇུག་བྱེད་རྒྱུ་བཅས་ཡིན། ཉེ་ཆར་ང་ཚོས་ཕྱོགས་སོ་སོ་ནས་བསྡུས་ཏེ་ལག་སོན་བྱུང་བའི་དཔེ་དཀོན་དང་ཡིག་རྙིང་རིགས་མི་འདྲ་བ་བརྒྱ་ལྷག་ཡོད། ༢༠༠༩ཟླ་བ་༡༢པའི་ནང་མདོ་སྨད་སྣང་ཞིག་དགོན་ཆེན་དུ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་འཚོགས་སྐབས་སུ། ང་ཚོས་བསྡུ་རུབ་བྱས་པའི་གནའ་བོའི་ཡིག་རྙིང་འགའ་འཐུས་མིའི་སྤྱན་སྔར་དུ་ཕུལ་བས། ཁོང་ཚོས་དགའ་བསུ་དང་གཡུང་དྲུང་བོན་གྱི་བསྟན་དོན་གལ་ཆེན་དུ་དགོངས་ཏེ།  མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཆོད་ལྟར་མ་འོངས་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བཞག་ཨང་གསུམ་པར་བདམས།  དེ་བཞིན་ལོ་འདི་དག་གི་རིང་ལ་ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་རྩོམ་སྒྲིག་ཁང་ནས། དཔེ་དཀོན་གྱི་རིགས་དག་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཚོགས་པའི་ཁ་ཕྱོགས་དང་བསྟུན་པའི་གནའ་བོའི་རིག་གཞུང་ཁག་ལ་ཞིབ་འཇུག་དང་། ཞང་བོད་ཀྱི་རིག་གཞུང་གླེང་སའི་གཤེན་རབ་རིག་གནས་གཏམ་གླེང་ཞེས་པའི་ཁོར་ཡུག་ཅིག་ཀྱང་གསར་དུ་བསྐྲུན་ཡོད། གླེང་སྟེགས་དེ་ལས་གཟའ་འཁོར་རེ་རེར་ལོ་རྒྱུས་འཆད་ཁྲིད་དང་།  རང་མོས་གཏམ་གླེང་གི་བྱ་འགུལ་སྤེལ་ཏེ་རྒྱལ་ཕྱི་ནང་གི་བསམ་བློ་བ་དང་ཆེད་མཁས་པ་མང་བོ་གདན་འདྲེན་བྱེད་མུས་མཆིས། སྤྱི་ལོ་༢༠༡༠ལོའི་ཟླ་༩བའི་ཚེས་༡༣ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མའི་གྲས་ཀྱི་མི་བཅུ། གོང་ས་རྣམ་གཉིས་དང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ང་ཚོའི་ཚོགས་པའི་གྲས་སུ་བདམས་ཏེ་ཚོགས་པའི་རྒྱ་ཁྱོན་སྔར་ལས་ཇེ་ཆེར་བཏང་། ད་ལྟ་མི་གྲངས་སོ་གཅིག་གིས་གྲུབ་པའི་གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པའི་ཚོགས་མི་སོ་སོས། སྤྱིར་གངས་ཅན་བོད་ཀྱི་ཤེས་རིག་སྲུང་སྐྱོབས་དང་། དགོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གཞུང་འཕེལ་རྒྱས་ཀྱི་ཆེད་དུ། ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ཞེས་པའི་ལོ་རྒྱུས་ཀྱི་དཔྱད་རིན་ལྡན་ཞིང་གནའ་བོའི་ཞང་བོད་ཀྱི་ངོ་བོ་མཚོན་པའི་དེབ་ཕྲེང་ཞིག་འགྲེམ་སྤེལ་བྱེད་ལ་ཉེ་བ་དང་། མ་འོངས་པར་ཕྱོགས་སོ་སོར་ཡིག་རྙིང་འཚོལ་སྡུད་དང་ཞང་བོད་ཞིབ་འཇུག་གི་བྱ་བ་གཉེར་བཞིན་འགྲོ་བའི་འཆར་གཞི་ཡོད་པའོ།  །
༼ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས༽ ཀྱི་དཀར་ཆག་པོད་དང་བོ་མཚན་ཉིད་སྐོར།
   ༡ལྟ་བའི་རིམ་པ་ཞེས་བྱ་བ་བཞུགས་སོ།  །  མེ་སྟོན་ཤེས་རབ་འོད་ཟེར།
   ༢སྒོམ་གྱི་རིམ་པ་བཞུགས་སོ།  །  མེ་སྟོན་ཤེས་རབ་འོད་ཟེར།
   ༣ལམ་གྱི་རིམ་པ་བཞུགས་སོ།  །  མེ་སྟོན་ཤེས་རབ་འོད་ཟེར།
   ༤གསང་སྔགས་ཀྱི་དོན་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་དབུ་ཕྱོགས་བཞུགས་སོ།  ། ཞང་སྟོན་བསོད་ནམས་རིན་ཆེན།
   ༥ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་ཆུང་བཞུགས། རོང་སྟོན་ཤེས་བྱ་ཀུན་རིག
   ༦བསྒོམས་རིམ་གསལ་འདེབས་ཟབ་མོ་གསང་གཏམ་ཀུན་གྱི་སྙིང་ཐིག་བཅུད་འདུས་བཞུགས། གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ།
པོད་གཉིས་པ་མཚན་ཉིད་སྐོར།
   ༧ས་ལམ་དོན་གསལ་སྒྲོན་མེད་ཞེས་བྱ་བ་བཞུགས་སོ།  །  ཁོད་སྤུངས་དྲན་པ་ནམ་མཁའ།
   ༨ཐེག་པ་ཆེན་པོ་རྣམ་པར་གྲོལ་བའི་ལམ་བསྟན་པ།  མེ་སྟོན་ཤེས་རབ་འོད་ཟེར།
   ༩བོན་ཐམས་ཅད་མཉམ་ཉིད་ཀྱི་དོན་ལ་ཡོངས་སུ་འདུས་པའི་ཐིག་ལེ་ཉག་གཅིག་གི་དོན་གསལ་བར་བྱེད་པའི་ཏིག་བཞུགས་སོ།  །  མེ་སྟོན་ཤེས་རབ་འོད་ཟེར།
   ༡༠བྱང་སེམས་ཐེག་པ་ཆེན་པོ་གབ་པ་དང་དགུ་སྒོར་གྱི་གཞུང་བཞུགས།  ཅོག་སྟོན།  ༼ཅོག་ལ་གཡུ་སྐྱིད།༽
   ༡༡བྱང་སེམས་གབ་པ་དགུ་སྐོར་གྱི་ས་གཅོད་བཞུགས་སོ།  །
   ༡༢གསང་སྔགས་ངག་དོན་འཕྲུལ་གྱི་ལྡེ་མིག མཚུངས་མེད་བསོད་ནམས་བློ་གྲོས།
   ༡༣བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ཨུ་དཔལ་ཆུན་པོ།  སྐུ་མདུན་བསོད་ནམས་བློ་གྲོས།
   ༡༤སྣོད་བཅུད།  གཉེར་སྟོན་ཚུལ་ཁྲིམས་རྒྱལ་མཚན།
   ༡༥ཐིག་ལེ་མདོའི་གསལ་བཤད་ཉི་མའི་སྙིང་བོ་ཞེས་བྱ་བ་བཞུགས། གཤེན་བཙུན་ཀུན་དགའ་རྒྱལ་མཚན།
པོད་གསུམ་པ་ལོ་རྒྱུས་སྐོར།
   ༡༦སྲིད་པ་རྒྱུད་ཀྱི་ཁ་བྱང་ཞེས་བྱ་བ་བཞུགས་སོ།  །  བླ་ཆེན་དྲན་པ་ནམ་མཁའ།
   ༡༧ངེས་དོན་གནད་ཀྱི་ཞལ་གདམས་བཞུགས་དབུས་ཕྱོགས་ལེགས་སོ།  །  དབྱིལ་སྟོན་ཁྱུང་རྒོད་རྩལ།
   ༡༨ཁོག་དབུས་ལོ་རྒྱུས་དྲང་དོན་བཞུགས་པ་དབུ་ཕྱོགས་ལེགས་སོ།  །  དབྱིལ་སྟོན་ཁྱུང་རྒོད་རྩལ།
   ༡༩བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།  །  སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།
   ༢༠གསུང་རབ་ལས་བཏུས་པའི་བོན་དར་ནུབ་རྒྱས་གསུམ་གྱི་རབ་དབྱེ་ངོ་མཚར་འཕྲེང་མཛེས་བཞུགས།
   ༢༡མ་འོངས་ལུང་བསྟན་འཇིག་རྟེན་གསལ་བྱེད་ཉི་མའི་འཁོར་ལོ་བཞུགས་པ་ལེགས་སོ།  །  སྤང་བཙུན་མུ་ལ་རད་ན།
   ༢༢གནའ་བོའི་ཡིག་རྙིང་ཁ་འཐོར།
པོད་བཞི་བ་རིག་གནས་སྐོར།
   ༢༣ནག་རྩིས་རྙིང་བ།
   ༢༤རྒྱ་ནག་ཆུ་རྩིས།
   ༢༥མཁས་པ་མི་བཞིའི་ས་དཔྱད་རད་ན་གསལ་སྒྲོན་བཞུགས་སོ།  །  མཁས་པ་མི་བཞི།
   ༢༦ཞང་བོད་སྒྲ་སྦྱོར།
   ༢༧སྙན་དངགས་རྒྱན་གསུམ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།  །  གཙང་གཤེན་རིག་པ་རང་གྲོལ།
   ༢༨སྙན་ཚིག་མེ་ཏོག་ཕྲེང་བའི་དཔེ་བརྗོད་བློ་གསལ་སྣང་བའི་དགའ་སྟོན་བདེ་ལེགས་བཞུགས་པ་ལེགས་སོ།  །  སྣང་སྟོན་ནམ་མཁའ་བློ་གྲོས།
   ༢༩སྙན་དངགས་མིང་གི་མངོན་བརྗོད་མཁས་པའི་མགུལ་རྒྱན་རིན་ཆེན་གཏེར་གྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ།  །  དར་གཙོ་བུ་ཡེ་ཤེས་རྒྱལ་མཚན།
པོད་ལྔ་བ་རྣམ་ཐར་སྐོར།
   ༣༠རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར་མདོར་བསྡུས་ཚིག་བཤད་གསོལ་འདེབས་བཞུགས།  རྒྱལ་དབང་མིང་ཅན།
   ༣༡རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་པར་ཐར་བ་ཞེས་བྱ་བ་བཞུགས་སོ།  །  ཁྲོ་རིགས་ཡིད་རྒྱལ།
   ༣༢ཞུ་སྒོམ་འཁྲུལ་ཞིགས་ཀྱི་སྐྱེས་རབས་རྣམ་ཐར་བཞུགས་པ་ལེགས་སོ།  ། མེ་སྒོམ་གྱི་འཛིན་བོན་པོ་གཡུང་དྲུང་བསྟན།
   ༣༣རྒྱལ་རིགས་གནམ་བོན་རྫིའུ་རྒྱ་གར་གདུང་རབས་རིན་ཆེན་ཕྲེང་བ་དང་སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་པད་མོ་ཕྲེང་བ་བཞུགས།
   ༣༤རྗེ་སྨན་རི་བའི་མཁན་རབས་ཉེར་ལྔ་བ་སྐྱབས་རྗེ་འགྲོ་མགོན་རིན་པོ་ཆེའི་རྣམ་ཐར་ངོ་མཚར་གེ་སར་འབུམ་བཞད་ཅེས་བྱ་བ་བཞུགས་པ་ལེགས་སོ།  །  ཚུལ་ཁྲིམས་བསྟན་འཛིན།
   ༣༥རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་བ་ཀུན་སྣང་དང་འདྲེན་ཞེས་བྱ་བ་བཞུགས། རྒྱལ་ཚབ་གཡུང་དྲུང་བསྟན་དབང་།
   ༣༦རྩ་བའི་བླ་མའི་རྣམ་ཐར་དྲི་མེད་ཨུ་དཔལ་ཕྲེང་བ་དབུས་ཕྱོགས་བཞུགས་པ་ལགས་སོ།  །  ཉི་མ་བསྟན་འཛིན།
   ༣༧རྗེ་བཙུན་ནམ་མཁའ་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས་བཞུགས་སོ།  །  དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན།
གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པའི་ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་རྩོམ་སྒྲིག་ཁང་ནས།

相关热词搜索:

上一篇:༄༅། །རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མཛད་རྣམ་མདོར་བསྡུས།
下一篇:༄༅། །རིན་ཆེན་རིལ་བུའི་འབྱུང་ཁུངས་དང་གཏོང་ཐབས་སྐོར་གྱི་དཔྱད་བརྗོད་ཐོར་བུ།

分享到: