༄༅། །རིན་ཆེན་རིལ་བུའི་འབྱུང་ཁུངས་དང་གཏོང་ཐབས་སྐོར་གྱི་དཔྱད་བརྗོད་ཐོར་བུ།
2016年07月03日   来源:༢༠༡༢ལོའི《རྔ་བའི་བོད་རིག་པ》   

རྔ་བ་བློ་བཟང་ཚུལ་ཁྲིམས།

 

  ནང་དོན་གནད་བསྡུས། ཚད་ལྡན་གྱི་གཞུང་རྣམས་ལ་གཏུགས་ནས་རིན་ཆེན་རིལ་བུའི་འབྱུང་ཁུངས་དང་གཏོང་ཐབས་སྐོར་ལ་དཔྱད་པ་བྱས་ནས་དེང་རབས་དང་འབྲེལ་བའི་གསར་བརྗོད་ཅུང་ཟད་རེ་བྱས་ཡོད།
   གནད་ཚིག རིན་ཆེན་རིལ་བུའི་འབྱུང་ཁུངས།  གཏོང་ཐབས།  གསར་བརྗོད།  དེ་ཡང་འཛམ་གླིང་ས་ཡི་གཙུག་ཏོར།  ཆུ་བོ་ཀུན་གྱི་འབབ་འགོ།  གངས་ཏེ་སེའི་འགྲམ་དུ་འཚོ་བའི་མིའི་རིགས་དེ་ལ་ཕྱག་ན་པདྨའི་གདུལ་ཞིང་དུ་འབོད་པ་ནི།  བཀའ་གདམས་གླེག་བམ་ལས།  ཀྱེ་གངས་རིའི་མགོན་པོ་སྤྱན་རེས་གཟིགས། །གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།  །ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།  །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །ཞེས་ནས། མདོག་ཕུན་སུམ་ཚོགས་པའི་རི་བོ་ལ།  །ལྟས་ཁྱད་པར་འཕགས་པའི་མཚན་པ་ཡོད།  །ཅེས་སོགས་གསུངས་ཡོད་པ་ལྟར་དགེ་མཚན་འབུམ་གྱི་རྣམ་པ་སྤྲོ་བའི་གངས་ཅན་པ་རྣམས་ཀྱི་ལུས་སེམས་བདེ་བའི་བདུད་རྩི་དཔལ་ལྡན་རྒྱུད་ཀྱི་རྒྱལ་བོ་ལས་འབྱོར་ལྡན་རྗེས་སུ་འཛིན་པར་རིན་པོ་ཆེའི་སྦྱོར་སྡེ་བསྟན་པ་འདི་རིན་ཆེན་རིལ་བུའི་འབྱུང་ཁུངས་ཡིན་སྙམ་པ་ནི། དགེ་ཚེ་རྣམ་རིན་པོ་ཆེའི་རིན་ཆེན་རིལ་བུའི་སྦྱོར་བ་ལག་ལེན་ནག་འགྲོས་སུ་བཀོད་པཞེས་པ་ལས།  བོད་དུ།  གངས་ཅན་སྨན་རྗེ་གཡུ་ཐོག་པ་ཡབ་སྲས་རྣམས་ནས།  རིན་པོ་ཆེའི་སྦྱོར་བ་དང་།  དངུལ་ཆུའི་སྦྱོར་བའི་ཚུལ་དག་ནི། གཙོ་བོར་དཔལ་ལྡན་ཕྱི་མའི་རྒྱུད་ནས་བསྟན་པ་བཞིན་དུ་ཕྱག་ལེན་གནང་ཞིག་ཡིན་ལ།  ཞེས་སོགས་གསུངས་ཡོད་པ་དང་། བདག་ཅག་ལ་བཀའ་དྲིན་ཆེ་བའི་མཁས་དབང་བསྟན་འཛིན་དོན་འགྲུབ་ཀྱིས་ཀྱང་རིན་ཆེན་རིལ་བུའི་ཁུངས་ལ་བཤད་ཚུལ་མང་བས། ཁོང་གིས་དབུས་གཙང་གི་མཁས་པ་དུ་མར་དྲི་བ་ཞུས་པ་ལ།  ཐོག་མའི་འབྱུང་ཁུངས་རྒྱུད་བཞི་ཡིན་པ་ཀུན་ཐུགས་མཐུན།  ཞེས་གསུངས།
   རྒྱུད་བཞི་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པ་རྩོད་མེད་ཡོངས་གྲགས་ཡིན།  དེ་ཡང་ལྷ་ཐོ་ཐོ་རིའི་སྐབས་སུ་རྒྱ་གར་རྒྱལ་བོ་རྔ་ཆེན་པོའི་བུ་བི་བྱི་དགའ་བྱེད་ཅེས་སྨན་པ་མཁས་ཆེན་ཞིག་ཡོད་པ་དེ་བོད་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད་ནས་སྙན་གྲགས་རྒྱས།  དེ་ལ་བོད་ཀྱི་རྒྱལ་བོ་ལྷ་ཐོ་ཐོ་རིའི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་ཕུལ་ནས་སྲས་དུང་གི་ཐོར་ཅོག་འཁྲུངས།  སྲས་དེ་ནར་སོན་ནས་སྨན་པ་མཁས་པར་གྱུར།  དེའི་བརྒྱུད་པ་བར་མ་ཆད་པ་ལ་སྨན་པ་མཁས་པ་དུ་མ་བྱུང་བ་རྣམས་ཀྱིས་བོད་རྒྱལ་རིམ་བྱོན་པའི་བླ་སྨན་མཛད།  མི་རབས་དྲུག་པ་འདྲེ་རྗེ་རྒྱ་གར་པཛྲ་སྟོད་ལུང་སྐྱིད་སྣ་ལས་སྨན་བྱས་པའི་ཡོན་དུ་གཡུ་མང་བོ་ཕུལ་བ་རྣམས་ཁང་ཐོག་ཏུ་བཀྲམ་ཡོད་པ་ལ་ཁའི་ལུག་རྫི་ཞིག་གིས་མཐོང་ནས།  འདི་བར་གཡུའི་ཐོག་འདུག་གོ  །ཞེས་བསྒྲགས་ནས་གཡུ་ཐོག་པ་ཞེས་གྲགས་པར་བཤད།
   འདྲེ་རྗེ་རྒྱ་གར་པཛྲ་གྱི་སྲས་ཁྱུང་པོ་རྡོ་རྗེ་དང་རྒྱ་ས་ཆོས་སྒྲོན་གཉིས་ལ་ས་སྤྲེལ་སྤྱི་ལོ་༧༠༨ལོའི་སྤྲེལ་ཟླའི་ཚེས་བཅོ་ལྔར་དགེ་མཚན་དུ་མ་དང་བཅས་རྙིང་མ་ཡོན་ཏན་མགོན་པོའི་སྐུ་བལྟམས།  སྐུ་ན་ཕྲ་བའི་དུས་ནས་འགྲན་ཟླ་མེད་པའི་རིག་རྩལ་ཅན་ཞིག་ཡིན་པས་བསམ་ཡས་སུ་བསུས་ནས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མཛད། དགུ་ལོ་ཉེར་ལྔ་བར་རྒྱ་གར་དུ་བྱོན་པའི་ལམ་བར་ནས་བཻ་རོ་དང་མཇལ་ནས་རྒྱུད་བཞིའི་བསྒྱུར་ཡིག་འདི་རྒྱལ་བོ་དང་ཁྱེད་རང་ལ་སྤྲོད་དགོས་པ་སློབ་དཔོན་ཀྱིས་ཞལ་མངག་ཡིན་པས་ཕྱིར་བོད་དུ་བྱོན་ཞེས་པར།  གཡུ་ཐོག་པས་བདག་མ་བྱོན་བར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་ལ་གཏེར་དུ་སྦོས་གསུངས་པ་ལྟར་བྱས།ཞེས་དང་།  དེ་ནས་གཡུ་ཐོག་པ་རྒྱ་གར་དུ་བྱིན་ནས་སློབ་དཔོན་ཙནྡྲ་དེ་ཝར་མཇལ།  སློབ་དཔོན་དེས་ལོ་ཆེན་པོ་བཻ་རོ་ཙཱ་ནས་བསྒྱུར་བ་ལྟར་བོད་ཀྱི་རྒྱལ་བོ་དང་སྨན་པ་ལ་གདམས་པ་བྱུང་ངམ།ཞེས་པར་གཡུ་ཐོག་པས་ལམ་བར་མཇལ་བའི་ལོ་རྒྱུས་རྣམས་ཞུས།  དེ་ནས་གསོ་རིག་གི་གདམས་པ་མང་བོ་གནང་ནས་བོད་དུ་བྱོན་པས་རྒྱལ་བོ་ཤིན་ཏུ་མཉེས་པར་བཤད། དགུང་ལོ་སོ་ལྔ་བར་སླར་ཡང་རྒྱ་གར་དུ་ཕེབས་ནས་པཎ་ཆེན་ཙནྡྲ་དེ་ཝའི་དྲུངས་ནས་གདམས་ངག་མང་བོ་ཞུས་ནས་བོད་དུ་ཕེབས། དེ་དུས་རྒྱལ་བོས་རྒྱུད་བཞི་གཏེར་ནས་བཏོན་ན་ཞེས་པར།  ད་དུང་རྒྱ་གར་ལ་སྐོར་གཅིག་འགྲོ་བ་དེའི་བར་དུ་མི་འདོན་ཞུས།  དགུང་ལོ་སོ་བརྒྱད་པར་རྒྱ་གར་དུ་ཕེབས་ནས་བླ་མ་བརྒྱ་རྩ་གཅིག་དང་མཇལ་ནས་ཕྱི་ནང་གི་རིག་གནས་དང་གདམས་པ་མང་བོ་ཞུས།  ཁྱད་པར་རྒྱུད་བཞིའི་གབ་པ་གསལ་བྱེད་ཐོ་བྱང་དང་བཅས་པ་ཐོབས་ནས་བོད་དུ་ཕེབས།  དགུང་ལོ་ཞེ་ལྔ་བར་རྒྱུད་བཞི་གཏེར་ནས་བཏོན།  དེ་ནས་དཔེ་ཆ་མང་བོ་བརྩམས་ནས་དགུང་ལོ་ང་ལྔ་ལ་ཀོང་པོ་སྨན་ལུང་དུ་བྱོན་ནས་སློབ་བུ་སུམ་བརྒྱ་ལྷག་ལ་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་གནང་ནས་སྨན་རམས་པ་མང་བོ་བྱུང་ཞེས་དང་།  རྗེས་སུ་དེ་གར་སྨན་དགོན་ལྟ་ན་སྡུག་ཅེས་པ་བཏབས་ནས་དཔོན་སློབ་སྟོང་ཕྲག་གཅིག་ལྷག་གིས་གསོ་རིག་ལ་སྒྲོ་འདོག་ཆོད་པ་བྱུང་ནས་ལྗགས་རྩོམ་མང་བོ་གནང་བ་སོགས་གཞུང་དུ་མར་གསལ།
   དགེ་བྱམས་པ་འཕྲིན་ལས་ཀྱིས།  སྨན་རྩིས་ཁང་གི་ལོ་ཐོའི་བསྟན་རྩིས་ལའང་ས་སྤྲེལ་འགོད་གནང་མཛད་འདུག་པ་ཁུངས་ཆེ་བར་མངོན་གསུངས་ཡོད་པ་ལྟར་ན། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ས་སྤྲེལ་སྤྱི་ལོ་༧༠༨ལོར་འཁྲུངས་པ་དང་།  དགུང་ལོ་ཞེ་ལྔ་བ་སྤྱི་ལོ༧༥༢རྒྱུད་བཞི་གཏེར་ནས་བཏོན་པ་དང་།  དགུང་ལོ་ང་ལྔ་སྤྱི་ལོ༧༦༢ཀོང་པོ་ནས་རྒྱུད་བཞི་སྤེལ་གནང་མཛད་པར་མངོན།
   རྒྱ་གར་ནས་བསྒྱུར་བའི་རྒྱུད་བཞི་གཏེར་ནས་བཏོན་ཏེ་བོད་ཀྱི་རྒྱུད་བཞི་བོད་ལ་སྤེལ་བའི་བར་གྱི་ལོ་འཁོར་བཅུའི་རིང་དུ་གཡུ་ཐོག་ཡོན་ཏན་མགོན་པོས་ཅི་མཛད་ཅེ་ན།  འདི་སྙམ་སྟེ།  ཁོང་གིས་ཆུང་དུས་ཡབ་ལས་བསླབ་པ་ནས་བཟུང་བོད་ཀྱི་མཁས་པ་དགུ་དང་། ཕྱོགས་རིགས་ཀྱི་མཁས་པ་དགུ།  རྒྱ་གར་པཎ་ཆེན་ཙནྡྲ་དེ་ཝ་སོགས་བླ་མ་བརྒྱ་རྩ་གཅིག་ལས་ཐོབ་པའི་གདམས་པ་རྣམས་དང་།  རྒྱ་གར་གྱི་རྒྱུད་བཞི་ལས་བོད་ལ་མཁོ་བ་རྣམས་སྙིགས་འདོར་བཅུད་ལེན་བྱས་ཏེ།  ཁོང་གི་ཉམས་མྱོང་དང་མཁྱེན་དཔྱོད་རླབས་པོ་ཆེས་ཕྱོགས་སྡོམས་ནས་བོད་ཀྱི་གསོ་རིག་རྒྱུད་བཞི་འདི་འགྲུབ་པ་ཡིན་སྙམ་མོ། །དེ་ཡང་བོད་ཟླ་གཉིས་པའི་ཚེས་བརྒྱད་ཉིན་རྒྱུད་བཞིའི་དུས་ཆེན་ཡིན་པ་གྲགས།
   བོད་རང་ལ་ཡོད་པའི་རྒྱུད་བཞི་འདི་བོད་ལ་སྤེལ་ནས་སྤྱི་ལོ༧༦༢ད་བར་སྤྱི་ལོ༢༠༡༡ལོ་འཁོར་༢༢༤༩ལོན་ཡོད།  དེ་འདྲ་ཡིན་དུས་བོད་འདིར་རིན་ཆེན་རིལ་བུ་ཡོད་ནས་ཀྱང་ལོ་འཁོར་ཉིས་སྟོང་ཉིས་བརྒྱ་ལྷག་ཡིན་དགོས་པ་འདི་དེང་དུས་ག་འདྲ་ཞིག་ཏུ་གྱུར་འདུག་ཅེ་ན།  དཔལ་འབྱོར་ཁྱབ་སྤེལ་གཏོང་བའི་དུས་རབས་ཉེར་གཅིག་པའི་དུས་འདིར་རང་ཅག་གི་རིན་ཆེན་རིལ་བུས་ཀྱང་ས་སྟེང་ཁྱབ་འདུག  དེ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་མོད།  འོན་ཀྱང་ཕྱི་ཤུན་སྟེང་གི་ཁྱད་དུ་འཕགས་པའི་མཛེས་རྩལ་རི་མོ་དང་ཕན་པའི་ནུས་པ་ལྟར་མི་ཐོན་པ་དེ་ཇི་ཡིན་སྙམ་ནས་བསམ་ན་བཞི་སྟེ།  སྨན་ངོ་མ་ཟིན་པས་སྨན་དངོས་ནོར་བ།  འདུལ་སྦྱང་གི་ཆོ་གའི་སྐོར་མ་རྟོགས་པའམ་མ་ལེགས་པ།  སྦྱོར་སྡེའི་སྡེབ་ཁ་མ་ཚང་བར་སྡེབ་པ།  རིན་ཆེན་རིལ་བུ་བཏང་ཐབས་ཀྱི་ཆོ་གའི་སྐོར་མ་རྟོགས་པའམ་ཡང་ན་རྐྱེན་དབང་འགའ་ཞིག་གིས་མ་འགྲུབ་པ་བཅས་ཡིན་སྙམ་མོ།  །
   དང་བོ་སྨན་དངོས་ནོར་བ་ནི།  དེང་འདིར་དཔལ་འབྱོར་ཁྱབ་སྤེལ་གཏོང་བའི་དུས་བཟང་དང་བསྟུན་ཕྱི་ཁྲ་ཁྲའི་དངོས་པོའི་དཔལ་ཡོན་རྒྱས་པའི་དུས་མཚུངས་སུ་ནང་ཁྲ་ཁྲའི་སེམས་པ་ཡང་ཇེ་རྒྱས་སུ་འགྲོ་བཞིན་པ་ལས་བྱུང་བའི་དངོས་པོ་རྫུན་པ་མང་བ་ནི་བཤད་མ་དགོས། དེ་བཞིན་དུ་སྨན་རྫས་རྫུན་པ་མང་བ་ལ་དཔེ་གཅིག་བཤད་ན།  ནད་པ་ཞིག་གིས་ནང་ཁུལ་ནས་སྒོར་གཉིས་ཀྱིས་ཉོས་ཞེས་ལྗོངས་སྨན་རྩིས་ཁང་གི་རྟགས་ཅན་རདྣ་བསམ་འཕེལ་ཤོག་སྒྲོམ་གཅིག་ཁྱེར་འོང་།  ང་རང་གིས་ལྗོངས་སྨན་རྩིས་ཁང་ནས་ཉོས་པ་གཅིག་ཡོད་པ་དང་བསྡུར་ཚེ་གཅིག་པ་གཅིག་རྐྱང་ཡིན་པ་འདྲ།  དེ་ནས་གཉིས་པོའི་དངོས་ནས་ཅུང་ཟད་རེ་སྦངས་པའི་ཆུ་ཐིག་རེ་ཕྲ་གསལ་མེ་ལོང་འོག་ཏུ་ལྡབ་སྟོང་ཕྲག་ཁ་ཤེས་ཆེར་བཅུག་ཏེ་བལྟས།  ཁོ་རང་གིས་ཁྱེར་ཡོང་བ་དེར་ཅི་ཡང་མཐོང་རྒྱུ་མེད།  ངས་ཉོས་ཡོང་བ་དེ་ལ་ཤེལ་ཆག་མང་བོ་སོབ་སོབ་ཏུ་གནས་པ་ལྟར་མཐོང་གིན་འདུག་པ་དེ་རིན་པོ་ཆེ་རྣམས་ཀྱི་རྡུལ་ཨེ་ཡིན་པའི་སྣང་བ་ཤར།  གཞན་ཡང་རིན་པོ་ཆེ་རྫུན་པ་ལ་དཔེར་ན།  ཧོ་ལན་ལས་ཡིན་ཟེར་བའི་མི་ཞིག་གིས་གཡུ་རྐྱལ་བ་གང་ཁྱེར་ནས་རྒྱ་མ་གང་ལ་སྒོར་འདུན་ཡིན་ཟེར། ངས་ཞིབ་ཏུ་བལྟས་ནས་ཁྱེད་ཀྱི་གཡུ་འདི་ནི་རྡོ་དཀར་ལ་ཚོས་བརྒྱབ་པ་ཞིག་རེད་ཅེས་བཤད།  ཁོས་གཡུ་ཡིན་པའི་གནས་ལུགས་མང་བོ་དྲངས་ནས་ངེད་གཉིས་ཀྱིས་རྩོད་གླེང་བྱས་པའི་མཐར་ཚོས་བརྒྱབ་པ་ཡིན་པ་ཁས་བླངས། དེ་བཞིན་དུ་གཟི་ལ་སོགས་པའི་རིན་ཆེན་རིགས་དང་།  གླ་རྩི་དོམ་མཁྲིས་ལ་སོགས་པའི་སྲོག་ཆགས་འགང་ཅན་གྱི་སྨན་རིགས་དང་།  ཁ་གུར་ལ་སོགས་པའི་རྩི་ཤིང་སྐྱེ་དངོས་རིགས་ཚང་མར་རྫུན་པ་མང་བས་སྨན་ལས་ཀྱི་བྱ་བར་དཀའ་ཁག་བཟོས་ཡོད་པ་རེད་སྙམ།
   གཉིས་པ་འདུལ་སྦྱོང་མ་ལེགས་པ་ལ།  ཇི་སྐད་དུ།  རྒྱལ་བས་དངོས་ཀུན་སྨན་དུ་བྱིན་རླབས་ཀྱང་།  །ལག་ལེན་མི་མཁས་དུག་ཏུ་འགྱུར་ཡང་སྲིད། །ཆོ་ག་ལྡན་ན་དུག་ཀྱང་སྨན་མཆོག་ཏུ།  །བསྒྱུར་ནུས་དེ་ཕྱིར་ལག་ལེན་གོམས་པ་གཅེས། །ཞེས་གསུངས་བ་ལྟར་ཡིན་ལ།  ལྷག་པར་དུ་དངུལ་ཆུར་ལྕི་འབིགས་རྩིའི་དུག་ཆེན་ཡོད་པ་དང་། ཟ་འཆིང་གི་ཁམས་རྣམས་དང་།  རིན་པོ་ཆེའི་རིགས་སོགས་སྨན་ཕལ་ཆེ་བ་ལའང་དུག་ཤས་ཆེ་ཆུང་ཅི་རིགས་ཡོད་པས།  འདུལ་སྦྱང་ལེགས་པོར་མ་བྱས་ན་ཕན་པ་ལས་གནོད་ཉེན་ཆེ་བས་འདུལ་སྦྱང་གི་ལས་ལ་བརྩོན་པ་གལ་ཆེ།  ཐེངས་ཞིག་འདིའི་སྐོར་ལ་ང་ཚོར་རྩོད་གླེང་ཅུང་ཟད་བྱུང་།  ཁྱེད་ཚོའི་དངུལ་ཆུར་གུང་(汞)ཞེས་པའི་དུག་ཆེན་ཡོད་པ་དང་།  ལྕགས་རིགས་དང་རྡོ་རིགས་རྣམས་དངོས་མེད་(无机)ཡིན་པས་ཕོ་རྒྱུས་བསྡུ་ལེན་མི་བྱེད་པ་དང་།  སྦྱོར་སྡེར་སྨན་སྣ་མང་བས་ནུས་ཐོན་དལ་བ་སོགས་ཚིག་མཚོན་ཚུལ་དུ་བཤད།  ངས་ཁོ་ཚོ་ལ་ང་ཚོར་འདུལ་ལུགས་ཁྱད་པར་བ་ཡོད་པས་དེ་འདྲ་མིན་ཞེས་བཤད།  འདུལ་ལུགས་ཁྱད་པར་བ་དེ་གང་ཞེས་ཚེ། ངས་དངུལ་ཆུ་གྲང་འདུལ་མི་ཤེས།  ཚ་འདུལ་གྱི་ཐབས་རྣམས་ལས་ཆེས་སླ་མོ་དེ།  དངུལ་ཆུ་དང་མུ་ཟི་ཆ་མཉམ་རན་པའི་མེ་ལ་ཆུ་ཚོད་དྲུག་དུ་མི་ཚུག་པར་ཤིང་ཚར་བུས་དཀྲུགས་ནས་བསྐོལ་བ་དེ་འཁྱགས་ནས་ཞུན་དུ་ཆགས་པའི་སྔོ་ནག་ནམ་མཁའི་མདོག་ཅན་དེ་སྨན་གྱི་སྦྱོར་སྡེར་སྟོང་ཆ་གཅིག་ཙམ་བཀོལ་བ་ཡིན་ཞེས་བཤད། ཁོ་ཚོས་ཐབས་དེ་སྨན་རྫས་དགེ་རྒན་ཆེན་མོར་དྲི་དགོས་ཟེར།  ཉིན་འགའ་ནས་དགེ་རྒན་དེ་ཡོང་ནས། ཤིང་ཚར་བུ་དེ་མི་ཤེས།  ནུབས་ལུགས་རྫས་སྦྱོར་ཚད་གཞི་ལས།  དངུལ་ཆུ་དང་མུ་ཟི་ཚད་མཐོན་པོའི་དྲོད་ལ་བསྐོལ་ན་བརྒྱ་ཆའི་བདུན་ཅུའི་དུག་དེ་མེད་པར་བཤད་ཀྱང་ད་དུང་དུག་ཡོད་ཅེས་བཤད།  ངས་ཁོ་ལ་ད་དུང་དུག་ཡོད་པ་དེ་དང་སྦྱོར་སྡེའི་སྨན་རྣམས་ཀྱིས་རུས་སྲིན་སོགས་གཉན་རིགས་ལ་ཕན་པའི་དགོས་པ་ཡོད་པ་དང་།  དངུལ་ཆུ་ནི་རུས་པར་འབྱར་སླ་བ་ཞིག་ཡིན་ཞེས་པར།  ཁོ་ལ་ཧ་ལས་ནས། དངོས་གནས་དེ་འདྲ་ཡིན།  ཁྱེད་ཚོས་ཅི་ཡིས་ཤེས་ཟེར།  ལས་སླ་མོ་དེ་འདྲས་ཀྱང་དུག་སེལ་ན་གྲང་འདུལ་ཆེན་མོར་ཅི་བཤད་སྙམ་ནས་ང་ལ་དགའ་བོ་བྱུང་།
   གསུམ་པ་སྡེབ་ཁ་མ་ཚང་བ་ནི།  ཕལ་ཆེར་ཆ་རྐྱེན་མ་ལྡན་པ་ལས་བྱུང་གིན་ཡོད། དེ་ནི་ཁོར་ཡུག་བརླག་པས།  སའི་བཅུད་ཤོར།  མིའི་མདངས་ཤོར།  ཞེས་པ་ལྟར་ཡིན་ལ།  དེང་གི་རྒྱ་མཁས་ཚོས།  དུས་འགྱུར་ནི་འགོག་ཐབ་དང་བྲལ་ལ། ང་ཚོ་ནི་དུས་འགྱུར་ལ་ལོབ་དགོས།ཞེས་པ་ལྟར་ཚང་མ་འགྱུར་འགྲོ་བའི་སྐབས་འདིར་གཟི་སོགས་རིན་ཆེན་རིགས་དང་།  གངས་སེང་འོ་མ་སོགས་སྲོག་ཆགས་སྨན་རིགས་དང་།  གངས་ལྷ་མེ་ཏོག་ལྟ་བུའི་སྐྱེ་དངོས་སྨན་རིགས་རྣམས་ཆེས་ཤིན་ཏུ་དཀོན་པོར་གྱུར་ནས།  དབང་རིལ་ཤེལ་དཀར་མཆོད་རྟེན།  གྲང་སྦྱོར་རྟ་རི་མ།  རིན་ཆེན་ཡང་ཟབ་རིལ་བུ།  བརྒྱ་རྡོ།  སྟོང་རྡོ།  ཁྲི་རྡོ་སོགས་འགང་ཅན་རིལ་བུ་རྣམས་མི་འགྲུབ་པ་དང་།  བསྒྲུབ་ཡང་མ་ཚང་བའམ་སྦྱོར་ཚད་ཀྱིས་མ་ཟིན་པས་ཕན་ནུས་མི་ཐོན་པ་ཡིན་སྙམ་མོ།  །
   བཞི་བ་བཏང་ཐབས་ཀྱི་ཆོ་ག་མ་འགྲུབ་པ། རྒྱུད་བཞི་ལས།  བསྟེན་ཐབས་མ་ཤེས་སྦྱོར་བ་དུག་ཏུ་འགྱུར། །སྣོད་ངན་སེང་གེའི་འོ་མ་བཞུས་དང་མཚུངས། །ཞེས་དང་།  ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད་ལས།  ཚུལ་འདི་དེང་སང་ལྟོ་ཕྱིར་སྨན་པ་འགས། །རིན་ཆེན་བཏང་བའི་ལག་ལེན་གནད་འབེབས་ཚེ། །བཙས་ཁའི་སྲོལ་བཞིན་མགོ་བོ་འཐོམ་པ་ལ།  །ཕན་ཕྱིར་ཚད་ལྡན་གཞུང་གི་བཅུད་བསྡུས་འདི།  །ཞེས་གསུངས་པ་ལྟར།  སྨན་པ་ཁ་ཤས་ཀྱིས་བཏང་ཐབས་མི་མཁྱེན་པ་དང་།  མཁྱེན་ཡང་ནད་པ་རྣམས་ལ་ལེགས་པོར་མི་བཤད་པ་མང་བས་ཕན་པ་མེད་པ་སྙམ་པ་དང་།  གཞན་ཡང་འཇུ་མི་ཕམ་པས།  བསོད་ཟད་བུ་ཕྲུག་རྣ་ལམ་དུ།  །ཕ་མའི་ཚིག་འདི་ལོག་པར་གོ  །  །ཚེ་མཐའ་རྫོགས་པའི་ནད་པ་དེར། །སྨན་དང་རིམ་འགྲོ་ལོག་པར་འགྲོ། །ཞེས་གསུངས་པ་ལྟར་ནད་པའི་ནང་ལ་སྨན་པའི་བཀའ་མི་བརྩི་བ་ཅེ་མང་དུ་འགྲོ་བཞིན་པ་འདིའོ།  །
   རིན་ཆེན་བཏང་ཐབས་ལ་རྒྱུད་དུ་ཕྱོགས་ཙམ་ལས་གབ་སྦས་མཛད་པ་ཞེས་མེས་ཞལ་དང་བཻ་སྔོན་སོགས་རྒྱུད་འགྲེལ་འགའ་ཤས་སུ་གསལ།  ཏེའུ་དམར་བའི་རིན་ཆེན་རིལ་བུ་བཏང་ཐབས་ལག་ལེན་ངེས་ཟབ་སྙིང་ཐིགདང་།  ཨྱོན་ཐེག་མཆོག་གི་ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོདགཉིས་ཀྱི་དགོངས་པ་ཕལ་ཆེར་གཅིག་པ་ནི།  བཏང་ཐབས་དེ་སྔོན་དངོས་རྗེས་གསུམ་གྱིས་རྒྱས་པ་གསུངས་ཡོད་པ་རྣམས་མདོ་ཙམ་བརྗོད་ན།
   དང་བོ་བཏང་ཐབས་ཀྱི་སྔོན་འགྲོ་ལ་བཅུ་གཅིག་སྟེ། རིན་ཆེན་བཏང་བའི་དགོས་པ།  འཁྲུལ་བྲལ་རིལ་བུ་དགོས་པ།  འགྲུལ་སྲུང་གི་སྐོར།  བདག་གཉེར་བྱེད་ཚུལ།  རིལ་སྒྲུབ་ཀྱི་ཆོ་ག  སྡུད་སྨན་གྱི་ཁྱད་པར་དང་གཏོང་ཚུལ།  ཟས་སྤྱོད་ཀྱི་འཛེམ་བྱ། གཟའ་སྐར་གྱི་བཟང་ངན།  བཏང་སའི་གནས་ཁང་དང་ཁོར་ཡུག  སྨན་འདྲེན་མཁན་གྱི་ཆ་རྐྱེན། བཟའ་བཏུང་གི་ཆུ་དང་གཙང་སྦྲ་བཅས་ཡིན།
   གཉིས་པ་དངོས་གཞི་ལ་དགུ་སྟེ།  སྨན་པ་ནད་པ་ནད་གཡོག་གསུམ་གྱི་གཙང་སྦྲ། སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་རིལ་བུ་བཤམ་ནས་ཆོ་གས་བྱིན་རླབས་སྒྲུབ་ཚུལ།  ནད་གཞི་གང་རུང་གི་སྨན་རྟ་ལ་རིལ་བུ་སྦང་ཐབས། རྩ་ཁ་འབྱེད་ཐབས།  རིལ་བུ་བཏང་བའི་དུས།  རྩ་ཁ་བསྡམ་ཐབས།  རྔུལ་དབྱུང་ཐབ།  རྔུལ་དབྱུང་གི་འཇོག་མཚམས་ཀྱི་བྱེད་ཐབས།  དེ་རྗེས་ཀྱི་ཟས་སྤྱོད་བྱེད་ཐབས་བཅས་ཡིན།
   གསུམ་པ་རྗེས་སྤྱོད་ལྔ། ཟས་རིགས་ལས་འཛེམ་བྱ་གང་ཡིན།  སྤྱོད་ལམ་གྱི་འཛེམ་བྱ་གང་དང་གང་།  དེ་བཞིན་དཔྱད་ཀྱི་འཛེམ་བྱ། འཛེམ་པའི་དུས་ཡུན།  མཇུག་བསྡུ་བ་བཅས་སོ།  །
   མཉམ་ཉིད་རྡོ་རྗེའི་བྱེ་བ་རིང་བསྲེལདང་།  ཏེའུ་དམར་བའི་ངེས་ཟབ་སྙིང་ཐིགགཉིས་ལས་རིལ་བུ་བཏང་དུས་རྒྱུད་བཞིའི་དགོངས་པ་ལྟར་ཟངས་ཐལ་བཏང་དགོས་པ་ནི།  ཟངས་ཐལ་མེད་ན་དངུལ་མི་ཆགས་ཞེས་གསུངས་ཡོད།
   དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར་ལྗོངས་སྨན་རྩིས་ཁང་གི་ལྕགས་པར་རྒྱབ་པའི་རིན་ཆེན་གྲང་སྦྱོར་བཏང་ཐབས་ཀྱི་མཇུག་ཏུ་ཕན་བདེའི་འབྱུང་གནསལས་ཞེས་པ་དེ་ཁ་གསལ་དོན་འདུས་བྱ་སླ་ཞིག་ཡིན་པས་ཞུས་ནས་དེའི་ཐབས་བྲིས་ན།
   སྔོན་དུ་སྡུད་སྨན་ཐང་ཆེན་ཉེར་ལྔ་དེ།  །བསྡུས་རྟགས་མ་བྱུང་བར་དུ་གཏོང་དུ་རབ།  །འོན་ཏེ་སང་ཉིན་གཏོང་བའི་དོ་ནུབ་ནས།  །སྔ་ཙམ་ལྟོ་ཆས་ཟ་འཐུང་ཐག་བཅད་ལ།  །རྩ་ཁ་འབྱེད་བྱེད་གཡེར་མའི་ཐང་བཏང་ནས།   །ནད་མེད་བཅུད་ལེན་ཡིན་ན་གར་ཆང་དང་།  །ནད་ཅན་སྨུག་པོ་ཚད་རྙིང་ལ་སོགས་ནི།  །ཚྭ་བུལ་མེད་པའི་ཇ་བཟང་ཁུ་བ་དང།  །ཆུ་སེར་གྲུམ་བུ་སྐྱ་རྦབ་གྲང་ཤས་ཅན།  །ཆང་ངམ་ཡང་ན་སེ་འབྲུའི་ཁུ་བ་དང་། །སྨན་འདྲེད་བྱེད་དང་སྤྱི་ལ་ཆུ་ཁོལ་མ། །མཆིན་པའི་ནད་ལ་གུར་གུམ་ཁུ་བ་སོགས། །གང་རུང་ནད་གཞིར་བསྟུན་པའི་སྨན་རྟ་ལ། །དོ་ནུབ་རིལ་བུ་ནུབ་ཙམ་སྦངས་བཞགས་སྟེ།  །ཕྱི་ཉིན་ནམ་སྨད་ཆུ་ཚོད་ལྔ་ཙམ་ལ།  །སྦངས་པའི་རིལ་བུ་ཐུར་མས་ཞིབ་ཏུ་བསྣུར།  །ཆུ་སྐོལ་ཕྲན་ཙམ་བླུད་པའི་བཏང་རྗེས་སུ།  །ཉལ་གོས་དྲོན་པོ་གྱོན་ནས་རྔུལ་ཐོན་དགོས། །དེ་རྗེས་རྩ་ཁ་སྡོམ་བྱེད་མར་གསར་བ། །བཙག་བཅད་སྒོང་ཤུན་གང་ལ་གུར་གུམ་དང་།  །དོམ་མཁྲིས་ཕྲན་བཏབས་པ་ནི་འཐུང་དགོས་སོ།  །སྨན་འདི་བཏང་རྗེས་དུག་གི་ངོ་བོ་དེ།  །ག་དུས་བྱུང་ཡང་དེ་རྟགས་བཤལ་སྐྱུག་བྱེད།  །ཡང་ན་གྲོད་པ་འཁྲོག་ཅིང་སྒྲེགས་སྐྱུག་ལ།  །གླ་རྩིའི་དྲི་བྲོ་འབྱུང་བས་དེ་མ་ཐག  །དུག་སྦྱོང་ཨ་རུའི་གསེར་བཤལ་གང་བདེར་གཏོང་།  །དུག་དང་སྨུག་པོ་ཀུན་ལ་མཆོག་ཏུ་བསྔགས། །དེ་རྗེས་སྨན་འདི་སླར་ཡང་བཏང་ན་ལེགས།  །ཟས་ནི་སྔོ་ངད་རུལ་སྐྱུར་ཤ་རྗེན་དང་། །ནང་ཆའི་རིགས་དང་ཉ་ཤ་བྱ་སྒོང་དང་།  །ཤིང་འབྲས་ཚུར་དང་ཇར་ཡུ་ཆང་སྐྱུར་སོགས།  །རབ་ན་ཉིན་བདུན་ཐ་མར་གསུམ་འཛེམ་དགོས།  །སྤྱོད་ལམ་བརླན་བཤེར་ཆུ་བརྒལ་ལུས་འཛེམ་བྱ།  །ཉར་ཚགས་བྱེད་དུས་རིལ་བུར་དཀར་ཆ་དང་།  །རླུང་དང་བཞག་རླན་མ་ཕོག་གལ་ཆེ་ཡིན།  །ཞེས་གསུངས་ཡོད།  དེ་ཡང་སྡུད་སྨན་གཏོང་བ་སྟེ།  དུག་དང་སྨུག་པོ་ཚད་རྙིང་སོགས་ཀྱི་ནད་རྣམས་བྱེར་བ་སྡུད་པ་དང་།  ཟས་དང་སྤྱོད་ལམ་སོགས་ཀྱི་འཛེམ་བྱར་འཛེམ་ན་སྨན་ནུས་བསྐྱེད་པ་དང་།  སྨན་རྟ་གང་རུང་གིས་རྩ་ལམ་དུ་སྨན་ནུས་ཁྲིད་པ་དང་།  སྨན་དེ་སྦངས་ནས་འཐུང་ན་རྩ་ལམ་དུ་རྒྱུ་བདེ་བ་དང་།  སྨན་དེ་ཐོ་རངས་སུ་བཏང་ན།  སྐར་རྩིས་ལས་བདུད་རྩི་ཐུན་མཚམས་ཞེས་པའི་དུས་དེར་སྐར་༢༠ཙམགང་བཏུང་བ་དེ་བདུད་རྩིར་འགྱུར་ཞེས་པ་དང་།  སྔ་ཉིན་གྱི་བཟའ་བ་དང་བཏུང་བ་རྣམས་སྨད་དུ་རྒྱུ་ལོངསོང་བའི་ཕོ་བ་གཙང་དག་དང་།  ཕོ་བར་རྨ་སོགས་ཀྱི་ནད་ཡོད་པའི་སྟེང་དུ་ཁེལ་བ་དང་།  ལྟོ་སྟོང་ཡིན་པས་ཕོ་བས་སྨན་ལེན་མྱུར་བ་དང་།  རྔུལ་དབྱུང་བས་ནད་རླངས་ཕྱིར་ཕུད་པ་དང་།  དེ་བཞིན་དུ་རྩ་ཁ་འབྱེད་སྡོམ་སོགས་ཀྱི་དགོས་པ་རྣམས་རེ་རེ་བཞིན་ངོ་སྤྲོད་མ་བྱས་ན་མང་ཆེ་བས་མི་ཤེས་པ་མ་ཟད་རིག་པ་འདི་རྗེས་མེད་དུ་འགྲོ་བའི་ཉེན་ཁར་ཐུག་འདུག་སྙམ་མོ།  །
   སྐབས་འདིར་ཆོས་ཉིད་མི་འགྱུར་རྡོ་རྗེར་བདེན་པ་བདར་ནས་སྨན་སྒྲུབ་ཀྱི་ཆོ་ག་བསྒྲུབ་ཚུལ་དང་།  ཁ་ཤར་བལྟས་ཀྱི་ལུང་བ་རུ་ཆུ་མིག་ལུ་མའི་མཚན་ཉིད་ཡན་ལག་བརྒྱད་ཅན་དང་གནས་ཁང་བྱིན་རླབས་ཅན་དེ་ཕྱི་དོར་སོགས་འཁོར་ཡུག་གི་ཁྱད་ཆོས་དང་།  དམ་ཉམས་དམེ་ཅན་དུག་སྦྱོར་མཁན་དང་ཁྱི་དང་བུད་མེད་བྱི་ལ་སོགས་འགྲུལ་སྲུང་གི་རྣམ་བཞག་དང་།  མདོ་སྔགས་ཀྱི་ལུགས་ལྟར་གྱི་སྨན་འདྲེན་མཁན།  སྨན་པ་ནད་པ་གཡོག་གསུམ་གྱི་ཀུན་སློང་དང་གཙང་སྦྲ།  གཟའ་སྐར་གྱི་བཟང་ངན་སོགས་བཤད་མེད་པ་དང་།  ནམ་མཁས་མ་མཐོང་བ་ཞེས་པར་དཀར་ཆ་མ་ཕོག་པ་ཞེས་དང་།  ཐོ་རངས་ལ་ནམ་སྨད་ཆུ་ཚོད་ལྔ་ཞེས་དང་།  འཛེམ་བྱའི་སྐོར་ལ་ཚུར་དང་ཇང་ཡུ་ཞེས་གསར་ཚིག་འགའ་ཡོད་པ་འདི་དག་ཀུན་དུས་འགྱུར་གྱི་དབང་གིས་ཡིན་སྙམ།
   བརྡ་གཏོང་གི་དུས་རབས་ཞེས་དུས་རབས་ཉེར་གཅིག་པ་འདིར་རིག་གནས་ཡོད་ཚད་རྒྱལ་སྤྱིའི་སྤྱི་ནོར་ཡིན་པས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་པའི་དུས་འདིར་རང་ཅག་གིས་ཀྱང་ནུས་ཤུགས་གང་ཡོད་འདོན་ནས་གསོ་རིག་འདི་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་ལ་བརྩོན་དགོས་པའི་ལས་འགན་དེ་དེང་དུས་ཀྱི་བོད་སྨན་ལས་རིགས་པའི་མི་རྣམས་ཀྱི་ཕྲག་ལ་བབས་ཡོད་པ་རེད།  སྨན་པའི་ལེའུ་ལས། གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད།  །ལག་ལེན་ཀུན་ལ་ཐོག་བརྡུགས་ཉམ་ང་མེད།  །རིག་པས་དཔྱོད་ཤེས་མངོན་ཤེས་ཕྲ་མོ་འཆར།  །དེ་ཉིད་རྒྱུ་ཡི་ནང་ནས་མཆོག་ཅེས་བྱ།  །ཞེས་གསུངས་པ་ལྟར་གྱི་ནུས་པ་ཐོན་མཁན་རེ་ཡོད་ན། དེས་བོད་སྨན་དེ་དར་སྤེལ་གཏོང་ཐུབ་པ་གདོན་མི་ཟ་བ་ཡིན།  དེ་འདྲ་ཐོན་དཀའ་ནའང་ཀུན་ལ་བསམ་པ་དེ་ཡོད་ན་མང་བོས་བཅག་ན་སྡོང་བོ་ཡང་ཞེས་པའི་དཔེ་ལྟར་མ་འབད་པའི་བཟང་ཡིན་པ་བཤད་མ་དགོས་པ་རེད། དེ་ཡང་གྲོང་ཁྱེར་ཁག་ལ་མི་རིགས་མང་བས་རྒྱ་སྐད་ཀྱིས་འགྲེལ་བཤད་རྒྱག་དགོས་པའི་སྐབས་འདིར་འགྱུར་མ་ལེགས་ན་ཚིག་མཚོན་ཁུར་ངེས་ཡིན།  དཔེར་ན་རླུང་ཞེས་པ་ཐད་བསྒྱུར་གྱིས་སྤོང་(风)ཞེས་ཚེ།  ཁྱེད་ཚོའི་དེ་ལ་ཕྱི་རོལ་ཡུལ་གྱི་ཚད་གཞི་མེད་ཅེས་བཤད།  རྗེས་སུ་ནུབ་ལུགས་དང་གྲུང་ལུགས་ལ་བལྟས་དུས།  ནུབ་ལུགས་པའི་དབྱང་རླུང་(氧气)དང་།  གྲུང་ལུགས་པའི་ཆེས་(气)གཉིས་ཀྱི་བྱེད་ལས་སོགས་ང་ཚོའི་རླུང་དང་མཐུན་ས་མང་བས་དེ་ལུགས་ཀྱིས་བརྗོད། གཞན་ཡང་སྨན་རྣམས་ནམ་མཁས་མ་མཐོང་བ་ཞེས་བཤད་དུས།  གནམ་ལ་མིག་ཡོད་དམ་ཞེས་བཤད།  དེ་ལ་འོད་མི་རྒྱག་པ་ཞེས་བཤད་དགོས་པ་ཡིན་འདུག  དེ་ལྟར་བརྡ་མ་འབྱོར་བའི་ཆ་ནས་ཁ་རྨས་མང་བོ་ཁུར་དགོས་པ་འདུག་པས་རྒྱལ་ཡོངས་གཅིག་གྱུར་གྱི་གསོ་རིག་གི་བོད་རྒྱ་ཤན་སྦྱར་ཞིག་ཡོད་ན་སྙམ་པའི་བློ་སྐྱེའོ།  །
   དུས་འགྱུར་གྱི་དབང་གིས་ས་སྒང་རིལ་བུའི་སྟེང་གི་ནད་པ་སུ་ཡིན་ཡང་སྨན་བཅོས་བྱེད་པའི་རེ་འདུན་དེ་ཉིན་རེ་ལས་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་སྟབས་ཀྱིས་སྨན་པར་དཀའ་ཁག་བཟོ་བ་ཇེ་མང་ཡིན་པས་སྨན་པ་དང་ནད་པའི་འབྲེལ་ཚུལཞེས་པའི་དེབ་གསར་འདེབ་བཞིན་ཡོད་ལ།  དེའི་ནང་དོན་གཙོ་བོ་སྨན་པའི་རྣམ་འགྱུར་ཡག་དགོས་པའི་སྐོར་བཤད་ཡོད་ལ། ལྷག་པར་དུ་ངག་ཚིག་སྙན་དགོས་པའི་སྐོར་བཤད་ཡོད།  དེའི་སྐོར་རང་རེའི་གསོ་རིག་ལས་མང་བོ་བསྟན་ཡོད་ལ།  ལྷག་པར་དུ་རྣམ་པ་བཟོ་བའི་སྐབས་ལས། ལག་པས་བཟོ་བ་སྨན་དཔྱད་བཟོ་ལ་མཁས།  །ངག་ཚིག་སྙན་པས་ནད་པ་སྤྲོ་སྐྱེད་ནུས།  །རིག་པ་བཀྲ་བས་ཡིད་ལ་མ་རྨོངས་གསལ། །ཞེས་སོགས་གསུངས་ཡོད་པའི་བདུད་རྩིའི་རོ་ལ་མྱང་ནས་དེ་དག་ནད་ཐོག་ལག་ལེན་གྱི་གནད་སྒོར་འཇོག་པ་ནི་རྒན་པོའི་ངག་སྒོ་ལས་ཐལ།  འདི་ལ་གསོ་རིག་གི་ལས་ལ་བརྩོན་མཁན་རྣམས་ཀྱིས་ཉམས་འཇོག་རེ་བྱེད་པ་བཀའ་དྲིན་ཆེ་ཞུ་ཞུ།  །
སླར་སྨྲས་པ།
          བློ་གྲོས་དམན་ཡང་བཟང་བོའི་མཛད་རྗེས་སུ། །
          ཚུལ་ཙམ་འཇུག་འདི་ནད་པའི་དོན་ཡིན་ཡང་།  །
          སྙན་པའི་གདངས་དང་ཚིག་སྦྱོར་མ་ལེགས་པས།  །
          མཁས་དབང་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས།  །
   ཞེས་པ་འདི་ནི་སྨན་པ་འབུམ་རམས་པ་རྒན་པའི་མིང་འཛིན་རྔ་བ་བློ་ཚུལ་དུ་འབོད་པས་རྔ་ཁུལ་མི་དམངས་སྨན་ཁང་གི་ལས་ཞོར་དུ་བྲིས།

བློ་བཟང་ཚུལ་ཁྲིམས།  རྔ་བ་ཁུལ་མི་དམངས་སྨན་ཁང་གི་བོད་སྨན་སྡེ་ཁག་ཏུ་ཕྱག་ལས་གནང་མྱོང་།

相关热词搜索:

上一篇:༄༅། །སྣང་ཞིག་ཅོག་ལོ་དགོན་པའི་བྱུང་རབས་གནད་བསྡུས།
下一篇:最后一页

分享到: